རྒྱ་ནག་གཞུང་གིས་ཡུལ་ཤུལ་ནང་ཆེན་རྫོང་ཟུར་མང་དགོན་པའི་དགེ་འདུན་པ་ ༨ ལ་ནག་ཉེས་ཅི་ཡིན་གསལ་ཁ་མེད་པར་འཛིན་བཟུང་བྱས་འདུག
བོད་ནས་ཁ་པར་བརྒྱུད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་དམར་ཕྱོགས་ཚོགས་པ་བཙུགས་ནས་ལོ་ ༩༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ། རྒྱ་ནག་གཞུང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོལ་ཁུལ་ནང་ཆེན་རྫོང་ཟུར་མང་ཞང་ས་གནས་མི་མང་ལ་ཡུལ་དེའི་ས་འགུལ་གནོན་སྐྱོན་བྱུང་ཡུལ་གྱི་བསྐྱར་གསོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་། རྒྱ་དམར་ཕྱོགས་བཙུགས་པའི་མཛད་སྒོ་བཅས་བཅས་དུས་ཆེན་གཉིས་འཛོམས་ཀྱི་ཚུལ་དུ་དགའ་སྟོན་མཛད་སྒོ་ཞིག་ཚོགས་ཏེ། འཛམ་གླིང་མི་མང་ལ་ཁྱབ་བསྒྲགས་བྱ་རྒྱུའི་དམིགས་ཡུལ་ཐོག་མི་མང་ལ་བཀོད་ཁྱབ་བཏང་ཡོད་ཀྱང་། ས་གནས་མི་མང་གིས་འདས་པའི་ས་ཡོམ་གོད་ཆགས་ཁྲོད་ཡུལ་མི་སྟོང་ཕྲག་མང་པོ་ཤི་རྨས་བྱུང་བའི་དབང་གིས་ཁོང་ཚོ་དགའ་སྟོན་གྱི་མཛད་སྒོར་ཞུགས་རྒྱུ་དང་ལེན་བྱེད་མི་ཐུབ་པའི་བཤད་ཡོད་པར་མ་ཟད། དམིགས་བསལ་སྦྱར་ཡིག་གི་ལམ་ནས་ཁྱབ་བསྒྲགས་བྱས་ཡོད་སྟབས། ཕྱི་ཚེས་ ༡༢ ཉིན་ས་གནས་ཉེན་རྟོག་པ་ནང་ཆེན་རྫོང་ཟུར་མང་དགོན་པའི་ནང་ཡོང་སྟེ་དགེ་འདུན་པ་ ༨ ལ་སློབ་གསོ་གཏོང་རྒྱུ་ཡིན་ཚུལ་ལ་ཁ་གཡར་ཏེ་འཛིན་བཟུང་བཙན་འཁྲིད་བྱས་འདུག ད་དུང་དགོན་པའི་མཁན་པོ་དང་བླ་སྤྲུལ་ཁག་ཅིག་ལ་འཛིན་བཟུང་གི་བརྡ་ཁྱབ་ཀྱང་བཏང་ཡོད་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་པ་དེ་དག་ནི། ཀརྨ་བསམ་གཏན་དང་འཇིགས་གྲགས། ཤེས་རབ། སྐལ་ཡོན་མཐར་ཕྱིན། ཨོ་རྒྱན་སྟོབས་རྒྱལ། ཀརྨ་བཟོད་པ། ཀརྨ་སྨོན་ལམ། རྡོ་བསྟན་བཅས་ཡིན་པ་དང་། ཁོང་ཅག་དགོན་པ་ནས་འཛིན་བཟུང་བྱས་རྗེས་ནང་མིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་མི་འདུག
དགོན་པ་དེ་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དང་སྐྱེ་རྒུ་རྫོང་གི་བར་མཚམས་དང་ནང་ཆེན་རྫོང་དང་བར་ཐག་སྤྱི་ལེ་ ༦༠ ལྷག་གི་མཚམས་སུ་ཡོད་ཅིང་། ད་ལྟའི་ཆར་དགོན་པ་དེའི་ནང་གྲྭ་བ་ ༣༠༠ ལྷག་ཡོད་འདུག
གསར་འགོད་པ། དོན་གོ
གདུང་སེམས་མཉམ་སྐྱེད་གཙང་མ་ཡོད། བོད་རྒྱལ་ལོ།