མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་རྒྱལ་ཁབ་ཀྱང་མི་མང་ལ་དབང་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་སྡེ་ཚན་གྱིས་༸གོང་ས་མཆོག་ལ། ཉེ་ལམ་བོད་པའི་ཆབ་སྲིད་ཀྱི་འགན་དབང་མཚམས་འཇོག་གནང་བ་དང་། བོད་རྒྱའི་བར་གྱི་གནད་བཅས་ཀྱི་སྐོར་ལ་བཅར་འདྲི་གནང་གནང་བའི་བཀའ་ལན་འདིར་བཀོད་ཡོད།

ཉིན་ཞཱང་། འདས་པའི་ཟླ་བཞིའི་སྔོན་ནས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་བ་ནས་བཟུང་། སྐུ་ཉིད་ཀྱི་འཚོ་བའི་ནང་འགྱུར་བ་ག་རེ་བྱུང་སོང་ངམ།

༸གོང་ས་མཆོག  དམིགས་བསལ་གྱི་འགྱུར་བ་ཆེན་པོ་བྱུང་མ་སོང་། རྒྱུ་མཚན་ནི།  ཕྱི་ལོ་ ༢༠༠༡ ནས་བཟུང་ང་ཚོའི་ཆབ་སྲིད་ཀྱི་འགན་དེ་འོས་བསྡུ་བྱས་པའི་མགོ་ཁྲིད་ཀྱིས་གནང་ནས་ལོ་བཅུ་ཕྱིན་པ་རེད།  དུས་ཡུན་དེའི་རིང་ཆབ་སྲིད་ཀྱི་ལས་དོན་དང་ཐག་གཅོད་གཙོ་བོ་མི་མང་གིས་བདམས་པའི་མགོ་ཁྲིད་ཀྱིས་གནང་བཞིན་ཡོད་པ་ལས་ངོས་ཀྱིས་བྱེད་ཀྱི་མེད། དེར་བརྟེན། ངོས་ཀྱི་འཚོ་བའི་ནང་འགྱུར་བ་ཆེན་པོ་དེ་འདྲ་བྱུང་མ་སོང་། ཡིན་ནའང་། ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་བྱས་རྗེས་བློ་བདེ་བག་ཕེབས་ཀྱི་སེམས་ཚོར་བྱུང་སོང་། ད་ལྟ་ངོས་ཀྱིས་དུས་ཚོད་དང་ནུས་པ་གང་ཡོང་བཏོན་ཏེ། རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྒྲུབ་འོས་པའི་གལ་ཆེའི་ལས་འགན་དག་གནང་གི་ཡིན། ངོས་ཀྱི་བསམ་པར་མིའི་འཚོ་བར་བདེ་སྐྱིད་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་བདེ་སྐྱིད་ཀྱི་འབྱུང་ཁུངས་མཐར་ཐུག་དེ་ང་ཚོ་འགྲོ་བ་མི་རང་ཉིད་ཀྱི་སྟེང་ན་ཡོད་པ་རེད། མི་མང་པོ་ཞིག་གིས་དེ་ལྟར་བསམ་གྱི་མི་འདུག  ཁོ་ཚོས་བསམ་པར་དངུལ་དང་ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ན་ནི་བདེ་སྐྱིད་ཀྱི་གཞི་རྩར་འཛིན་གྱི་འདུག  དེ་ནི་ནོར་འཁྲུལ་རེད། དེར་བརྟེན། ཁོ་ཚོ་ཆོས་ལ་དད་པ་ཡོད་མེད་ཀྱི་རྒྱུ་མཚན་ལ་མ་ལྟོས་པར། མི་མང་ལ་སློབ་སྟོན་གནང་རྒྱུ་དེ་ངོས་ཀྱི་གཞི་རྩའི་དམིགས་ཡུལ་ཡིན། ངོས་ཀྱིས་སྒྲུབ་བཞིན་པའི་ལས་དོན་གཉིས་པ་ནི་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན། ད་ལྟ་ངོས་ཀྱིས་ལས་དོན་འདི་གཉིས་ཀྱི་ཐད་དུས་ཚོད་མང་ཙམ་གཏོང་གི་ཡིན།

 

ཉིན་ཞཱང་། སྐུ་ཉིད་རྒས་ཡོལ་གནང་བ་འདིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་སྲིད་གཞུང་བར་གྱི་འབྲེལ་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་དམ། མ་འོངས་པར་སྐུ་ཉིད་མཐའ་གཅིག་ཏུ་བརྒྱུད་རིམ་འདི་ལས་ཕྱིར་འབུད་རྒྱུ་ཡིན་ནམ།

༸གོང་ས་མཆོག  ཐེ་གཏོགས་གནང་གི་མིན། ངོས་ཀྱིས་དེའི་ཕྱོགས་ཀྱི་ལས་འགན་འཁྱེར་རྒྱུ་མིན། ཡིན་ནའང་། མགོ་ཁྲིད་གསར་པར་ངོས་ཀྱི་རོགས་རམ་གནང་དགོས་བྱུང་ཚེ། ངོས་ག་དུས་ཡིན་ཡང་རོགས་རམ་གནང་ན་འགྲིག་གི་རེད།    

 

ཉིན་ཞཱང་། སྐུ་ཉིད་དང་རྒྱ་ནག་གཞུང་བར་ལོ་ངོ་དྲུག་ཅུའི་རིང་འབྲེལ་བ་གནང་ཡོད་པ་རེད། ལོ་ངོ་དྲུག་ཅུའི་ཉམས་མྱོང་ཁྲོད་སྐུ་ཉིད་ལ་ངོས་ཟིན་ག་རེ་ཐོབ་སོང་ངམ།

༸གོང་ས་མཆོག  ལོ་ངོ་དྲུག་ཅུའི་བརྒྱུད་རིམ་ཡོད་པ་རེད།  ངོས་ཟིན་དང་པོ། སྔོན་ཆད་ངོས་རང་མ་ཁི་སི་རིང་ལུགས་ལ་མོས་གུས་ཡོད། སྐབས་དེར་ངོས་རང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་འདུན་ཆེན་པོ་བྱུང་། ༼བཞད་མོ་བཞད༽ དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་ངོས་ཐད་ནས་བཤད་ན། ངོས་རང་ད་ལྟའང་མ་ཁི་སི་རིང་ལུགས་པ་ཞིག་ཡིན། འདི་ནི་ཤུགས་རྐྱེན་གཅིག་རེད།  དེའི་རྗེས། ལོ་རབས་ ༥༠ པའི་དུས་དཀྱིལ་ནས་གནས་སྟངས་ལ་འགྱུར་ལྡོག་བྱུང་སོང་། ཁོ་ཚོས་ཁ་ནས་བཤད་པ་སྙན་མོ་ཡིན་ནའང་། ལག་ནས་སྒྲུབ་པ་དེ་ལྡོག་པ་ཞིག་ཡིན་པ་དེ་གསལ་བོ་རེད། ངོས་རང་གཡོ་རྫུན་ལ་དགའ་བོ་མེད། ཁོ་ཚོས་འདས་པའི་ལོ་ ༥༠ ནང་དྲག་གནོན་ཤུགས་ཆེན་པོ་བྱས་པ་རེད། དེར་བརྟེན། ངོས་རང་སེམས་གཏིང་ནས་དམངས་གཙོ་དང་རང་དབང་ལ་གུས་བརྩི་དང་དགའ་མོས་བྱུང་སོང་།  

 

ཉིན་ཞཱང་། སྐུ་ཉིད་ཀྱིས་མོ་ཙེ་ཏུང་ནས་ཧོ་ཅིན་ཐའོ་བར་གྱི་རྒྱ་ནག་མགོ་ཁྲིད་རིམ་པ་བཞི་བོར་འབྲེལ་བ་གནང་མྱོང་ཡོད་པ་རེད། ང་ཚོས་ཤེས་གསལ་ལ་མི་འགྱངས་པར་ཞི་ཅིན་ཕེན་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་དུ་བསླེབ་འཆར་ཡོད་པ་རེད། སྐུ་ཉིད་ཁོའི་ཕྱོགས་ལ་མཐོང་ཚུལ་དང་། ཡང་ན་ཐུགས་རེ་ག་འདྲ་ཡོད་དམ།

༸གོང་ས་མཆོག  ངོས་རང་ཞིས་ཅིན་ཕེན་ལ་རྒྱུས་ཆེན་པོ་མེད། ཡིན་ནའང་། ངོས་རང་དང་ཁོའི་ཕ་ལགས་ཧ་ཅང་འདྲིས་པོ་ཡོད། ཁོང་ནི་མི་ཧ་ཅང་གི་བཟང་པོ་དང་ལྟ་བ་གུ་ཡངས་ཅན་ཞིག་ཡིན། ཡིན་ནའང་།  ངོས་རང་ཞིས་ཅིན་ཕེན་དང་ཐུག་འཕྲད་བྱུང་མ་མྱོང་། མི་རེ་འགས་བཤད་ན།  ཞིས་ཅིན་ཕེན་ནི་གཞོན་དུས་ཀྱི་ཞིས་ཀྲུང་ཞོན་དང་འདྲ་བར་བསམ་བློ་གུ་ཡངས་པོ་ཡོད་པ་རེད་ཟེར། འོན་ཀྱང་། ངོས་རང་ཁོ་ལ་རྒྱུས་མངའ་མེད།

 

ཉིན་ཞཱང་། རྒྱ་ནག་མང་ཚོགས་མང་པོ་ཞིག་གིས་རྒྱ་གཞུང་གིས་དངུལ་འབོར་ཆེན་བཏང་སྟེ་བོད་ཁུལ་འཛུགས་སྐྲུན་བྱས་ཡོད་པར་རློམ་གྱིན་ཡོད་ལ། དེ་བཞིན་རྒྱ་ནག་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོ་ད་དུང་འདོད་བློ་ཚིམ་གྱི་མེད་པའི་རྒྱུ་མཚན་ཅི་ཡིན་པ་ཤེས་ཀྱི་མེད་པ་རེད། སྐུ་ཉིད་ཀྱི་བསམ་པར་བོད་རིགས་མི་མང་གིས་བཀའ་དྲིན་བསམ་ཤེས་བྱ་དགོས་པ་ཞིག་ཏུ་མི་མཐོང་ངམ།

༸གོང་ས་མཆོག   དེ་འདྲ་ཞིག་ལ་མཐོང་མ་སོང་། ང་ཚོ་ཚང་མ་མི་རེད། རྒྱ་ནག་མི་མང་ལ་མཚོན་ན་ཡང་གཅིག་མཚུངས་རེད། ཟ་འཐུང་དང་ཁང་ཁྱིམ་ཡོད་པ་ཙམ་གྱིས་འདང་གི་མ་རེད། ང་ཚོ་ནི་འགྲོ་བ་མི་རེད། ང་ཚོར་དེ་ཁོ་ན་ཙམ་མ་ཡིན་པར་དགའ་མོས་བྱ་སའི་རིན་ཐང་གཞན་ཡང་ཡོད་པ་རེད།  རྒྱ་གར་སྲིད་འཛིན་མཆོག་གིས་བློན་ཝ་ཤིན་ཊོན་དུ་འཚམས་གཟིགས་སྐབས་སུ། དཔལ་འབྱོར་གྱི་ཐོག་ནས་རྒྱ་གར་ནི་རྒྱ་ནག་དང་བསྡུར་ན་སྐྱོ་བོ་ཡོད། ཡིན་ནའང་། རྒྱ་གར་ལ་རྒྱ་ནག་ཏུ་མེད་པའི་དམངས་གཙོ་དང་། རང་དབང་། ཁྲིམས་ལུགས། ཕྱི་གསལ་ནང་གསལ། སྨྲ་བརྗོད་རང་དབང་། པར་སྐྲུན་རང་དབང་སོགས་གཞི་རྩའི་རིན་ཐང་མང་པོ་ཡོད། ཅེས་གསུངས་མྱོང་བ་ལྟར། འདི་དག་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་རེད།  རྒྱ་ནག་གི་སྲིད་བློན་ཝུན་ཇ་པའོ་ཁོ་རང་ཉིད་ཀྱིས་ཀྱང་མི་ཚོགས་འདུ་འཛོམས་ཀྱི་གནས་མང་པོ་ཞིག་ཏུ། འཛམ་གླིང་གི་དཔལ་འབྱོར་ཀྱི་ཁྱབ་ཁོངས་ནས་རྒྱ་ནག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད།  ད་ལྟ་ཆབ་སྲིད་བཅོས་བསྒྱུར་བྱ་དགོས་ཀྱི་འདུག་ཅེས་ཡོངས་ཁྱབ་ཀྱི་ཐོག་ནས་བསྒྲགས་པ་ཡོད་པ་རེད། དེ་བཞིན་ཁོ་རང་དང་མཚུངས་པར་ད་ལྟ་རྒྱ་ནག་ནང་རང་དབང་དང་འབྲེལ་བའི་སྐོར་ལ་གླེང་སློང་མང་པོ་ཡོང་གི་ཡོད་པ་རེད།

དེར་བརྟེན། བོད་མིའི་ངོས་ཐད་ནས་བཤད་ནའང་། བོད་མི་ཚོ་ཡང་མི་གཞན་དང་གཅིག་མཚུངས་རེད། ང་ཚོ་རང་དབང་ལ་དགའ་མོས་ཡོད། ད་ལྟ་བཀག་སྡོམ་འོག་སྡོད་དགོས་ཀྱི་ཡོད་སྟབས་མི་ཚང་མ་སྐྱིད་པ་ཡོང་གི་ཡོད་པ་མ་རེད། ང་ཚོ་བོད་པར་རང་གི་སྐད་དང་ཡི་གེ་ཡོད་ལ།  ང་ཚོའི་སྐད་དང་ཡི་གེའི་ནང་དུ་བརྗོད་བྱ་ཕུན་སུམ་ཚོགས་པའི་ནང་པ་སངས་རྒྱས་པའི་སྲོལ་རྒྱུན་རིག་གནས་དང་མཚན་ཉིད་ཀྱི་ལྟ་གྲུབ་ཡོད་པ་རེད། ཡིན་ནའང་། བོད་ནང་རྒྱ་གཞུང་གིས་རིག་གནས་འདི་དག་ལ་བཀག་སྡོམ་ཆེན་པོ་བཟོས་ཡོད་པ་རེད། ཁོ་ཚོས་བོད་པའི་ཆོས་དང་རིག་གཞུང་གི་སྒོ་རྒྱག་རྩིས་ཡོད་པ་རེད། དེ་ནི་བོད་མི་རིགས་ལ་མཚོན་ན་གནོད་འཚེ་ཆེན་པོ་ཞིག་རེད། འཚོ་གོས་དང་ཁང་ཁྱིམ་ནི་གཞི་རྩའི་དགོས་མཁོ་ཞིག་རེད། ཡིན་ནའང་། གཙོ་བོ་ནི་ང་ཚོའི་ཆོས་དང་རིག་གཞུང་རེད། ང་ཚོར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་བསམ་བློའི་དཔལ་ཡོན་ཡོད་པ་རེད།  གལ་སྲིད་ཁོ་ཚོས་ང་ཚོའི་རིག་གཞུང་དེ་དག་སྣང་མེད་གཡུགས་པ་ཡིན་ན། ཁྱོད་ལ་མཚོན་ནའང་སེམས་ཚོར་ག་འདྲ་ཞིག་སྐྱེས་སྲིད་རྒྱུ་རེད་དམ།

 

ཉིན་ཞཱང་། སྐུ་ཉིད་ཀྱིས་བརྗོད་པ་ལྟར་ད་ལྟ་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་ཆགས་ཡོད་པ་རེད། སྐུ་ཉིད་བསམ་བློའི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས། ད་ལྟའི་རྒྱ་ནག་མང་ཚོགས་ཀྱི་སེམས་ཁམས་དང་སྙིང་སྟོབས་ཀྱི་གནས་སྟངས་ལ་གདེང་འཇོག་ཅི་ལྟར་བྱེད་རྒྱུ་ཡིན་ནམ།

༸གོང་ས་མཆོག  ངོས་རང་གི་ཤེས་རྟོག་བྱུང་བའི་གནས་ཚུལ་དག་ལ་གཞིགས་ན། རྒྱ་གཞུང་དམར་ཤོག་པའི་མི་སྣ་མང་པོ་ཚུད་པའི་རྒྱ་རིགས་མང་པོ་ཞིག་གི་ནང་བསམ་བློའི་རིན་ཐང་ལ་སྔར་ལས་ལྷག་པར་དང་དོད་ཡོང་བཞིན་འདུག  ཉེ་བའི་ལོ་འགའི་རིང་རྒྱ་རིགས་མང་པོ་ཞིག་ངོས་ལ་ཐུག་ཏུ་བསླེབས་སོང་། ཁོང་ཚོས་ངོས་རང་མཐོང་བ་དང་རང་དབང་མེད་པར་མིག་ཆུ་གཏོང་གི་འདུག  ཁོང་ཚོར་ནང་པ་སངས་རྒྱས་པར་ལྷག་བསམ་རྣམ་དག་གིས་དད་གུས་ཡོད་པ་མཐོང་ཐུབ་ཀྱི་འདུག གོ་ཐོས་སུ་རྒྱ་ནག་ཏུ་ནང་པ་སངས་པ་དུང་ཕྱིར་ ༣ ཙམ་ཡོད་ཚོད་འདུག གང་ལྟར་རྒྱ་ནག་ནི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ནའང་ནང་པ་སངས་རྒྱས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ངོས་རང་ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ ལོའི་བར་རྒྱ་ནང་བསྡད་སྐབས་དེར། རྒྱ་ནག་ཏུ་དགོན་པ་ཧ་ཅང་མང་པོ་འདུག  འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་དངོས་པོའི་ལོངས་སྤྱོད་ཀྱི་ཚད་ཧ་ཅང་མཐོན་པོར་བསླེབས་ཡོད་པ་རེད། མི་མང་ལ་ཆ་རྐྱེན་ཡོད་ཚད་འཛོམས་ཡོད་པ་རེད། དངུལ་སྒོར་ཁྲི་བརྒྱ་ཕྲག་མང་པོ་ཅན་ཡོད་པ་རེད། ཡིན་ནའང་། ཁོ་ཚོར་ད་དུང་ཅི་ཞིག་འདང་གི་མེད་པའི་སེམས་ཚོར་འབྱུང་བཞིན་ཡོད་པ་རེད། ཁོ་ཚོའི་ཁྲོད་ཀྱི་མི་འགའ་ཤས་ཀྱིས་གཞི་ནས་ནང་བསམ་བློའི་ངོས་ཀྱི་རིན་ཐང་འཚོལ་སྙེགས་བྱེད་མགོ་རྩོམ་བཞིན་འདུག  དེ་བཞིན། རྒྱ་ནག་གི་དཔལ་འབྱོར་ཡང་གནས་རིམ་མཐོན་པོར་བསླེབས་ཡོད་ནའང་། ད་དུང་མི་མང་ལ་ཅི་ཞིག་གིས་འདང་གི་མེད་པའི་སེམས་ཚོར་འབྱུང་བཞིན་ཡོད་པ་རེད། དངུལ་སྒོར་ཁོ་ན་ཡོད་པ་ཙམ་གྱིས་འདང་གི་མ་རེད། དེང་སྐབས་མང་ཚོགས་ཁྲོད་རུལ་སུངས་ཀྱི་གནད་དོན་ཤུགས་ཆེན་འདུག   གནད་དོན་དེ་ཡིས་མི་མང་ལ་བསམ་བློའི་ཀུན་སྤྱོད་ཡག་པོ་ཞིག་མེད་པ་དེ་མངོན་གྱི་ཡོད་པ་རེད།

 

ཉིན་ཞཱང་། རྒྱ་ནག་གི་གཞོན་སྐྱེས་ཚོར་རང་ཉིད་ཀྱི་དཀའ་ངལ་མང་པོ་ཡོད་པ་རེད། ཁོས་རྒྱུ་མཚན་ཅི་ཞིག་ལ་བོད་ཀྱི་གནད་དོན་ལ་སེམས་ཁུར་བྱ་དགོས་པ་རེད་དམ།

༸གོང་ས་མཆོག  རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ལ་སེམས་ཁུར་བྱེད་ཀྱི་མི་འདུག  དེར་བརྟེན། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཀྱི་གནད་དོན་ལ་སེམས་ཁུར་བྱ་དགོས་པ་རེད། ངས་བསམ་ན། ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་པའི་རྒྱ་རིགས་ཚོར་མཚོན་ནས་བཤད་ན། བོད་པའི་ནང་ཆོས་དང་བོད་པའི་རིག་གཞུང་གིས་རྒྱ་རིགས་སྤུན་ཟླ་ཁྲི་སྟོང་མང་པོར་ཕན་ཐོགས་དང་སྤྱོད་སྒོ་ཡོད་པ་རེད།

 

ཉིན་ཞཱང་། ད་ལོ་ནས་བཟུང་དཀྱིལ་ཤར་ཡུལ་གྲུའི་ནང་དམངས་གཙོའི་ཚ་རླབས་ཤིག་འཕྱུར་བཞིན་པ་འདིའི་གནས་སྟངས་ཀྱི་ཐད་སྐུ་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད།  སྐུ་ཉིད་གཟིགས་ཚུལ་ལ་དམངས་གཙོའི་ཚ་རླབས་འདིས་རྒྱ་ནག་དང་བོད་མི་རིགས་ལ་རྟོག་སད་ག་འདྲ་ཞིག་བསྐྱེད་སྲིད་དམ།  

༸གོང་ས་མཆོག   བྷར་ལིན་རྩིག་གྱང་འགྱེད་པ་ནས་བཟུང་། སྒེར་གཅོད་ལམ་ལུགས་ལ་མ་འོངས་པར་ལམ་ཁ་མེད་པ་དེ་ང་ཚོས་མཐོང་ཐུབ་པ་ལྟར་རེད། འཛམ་གླིང་ནི་ཅིས་ཀྱང་མི་མང་ལ་དབང་སྟབས། རྒྱལ་ཁབ་སོ་སོ་ཡང་མི་མང་ལ་དབང་དགོས་པ་ལས། ཆབ་སྲིད་ཤོག་པ་རེ་ཟུང་དང་། རྒྱལ་བོ་དང་དབུ་ཁྲིད་རེ་ཟུང་ལ་དབང་གི་མ་རེད། དེ་བཞིན་རྒྱ་ནག་རྒྱལ་ཁབ་ཀྱང་མི་མང་ལ་དབང་དགོས་པ་རེད། དེར་བརྟེན། རྒྱལ་ཁབ་འཛིན་སྐྱོང་བྱེད་ཐབས་ཆེས་ལེགས་ཤོས་ནི་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས།   མི་དམངས་རང་གིས་རང་ལ་བདག་སྐྱོང་གནང་རྒྱུ་དེ་རེད། འདི་ནི་ཆེས་ལེགས་པའི་ཐབས་ལམ་དེ་རེད། མ་འོངས་པར་འཛམ་གླིང་ཡོངས་རྫོགས་སྔར་ལས་ལྷག་པར་གུ་ཡངས་པོ་དང་དམངས་གཙོ་ཅན་དུ་འགྱུར་ངེས་རེད།

 

ཉིན་ཞཱང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དཀྱིལ་ཤར་ཡུལ་གྲུའི་ནང་ཤུགས་རྐྱེན་སྤྲོད་སྟངས་ཐད་སྐུ་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

༸གོང་ས་མཆོག  ཐོག་མར་གནས་ཚུལ་འདི་ཧ་ཅང་རྙོག་འཛིང་ཅན་ཞིག་རེད། ང་ཚོས་ཞིབ་འཇུག་ལེགས་པོ་གནང་རྗེས་ཐག་གཅོད་དགོས། དཔེར་ན། ཨི་རག་དང་ཨབ་གྷན་ལ་ཤུགས་རྐྱེན་སྤྲོད་ཀྱིན་པ་དེའི་ཀུན་སློང་ཡག་པོ་འདུག   ངོས་ཀྱིས་ཨ་རིའི་སྲིད་འཛིན་བྷཱུ་ཤི་ངོ་ཤེས་ཀྱིན་ཡོད། ཁོང་མི་ཡག་པོ་ཞིག་རེད།  ཁོང་གི་ཀུན་སློང་ཡག་པོ་ཡོད་པ་དེ་ངོས་ཀྱིས་ཤེས་ཀྱི་ཡོད། ཡིན་ནའང་། ཤུགས་རྐྱེན་སྤྲོད་པའི་ཐབས་ལམ་གྱི་ཐད་ནས་གནད་དོན་མི་ཉུང་བ་ཞིག་ལྷག་ཡོད་པ་རེད།  དེར་བརྟེན།  ང་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟས་ཏེ་ཐག་གཅོད་དགོས་པ་རེད། 

 

ཉིན་ཞཱང་། ཐེངས་འདིར་ཁྱེད་རང་ཝ་ཤིན་ཊོན་དུ་གནས་བཞུགས་ཀྱི་དུས་ཡུན་ད་དུང་ཉིན་བཞི་འདུག  ཉེ་བའི་ཆར་ཨ་རིའི་ཕོ་བྲང་དཀར་པོས་ཁྱེད་ཉིད་ཨོ་བྷ་མ་དང་མཇལ་འཕྲད་ཀྱི་གདན་ཞུ་གནང་མ་སོང་། དེའི་ཐད་སྐུ་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད།

༸གོང་ས་མཆོག  ཐེངས་འདིར་ཨ་རིར་བཅར་བའི་དམིགས་ཡུལ་གཙོ་བོ་ནི་ཆོས་ཀྱི་བྱེད་སྒོ་ཁོ་ནའི་ཆེད་ཡིན། ངོས་རང་དང་ཨ་རིའི་སྲིད་འཛིན་གཉིས་འདྲིས་པོ་ཡོད། གལ་སྲིད་ཐུག་འཕྲད་ཀྱི་གོ་སྐབས་འདྲ་བྱུང་བ་ཡིན་ན། དེ་ནི་རང་བཞིན་གྱིས་དགའ་འོས་པ་ཞིག་རེད།

 

ཉིན་ཞཱང་། ཉིད་ཀྱི་སྐུ་ཚབ་དང་པེ་ཅིན་བར་ཐེངས་མང་པོར་འབྲེལ་མོལ་གནང་ཟིན་པ་རེད།  སྐུ་ཉིད་ཀྱིས་ད་དུང་རྒྱ་ནག་དཔོན་རིགས་དང་འབྲེལ་མོལ་མུ་མཐུད་གནང་དགོས་པའི་དོན་སྙིང་ཅི་ཞིག་གཟིགས་ཀྱི་ཡོད་དམ། 

༸གོང་ས་མཆོག  རྒྱ་ནག་གཞུང་གིས་ངོས་ལེན་གནང་དང་མ་གནང་གང་ལྟར་ཡང་། ཕྱོགས་མང་པོ་ཞིག་ན་དཀའ་ངལ་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། དེ་ནི་འཛམ་གླིང་མི་མང་དང་རྒྱ་མིི་རིགས་ཚང་མས་ཤེས་གསལ་ལྟར་རེད། ཁོ་ཚོས་དཀའ་ངལ་འདི་ངེས་པར་དུ་སེལ་ཐབས་བྱ་དགོས་པ་ཞིག་རེད། གལ་སྲིད་དཀའ་ངལ་ཡོད་པ་ཤེས་བཞིན་དུ་སེལ་ཐབས་མི་བྱེད་པ་དང་། ཡང་ན། བཙན་གནོན་དྲག་ཤུགས་ཁོ་ན་བེད་སྤྱོད་གཏོང་བཞིན་པ་དེ་ནི་ལྐུགས་རྟགས་ཚ་བོ་ཞིག་རེད། དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་གང་ལྟར་རྒྱ་ནག་གཞུང་གིས་ལུགས་མཐུན་གྱི་ཐབས་ལམ་ཞིག་བཙལ་ཏེ་དཀའ་ངལ་འདི་སེལ་ཐབས་བྱ་དགོས་ཆགས་ཡོད།  དེར་བརྟེན།  ངོས་ཀྱི་བསམ་པར་དེ་ནི་དུས་ཚོད་ཀྱི་གནད་དོན་ཙམ་མ་གཏོགས། ནམ་ཞིག་རྒྱ་གཞུང་གིས་དཀའ་ངལ་འདི་ངོས་ལེན་གྱིས་ཐག་གཅོད་ངེས་རེད།

 

ཉིན་ཞཱང་། སྐུ་ཉིད་ཀྱིས་རྒས་ཡོལ་བྱས་པ་བསྒྲགས་ཟིན་པ་རེད། འོ་ན།  མ་འོངས་པར་ཉིད་ཀྱི་སྤྲུལ་སྐུ་གང་དེས་རྣམ་པ་གང་རུང་གི་ཐོག་ནས་ཆབ་སྲིད་ལས་དོན་ཁྲོད་ཚབ་ཞུགས་གནང་གི་མ་རེད་དམ།

༸གོང་ས་མཆོག  གནང་གི་མ་རེད། ངོས་རང་རྒས་ཡོལ་བྱས་པ་འདིས་དུས་རབས་བཞིའི་རིང་གི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་འགན་འཁུར་བའི་ལམ་ལུགས་དེ་དོན་གྱིས་མཇུག་སྒྲིལ་བ་ཞིག་རེད། ངོས་ཀྱིས་གོང་དུ་གླེང་ཟིན་པ་ལྟར། བོད་དེ་བོད་མི་དམངས་ལ་དབང་གི་རེད། བོད་གཞུང་དང་། ཡང་ན་བོད་དང་བོད་མིར་རོགས་སྐྱོར་བྱེད་མཁན་སྒྲིག་འཛུགས་ཚང་མས་དམངས་གཙོའི་ལམ་ལུགས་ཐོག་ཏུ་བསྐྱོད་དགོས་པ་རེད།  དེ་ཡང་དགའ་བཞིན་སྤྲོ་བཞིན་སྤོབས་པའི་ངང་ནས་ལོ་ངོ་ ༤༠༠ ལྷག་གི་ལམ་སྲོལ་འདི་ངོས་ཀྱིས་མཇུག་བསྡུས་པ་ཡིན། གལ་སྲིད་མི་མང་གིས་ལམ་སྲོལ་འདི་དགོས་ཀྱི་འདུག་བསམ་ན་མུ་མཐུད་རྒྱུན་སྐྱོང་གནང་གི་རེད། ཡིན་ནའང་། ད་ལྟ་དང་མ་འོངས་གང་གི་ཆར་ཡང་ཏཱ་ལའི་བླ་མས་དེའི་ནང་ཚབ་ཞུགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་གནང་གི་མིན།

 

ཉིན་ཞཱང་། སྐུ་ཉིད་ཀྱིས་ཅིའི་ཕྱིར་ད་ལྟའི་དུས་ཚོད་འདི་བདམས་པ་ཡིན། དུས་ཚོད་འདིའི་སྔོན་ཙམ་དང་ཡང་ན་རྗེས་གང་རུང་ཞིག་ལ་མཇུག་སྒྲིལ་ན་མི་ཆོག་གམ།

༸གོང་ས་མཆོག  ངས་བཤད་ཟིན་པ་ཡིན། གོ་བབ་འདི་དགོས་མཁོ་ཆགས་ཡོད་པའི་དུས་རབས་སྔ་ས་ནས་འདས་ཟིན་པ་རེད། ངེས་པར་བསྒྲུབ་འོས་པའི་ལས་དོན་ནི་འོས་འདེམས་བརྒྱུད་ནས་བོད་དེ་རང་དབང་ལྡན་པའི་ཡུལ་གྲུ་ཞིག་ཏུ་བསྒྱུར་དགོས་པ་རེད།  འོས་འདེམས་ནི་དམངས་གཙོའི་ལམ་ལུགས་ཀྱི་གཞི་རྩ་རེད། དེར་བརྟེན། ངོས་ནས་ད་དུང་ངང་སྒུག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག ངོས་རང་ལ་ལམ་སྲོལ་འདི་བཅོས་བསྒྱུར་གཏོང་རྒྱུའི་འདུན་པ་ཆུང་དུས་ནས་ཡོད། ངོས་ཀྱིས་བོད་ལམ་སྲོལ་དེར་རྗེས་ལུས་ཀྱི་ཆ་ཡོད་པས་ངེས་པར་དུ་བཅོས་སྒྱུར་གཏོང་དགོས་པ་ཤེས་ཀྱི་ཡོད། ད་ལྟ་ངོས་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད།

 

ཉིན་ཞཱང་། འཛམ་གླིང་སྟེང་གི་གནའ་བོའི་རིག་གཞུང་དང་ས་གནས་ཀྱི་གདོད་མའི་རིག་གནས་ཡོད་ཚད། ཁྲོམ་རའི་དཔལ་འབྱོར་དང་། དེ་བཞིན་འཛམ་གླིང་གཅིག་གྱུར་ཅན་དང་གྲོང་ཁྱེར་ཅན་གྱི་འགྱུར་ལྡོག་ཁྲོད་ཤུལ་མེད་དུ་འགྲོ་བཞིན་ཡོད་པ་རེད། སྐུ་ཉིད་ཀྱིས་བོད་ཀྱི་རིག་གནས་དང་སྲོལ་རྒྱུན་ལའང་དེ་བཞིན་གྱི་གནས་བབ་འཕྲད་རྒྱུར་ཐུགས་འཚབ་ཡོང་གི་འདུག་གམ།  

༸གོང་ས་མཆོག  བོད་ཀྱི་རིག་གནས་དེ།  ང་ཚོས་བརྗོད་ཀྱིན་པའི་ནང་པ་སངས་རྒྱས་པའི་རིག་གཞུང་འདི་བོད་པའི་སྤྱི་ཚོགས་ནང་གནས་ཡོད་པ་རེད། ནང་ཆོས་ནི་ཆོས་ལུགས་རིག་གནས་ཤིག་ཡིན་པའི་ཆ་ནས་གཙོ་བོ་མི་སྒེར་སོ་སོ་དང་འབྲེལ་བའི་ཐོག་ནས་གནས་ཡོད་པ་རེད། ངོས་དུས་རྒྱུན་བོད་ཀྱི་རིག་གནས་ནི་དྲག་སྤྱོད་མ་ཡིན་པའི་རིག་གནས་དང་། ཞི་བདེ་ཅན་གྱི་རིག་གནས། བྱམས་བརྩེ་ཅན་གྱི་རིག་གནས་ཤིག་ཏུ་དབྱེ་བཞིན་ཡོད། དེར་བརྟེན། བོད་ཀྱི་རིག་གནས་ནི་བོད་མི་གཅིག་པུས་མོས་འདུན་ཁོ་ན་ཙམ་མ་ཡིན་པར། མི་རིགས་ཚང་མས་མོས་འདུན་དང་མཐུན་གྱི་ཡོད་པ་རེད། དེང་སྐབས། འཛམ་གླིང་མི་མང་ནང་དྲག་སྤྱོད་དང་མགོ་སྐོར། བཤུ་གཞོག་བཅས་ལ་དགའ་མོས་མེད་མཁན་སྔར་བས་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་བས་བོད་ཀྱི་རིག་གཞུང་ཁྲོད་བརྩེ་བ་དང་། ལྷག་བསམ། དྲང་བདེན་བཅས་ཤུགས་ཆེན་པོ་ཡོད་པ་རེད། ངོས་ཀྱི་བསམ་པར་འདི་ལྟའི་རིག་གཞུང་ནི་འཛམ་གླིང་མི་མང་ལ་སྤྱོད་སྒོ་ཡོད་པའི་རིག་གནས་ཤིག་རེད། གལ་སྲིད། རྒྱ་རིགས་གཞོན་སྐྱེས་ཁྲི་སྟོང་མང་པོས་བོད་ཀྱི་རིག་གཞུང་ལ་དོ་སྣང་གནང་ཐུབ་པ་ཡིན་ན། ཁོང་ཚོར་ཡང་ཕན་ཐོག་འབྱུང་ངེས་རེད་འདོད།

གཞན་ཡང་། བོད་པའི་ནང་ཆོས་ནི་ཆོས་ལུགས་ཁོ་ན་ཙམ་དང་དད་མོས་ཁོ་ན་ཙམ་མ་ཡིན་པར།  འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་རྣམ་གཞག་དང་བྱམས་བརྩེ་སོགས་ལ་འགྲེལ་བཤད་སྐྱོན་མཁན་ཞིག་ཆགས་ཡོད། འཛམ་གླིང་གི་སྙན་གྲགས་ཅན་གྱི་ཚན་རིག་པ་དག་གིས་བོད་པའི་ནང་པའི་སྲོལ་རྒྱུན་རིག་གནས་ཁྲོད་བརྩེ་བ་དང་ནང་སེམས་ཀྱི་རྣམ་གཞག་གི་ཐད་ལ་དོ་སྣང་ཆེན་པོ་གནང་བཞིན་འདུག  དེར་བརྟེན། ཚན་རིག་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་བོད་པའི་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

འདས་པའི་ལོ་ ༣༠ རིང་། ངོས་རང་དང་ཚན་རིག་པ་ཚོའི་བར་འབྲེལ་འདྲིས་ཟབ་མོ་བྱུང་། བརྩེ་བ་དང་ནང་སེམས་ཀྱི་རྣམ་གཞག་སྐོར་ལ་དེང་སྐབས་ཀྱི་ཚན་རིག་པ་དག་ལའང་།  ད་དུང་མ་འདང་ས་མང་པོ་ཞིག་ལྷག་བསྡད་ཡོད་པ་ཀུན་གྱིས་ཤེས་གསལ་རེད། བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དུ་དེ་དག་ལ་འགྲེལ་བཤད་མང་པོ་ཡོད་པ་རེད། ཡིན་ནའང་། ད་དུང་མི་འདང་ས་ཡོད་པ་རེད།  དེ་ལས་གཞན་པའི་ཕྱི་དངོས་པོའི་གནས་ལུགས་ཀྱི་ཕྱོགས་ནས་བཤད་ན། ནང་ཆོས་ལ་ཚན་རིག་གི་ཕྱོགས་ནས་ལེགས་ཆ་ལེན་རྒྱུ་ཧ་ཅང་པོ་ཡོད་པ་རེད། བོད་པའི་ནང་བའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རིག་གཉིས་མཉམ་འབྲེལ་བྱས་པ་ཡིན་ན། ཆ་ཚང་བ་ཞིག་ཡོང་གི་རེད།  

 

ཉིན་ཞཱང་། སྐུ་ཉིད་ཀྱིས་རྒྱ་ནག་མི་དམངས་ལ་གསུང་བཤད་ཅི་ཞིག་གནང་འདུན་ཡོད་དམ།

༸གོང་ས་མཆོག  རྒྱ་ནག་མི་དམངས་ལ་ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་སྲོལ་རྒྱུན་རིག་གནས་ཡོད་པ་རེད། རྒྱ་ནག་མི་དམངས་ནི་བརྩོན་སེམས་ཅན་ཞིག་རེད་ལ། སྤྱི་ཡོངས་ནས་བཤད་ན་ཆོས་ལུགས་ལ་དད་མོས་ཡོད་པའི་མི་རིགས་ཤིག་རེད། ང་ཚོའི་ངོས་ནས་ཁོང་ཚོར་གུས་བཀུར་དང་བརྩི་འཇོག་གནང་གི་ཡོད།  རྒྱ་ནག་མི་དམངས་ཀྱིས་དངོས་པོའི་དཔལ་ཡོན་འཚོལ་སྒྲུབ་བྱེད་པ་དང་མཉམ་དུ། རང་ཉིད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་གྱི་རིན་ཐང་དེ་དག་ཀྱང་མ་བརྗེད་པ་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། 

 

ཚེ་རིང་རྒྱལ་གྱིས་བསྒྱུར།

(ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་ཡིག་དྲ་བའི་མ་ཡིག་ལ་གཞི་འཛིན་དགོས།)

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 5

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    མདོ་འཛིན་པ་ཉིན་ཞཱང་གི་དྲི་བ་འདྲི་སྟངས་འདི་ཧ་ཅང་ལེགས། ཚིག་ཉུང་ལ་དོན་འདུས་པ་གནད་ལ་འཁེལ་བ་བཅས་ཀྱི་ཁྱད་ཆོས་འདུག རང་རེ་བོད་རིགས་མདོ་འཛིན་པ་མང་པོ་ཞིག་གིས་མོ་ལ་མི་དཔེ་བལྟ་འོས། རང་གིས་ཅིག་ཤེས་མདོག་དང་ཁ་ལྕེ་བདེ་མདོག་གིས་དྲི་བ་ཚིགས་གསུམ་ལས་མེད་ཀྱང་སྐར་ཆ་འགའ་རེ་འགོར་འགྲོ་བ་ལྟ་བུ་ནི་ནམ་ཡང་འདོར་བྱ་རེད། ཉིན་ཞཱང་གི་དྲི་བ་འདྲི་སྟངས་འདིས་དབང་པོ་རབ་འབྲིང་ཐ་གསུམ་ཚང་མར་བརྗོད་བྱའི་སྙིང་པོ་དམར་རྗེན་དུ་སྟོན་ནུས། རང་ཉིད་མདོ་འཛིན་པ་དང་ལྟད་མོ་བ་གཉི་གའི་ངོ་བོར་བཞག་སྟེ་མདོ་འཛིན་བྱེད་པ་ནི་མདོ་འཛིན་གྱི་ཐབས་ལམ་གནད་འགག་ཆེ་ཤོས་དང་རྨང་གཞིའི་ཤེས་བྱའང་ཡིན་ཞེས་བཤད་པ་ལྟར་ལགས་སོ།

    Reply
  2. ཤིང་རྟ། says:
    ལོ་ 14 སྔོན།

    བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གསུངས་པ་བཞིན་ རིན་ཐང་གཞལ་དུ་མེད་པའི་བཀའ་ལན་གནང་བ་པོ་སྟོན་པ་ཏཱ་ལའི་བླ་མ་དང་། གསར་འགོད་པ་ཉིན་ཞཱང་། ཡིག་བསྒྱུར་བ་ཚེ་རིང་རྒྱལ་བཅས་ལ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རིན་ཐང་གཞལ་དུ་མེད་པའི་བཀའ་ལན་གནང་བ་པོ་སྟོན་པ་ཏཱ་ལའི་བླ་མ་དང་། གསར་འགོད་པ་ཉིན་ཞཱང་། ཡིག་བསྒྱུར་བ་ཚེ་རིང་རྒྱལ་བཅས་ལ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  4. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    གལ་ཏེ་རྒྱ་ནག་མི་དམངས་ལ་བོད་ཀྱི་རིག་གཞུང་ལ་ལྟ་ཚུལ་ཡག་པོའི་ལམ་བསྟོན་པ་འམ། ཡང་ན་་སོ་སོས་ཤེས་པའི་གོ་སྐབས་ཡོད་ན། ཕན་ཐོག་རྒྱ་ཆེན་པོ་ཡོང་ཐུབ་པ་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད་སྙམས།
    རེད་ཡ། བོད་ཀྱི་རིག་གཞུང་གིས་འཛམ་གླིང་གི་མི་འབོལ་མང་བོ་ཞིག་ལ་ཕན་ཐོག་བཞིན་ཡོད་ནི་རེད། དེ་ནི་༸གོང་ས་མཆོག་གིས་བཀའ་དྲིན་དང་། ང་ཚོས་གཟི་བརྗིད་རེད།
    འདི་ལ་བོད་མི་རེ་རེ་བཞིན་གྱིས་སྤོབ་པ་དང་ལྷན་དུ་རྒྱུན་སྐྱོངས་མ་ཟད། ཡར་རྒྱས་ལ་ཤུགས་སྣོན་བྱེད་དགོས།
    ང་ཚོར་སྟོང་ཉེན་ཡོད་པའི་རིག་ཞུང་ཡང་མང་བོ་ཞིག་ཡོད། དཔེར་ན། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ལམ་ཆ་ཚང་ཞིག་ནི། ད་ལྟ་ཇོ་ནང་བ་ཁོ་ན་མ་གཏོགས་མེད་པ་ཆགས་ཡོད་པས། ཤིན་ཏུ་གཟབ་དགོས་པའི་གནས་ཞིག་ཡིན། མི་ཤེས་མཁན་དང་འདི་ལ་དོགས་པ་ཡོད་མཁན་ཡོད་ན་ཟླ་༦ པའི་ ཚེས་༡༢ ལ་སྤཻལ་བའི་དུས་བབ་ཀྱི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་ཤེས་ཐུབ། གཞན་དག་རྗེས་ནས་གླེང་ཆོག

    Reply
  5. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    རེད་ཡ། བོད་ཀྱི་རིག་གཞུང་གིས་འཛམ་གླིང་གི་མི་འབོལ་མང་བོ་ཞིག་ལ་ཕན་ཐོག་བཞིན་ཡོད་ནི་རེད། དེ་ནི་༸གོང་ས་མཆོག་གིས་བཀའ་དྲིན་དང་། ང་ཚོས་གཟི་བརྗིད་རེད།
    འདི་ལ་བོད་མི་རེ་རེ་བཞིན་གྱིས་སྤོབ་པ་དང་ལྷན་དུ་རྒྱུན་སྐྱོངས་མ་ཟད། ཡར་རྒྱས་ལ་ཤུགས་སྣོན་བྱེད་དགོས།
    ང་ཚོར་སྟོང་ཉེན་ཡོད་པའི་རིག་ཞུང་ཡང་མང་བོ་ཞིག་ཡོད། དཔེར་ན། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ལམ་ཆ་ཚང་ཞིག་ནི། ད་ལྟ་ཇོ་ནང་བ་ཁོ་ན་མ་གཏོགས་མེད་པ་ཆགས་ཡོད་པས། ཤིན་ཏུ་གཟབ་དགོས་པའི་གནས་ཞིག་ཡིན། མི་ཤེས་མཁན་དང་འདི་ལ་དོགས་པ་ཡོད་མཁན་ཡོད་ན་ཟླ་༦ པའི་ ཚེས་༡༢ ལ་སྤཻལ་བའི་དུས་བབ་ཀྱི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་ཤེས་ཐུབ། གཞན་དག་རྗེས་ནས་གླེང་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese