ཟླ་འདིའི་ཚེས་ ༡༥ ཉིན་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༣༩ ཡིན་པའི་གྲྭ་བློ་བཟང་མཁས་གྲུབ་དང་། རང་ལོ་ ༣༦ ཡིན་པའི་འི་གྲྭ་བློ་བཟང་རྒྱ་མཚོ་གཉིས་ལ་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
བློ་བཟང་མཁས་གྲུབ་ལགས་ནི་ད་ལོའི་ཕྱི་ཟླ་ ༥ ཚེས་ ༤ ལ་དགོན་པའི་ནང་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཤིང་། ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཐོས་ལི་ཚང་ཞེས་པ་ཡིན་ལ། ཕ་མིང་ལ་ཐོས་ལི་ཟེར་བ་ཡིན། ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་ཀྱིས་བསྡུས་རྟགས་ནས་གཞུང་ཆེན་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ་བཅས་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་ཞིང་དེང་སྐབས་འཛིན་གྲྭ་མཛོད་གསར་པ་ཡིན་འདུག ཁོང་རང་ཉིད་ཀྱི་སློབ་སྦྱོང་གི་ཞོར་དུ་འཛིན་གྲྭ་འོག་མ་རྣམས་ལ་དཔེ་ཁྲིད་ཀྱང་གནང་གི་ཡོད་འདུག
བློ་བཟང་རྒྱ་མཚོ་ལགས་ནི་ཕ་ཡུལ་རྔ་པ་རྫོང་ཕྱུགས་ལས་གོང་མ་ཡིན་ཞིང་། ཁོང་གི་ཕ་མིང་རྒྱ་སྐྱབས་ཟེར། ཁོང་ཕྱི་ཟླ་ ༥ ཚེས་ ༩ ཉིན་འཛིན་བཟུང་བྱས་པ་ཡོད་ཅིང་། ཁོང་གཉིས་འཛིན་བཟུང་བྱས་པ་ནས་ཁྲིམས་ཐག་མ་བཅད་ཀྱི་བར་དུ་མོའུན་རྫོང་ལ་ཡོད་པའི་གནས་ཚུལ་ཙམ་རེ་གོ་བ་ལས་སུ་གང་གིས་གསལ་པོ་ཤེས་རྟོགས་མ་ཐུབ་ཅིང་། ཁོང་གཉིས་ལ་ཁྲིམས་ཐག་གཅོད་སྐབས་བཙུགས་པའི་ནག་ཉེས་ཀྱང་འདི་ཡིན་གསལ་པོ་ཤེས་རྟོགས་མ་ཐུབ་ཀྱང་ཁོང་གཉིས་དང་ཐོག་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་དགོན་པའི་གྲྭ་པ་མང་པོ་ཞིག་འཛིན་བཟུང་བྱ་རྒྱུ་ཡིན་པའི་གནས་ཚུལ་གོ་སྐབས། ཁོང་གཉིས་དང་གཞན་གྲྭ་པ་མང་པོ་ཞིག་དགོན་པའི་འདུ་ཁང་མདུན་དུ་འཛོམས་ནས་གྲྭ་པ་རྣམས་འཛིན་བཟུང་བྱ་མི་ཆོག་པའི་རེ་འདུན་བཏོན་པ་དང། འཛིན་བཟུང་བྱ་དགོས་ན་ང་ཚོ་ཚང་མ་བཟུང་ཟེར་ནས་བཀག་འགོག་བྱས་པ་དེས་རྐྱེན་ཀྱིས་ཡིན་འདུག ཁོང་གཉིས་དེང་སྐབས་སི་ཁྲན་གྱི་མེན་ཡངས་ཞེས་པའི་ས་གནས་སུ་བཙོན་འཇུག་བྱས་ཡོད་འདུག
གོང་གསལ་མི་སྣ་གཉིས་ལ་ཁྲིམས་ཁང་གང་ནས་ཁྲིམས་ཐག་བཅད་པ་དང་། ཉེས་འཛུགས་ཅི་ཞིག་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཟེར།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།
བོད་མི་སུ་ཞིག་ཡིན་རུང་རང་ནུས་གང་ཡོད་ཀྱི་འབད་འབོད་གནང་བཞིན་ཡོད་པ་བཞིན་དོན་དམ་ཁྱེད་གཉིས་ཀྱི་མི་རིགས་ཞིག་གི་བདེ་སྡུག་གི་ཁྱེད་དུ་འདི་འདྲ་བྱས་རྗེས་ཞིག་བཞག་པ་ནི་ངོ་མ་རིན་ཐང་ཚང་པ་ཞིག་རེད། མ་གཞི་རང་ཉིད་ཀྱི་ཁ་ལྟོ་ཙམ་གྱི་ཁྱེད་དུ་མ་རེད་མི་རིགས་ཞིག་གི་བདེ་སྡུག་ཡིན་དུས་བློ་ཕམས་བྱེད་དགོས་པ་ཞིག་མ་ཡིན་པར་དངོས་ཡོད་ཡིན་དུས་ཁྱེད་གཉིས་ནི་དཔའ་རྒོད་ཟེར་པ་རེད་ཁྱེད་གཉིས་ཀྱི་གནས་སྟངས་ལ་ཡི་རིང་ཡོད་ཐུགས་རྗེ་ཆེ།