ཕྱི་ཚེས་ ༢༢ ཉིན་ཨིན་ཌོ་ནེ་ཤི་ཡར་འཚོགས་བཞིན་པའི་ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་(ASEAN)སྟེང་ཀོ་རི་ཡ་བྱང་མས་ལྷོ་བྱང་གཉིས་ཞི་མཐུན་ཡོང་རྒྱུར་གྲོས་ལོམ་བྱ་རྒྱུའི་ཁས་ལེན་བྱས་འདུག
ཉིན་དེར་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཆུན་(Pak Ui Chun) གྱིས་བྱང་ཀོ་རི་ཡའི་ངོས་ནས་གཞུང་ཚབ་འཐུས་མི་བསྐོ་བཞག་བྱས་ཟིན་པ་དང་། ཕྱོགས་གཉིས་པར་ཞི་འགྲིག་གྲོས་མོལ་ཡོང་རྒྱུར་གྲ་སྒྲིག་ཡིན་ཚུལ་བསྒྲགས་འདུག་ལ། ཀོ་རི་ཡ་ལྷོ་བྱང་བར་ཞི་འགྲིག་གྲོས་ལོམ་ལ་གྲུབ་འབྲས་ཅི་འདྲ་འཐོན་མིན་ཚོད་དཔག་བྱ་དཀའ་ནའང་། ཐེངས་འདིའི་མོས་མཐུན་ལྟར་དངོས་སུ་ཞི་འགྲིག་གྲོས་མོལ་མགོ་འཛུགས་ཐུབ་ཚེ་དེ་ནི་ལྷོ་བྱང་བར་རྩོད་རྙོག་བྱུང་རྗེས་ཀྱི་རྒྱལ་དོན་གྲོས་མོལ་ཐེངས་དང་པོ་ཆགས་ཡོད་པ་རེད།
ཉིན་དེར་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ལྕམ་ཧེ་ལཱ་རི་མཆོག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡཱང་ཇེ་ཆེ་(Yang Jiechi) ལ་ལྷོ་བྱང་ཀོ་རི་ཡའི་ཞི་འགྲིག་ཐད་སྐད་ཆ་བཤད་ཡོད་ཅིང་། ཡཱང་ཇེ་ཆེ་ཡིས་ཀྱང་དེ་ལ་མོས་མཐུན་གྱིས་ “འདི་ནི་ཆིག་སྒྲིལ་བཟོ་བའི་དུས་ཚོད་རེད་” ཅེས་དང་། མཐུན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་དྲུག་པའི་ཞི་བདེ་དང་བརྟན་ལྷིང་། ས་ཁུངས་བདེ་འཇགས། དེ་བཞིན་རྩོད་རྙོག་བྱུང་ཡུལ་ཕན་ཚུན་བར་དོན་དངོས་གྲོས་མོལ་ཡོང་པར་ཁོར་ཡུག་བསྐྲུན་དགོས་པ་བཅས་ཀྱི་ཐད་གླེང་སློང་ཤུགས་ཆེན་བྱས་ཡོད་འདུག
ལྷོ་ཀོ་རི་དང་ཨ་རི་གཉིས་ཀྱི་ཕྱོགས་ནས་བྱང་ཀོ་རི་ཡའི་ཕྱོགས་ནས་གྲོས་མོལ་མགོ་འཛུགས་མ་བྱས་གོང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཉོ་ཚོང་མཚམས་འཇོགས་ཐད་ཆོད་དོན་གསལ་བོ་བཟོ་དགོས་ཞེས་དང་། དེ་བཞིན་འདས་ལོའི་ནང་ལྷོ་ཀོ་རི་ཡའི་སྟེང་མི་གསོད་ཁྲག་སྦྱོར་གྱི་དྲག་རྒོལ་ཐེངས་གཉིས་བྱས་པའི་ཐད་རང་སྐྱོན་ངོས་ལེན་ཐོག་དགོངས་དག་ཞུ་དགོས་ཚུལ་ཡང་བརྗོད་འདུག
ཀོ་རི་ཡ་ལྷོ་བྱང་བར་དམག་འཐབ་རྩོད་རྙོག་བྱུང་རྗེས་རྒྱ་ནག་བྱང་ཀོ་རི་ཡའི་ཕྱོགས་ནས་ལངས་ཡོད་ལ། ཨ་རི་ལྷོ་ཀོ་རི་ཡའི་རྒྱབ་ཏུ་ལངས་ཏེ་ཨ་རིའི་དྲག་ཆས་དམག་མི་ ༢༨༥༠༠ ཙམ་ལྷོ་ཀོ་རི་ཡར་དམག་རོགས་སུ་བཏང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།