ཉེ་ཆར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བཟའ་ཚང་བར་གྱི་རྙོག་དྲ་ཞིག་བྱུང་སྟེ། མི་སྐོར་ཞིག་གིས་བུ་མོ་རིག་འཛིན་ཟེར་བ་ཞིག་གི་སྐྲ་བྲེགས་ཤིང་སྣ་བཅད་དེ། མི་ཚོགས་འདུ་འཛོམས་བྱེད་སའི་ཁྲོམ་གཞུང་ལ་སྐོར་སྐྱོད་བྱས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། རྨོ་མོ་རྒན་འཁོགས་ཤིག་ལས་ནང་མི་གཞན་མེད་པའི་བུད་མེད་རིག་འཛིན་ཞུ་བ། ད་ལྟ་རང་ལོ་ ༣༠ ཡིན་པ་ཞིག་དང་བཟའ་ཟླ་ཡོད་པའི་སྐྱེས་པ་ཞིག་གི་བར་ལུས་འབྲེལ་བྱུང་པའི་གནས་ཚུལ་འོག་སྐྱེས་པ་དེའི་གཉེན་ཉེ་གཞིས་གྲོང་གསུམ་པའི་བསྟན་འཛིན་ཆོས་གྲུབ་དང་། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། གཞིས་གྲོང་གཉིས་པའི་པ་སངས་དང་རྒྱལ་མཚན། པདྨ་བཅས་མི་ ༧ ཀྱིས་བུ་མོ་རིག་འཛིན་ཉེས་རྡུང་ཚད་མེད་བཏང་ཞིང་། མགོའི་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ་སོགས་ཀྱི་མནར་གཅོད་བཏང་ཡོད་པ་མ་ཟད། ལུས་ཧྲིལ་བོ་དམར་ཧྲང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཤིང་། མི་སྤྱོད་ལས་འདས་པའི་དམའ་འབེབ་དང་གཅར་རྡུང་ཚད་མེད་བཏང་ཡོད་འདུག འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བྱ་སྤྱོད་དེ་སྤེལ་མཁན་གྲས་སུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་མཉམ་ལས་ཀྱི་ལས་བྱེད་ཅིག་ཀྱང་ཚུད་ཡོད་འདུག
འདི་གའི་གསར་འགོད་པས་བུ་མོ་རིག་འཛིན་དང་སྐྱེས་པ་དེའི་གཉེན་ཉེ། དེ་བཞིན། བསྟན་སྒང་ས་གནས་མགོ་འཛིན་བཅས་ལ་འབྲེལ་བ་བྱས་ཀྱང་ཞིབ་ཕྲའི་གནས་ཚུལ་རག་ཐབས་མ་བྱུང་སྟབས། ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས “བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ནང་གནས་ཚུལ་དེ་འདྲ་ཞིག་ལྷག་པ་དངོས་ཡོད་རེད། རྩ་བའི་གནས་ཚུལ་ཐབས་རྡུག་དེ་འདྲ་ཞིག་བྱུང་བར་འགྲོ་བ་མི་སུ་འདྲ་ཞིག་གིས་བལྟས་ཀྱང་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད། གནས་ཚུལ་དེ་ཐོས་མ་ཐག་ང་ཚོར་བློ་ཕམ་ཞེ་དྲག་བྱུང་སོང་། ས་གནས་ལ་འབྲེལ་བ་ཞུས་ཏེ་དོ་བདག་གིས་ས་གནས་ལས་ཁུངས་ལ་ཞུ་གཏུག་བྱ་མིན་ལ་མ་བལྟས་པར། གནད་དོན་འདིའི་ཐོག་ལ་ཞིབ་ཚགས་པོས་དོ་ནན་མ་བྱས་ན་འགྲིག་གི་མི་འདུག་ཅེས་ལམ་སྟོན་བྱས་ཡོད། ” ཅེས་གསུངས་ཏེ། བསྟན་འཛིན་སྒང་གཞི་ཆགས་ནང་བྱུང་བའི་ཛ་དྲག་གི་གནས་སྟངས་དེའི་ཐད། ནང་སྲིད་ལས་ཁུངས་ཀྱིས་ས་གནས་ལས་ཁུངས་ལ་བཀའ་གནང་བ་ལྟར། བསྟན་སྒང་ས་གནས་མགོ་འཛིན་དང་ས་གནས་གནད་ཡོད་མི་སྣ་ཁག གཞིས་གྲོང་ཁྱིམ་ཚང་སོ་སོའི་ཁྱིམ་བདག་བཅས་འཛོམས་ཏེ། གཞིས་གྲོང་ནང་བྱ་སྤྱོད་སྡུག་ཅག་སྤེལ་མཁན་དེ་དག་ལ་མི་མང་འཛོམས་སར་ཉེས་སྤྱོད་ངོས་ལེན་དང་སྤང་བླང་འགྱོད་བཤགས་བྱེད་བཅུག་ཡོད་པ་མ་ཟད། ཁོང་ཅག་ལ་ཧིན་སྒོར་ ༤༠༠༠༠༠ ཡི་ཉེས་ཆད་དང་། བཟའ་ཟླ་ཡོད་བཞིན་དུ་ཚུལ་མིན་མཛའ་གྲོགས་སྒྲིག་མཁན་སྐྱེས་པ་དེར་ཧིན་སྒོར་ ༢༠༠༠༠ བཅས་ཀྱི་ཉེས་ཆད་བཅད་ཡོད་འདུག དེ་བཞིན། བྱ་སྤྱོད་དེ་སྤེལ་མཁན་གྲས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཆོས་གྲུབ་ཟེར་བ་དེ་ལས་གནས་ནས་དགོངས་པ་ཞུ་རུ་བཅུག་ཅིང་། ༢༠༡༣ གྱི་ལོ་མཇུག་བར་སྤྱི་བའི་ལས་ཁུར་སྣ་གཅིག་ཀྱང་བྱས་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག
དྲུང་ཆེ་མཆོག་གིས་མུ་མཐུད་ངོ་སྤྲོད་གནང་བ་ལྟར་ན། བོད་མི་དེ་དག་གི་བྱ་སྤྱོད་ཐད་ས་གནས་ཡུལ་མི་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག་ལ། དེ་ནི་ས་ཁུལ་དེ་ནང་པའི་ཡུལ་ལུང་གལ་ཆེན་ཞིག་ཆགས་ཡོད་སྟབས། བུད་མེད་དམར་ཧྲང་ལ་ཁྲིད་པ་དེས་ཡུལ་ལྷ་གཞི་བདག་ཁྲོས་པའི་ཉེན་ཁ་ཡོད་པ་དང་། ཡུལ་ལུང་ནང་ལོ་ཉེས་ཆག་འཇིག་སྣ་ཚོགས་འབྱུང་ཉེན་བཅས་ལ་བརྟེན་ཏེ། དེ་དག་ཟློག་ཐབས་སུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་ཐུགས་དམ་ཞུས་ཏེ་ཞབས་བསྟན་མང་པོ་ཞིག་ཕེབས་འདུག་པ་རྣམས། ས་གནས་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གི་བསྒྲུབས་ཡོད་པ་དང་། ཞབས་རིམ་དེ་དག་གི་འགྲོ་གྲོན་ཡོང་རྫོགས་ཀྱང་ཉེས་ཅན་དེ་དག་གིོས་གཏོང་རྒྱུ་ཐག་གཅོད་བྱས་ཡོད་འདུག
གཞན། བུད་མེད་དེ་དང་ཉེས་རྡུང་གཏོང་མཁན་དག་གི་བར་གྱི་གནད་དོན་དང་། བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་སོགས་ནང་འགྲིག་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་བྱས་ཡོད་སྟབས། རྒྱ་གར་ས་གནས་སྐོར་སྲུང་བ་དང་འབྲེལ་ཡོད་སྡེ་ཁག་གིས་ལག་པ་འཆང་གི་མེད་ཀྱང་། ད་སྔ་གནད་དོན་དེ་ཐག་གཅོད་གང་ཡང་བྱུང་ཡོད་མི་འདུག དེའི་ཐད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་“ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས། སྤྱིར་བཏང་གནད་དོན་དེའི་རིགས་ཁྲིམས་ཐོག་ལ་བསྐྱལ་དགོས་པ་རེད་ཅེས་ལབ་བསྡད་ཡོད། ཁྲིམས་ཐོག་ལ་བསྐྱལ་བ་ཡིན་ན་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་ལ། ནག་ཉེས་སུར་ཡོད་ཀྱང་དེ་ལ་ཁྲིམས་ཐོག་ནས་ཉེས་ཆད་ཕོག་ཡོང་གི་རེད། དེ་ལ་དཔག་པའི་མཐའ་ཞིག་གསལ་འགྲོ་རྒྱུ་རེད། ཡིན་ནའང་། ད་ལྟ་གནོད་འཚེ་ཕོག་མཁན་དོ་བདག་གི་ངོས་ནས་ཁྲིམས་གཏུགས་བྱ་རྒྱུར་མོས་མཐུན་ཁྱོན་ནས་མི་འདུག “ ཅེས་གསུངས་ཏེ། ཕྱོགས་གཉིས་ཀར་ཁྲིམས་ཐོག་ལ་འགྲོ་རྒྱུའི་མོས་མཐུན་མེད་པས། ཕྱོགས་གསུམ་པ་ཞིག་གིས་ཁྲིམས་ལ་གཏུགས་སྲོལ་མེད་པར་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ལ་སྒུག་ཡོད་འདུག གལ་སྲིད་ནང་འགྲིག་ཐག་གཅོད་མ་བྱུང་བ་ཡིན་ན། དོ་བདག་སོ་སོས་གྲོང་སྡེ་ལྷན་ཚོགས་དང་། ས་གནས་མགོ་འཛིན་ལས་ཁུངས། དེ་བཞིན་ས་གནས་རྒྱ་གར་གཞུང་བཅས་ལ་བདེ་སྡུག་ཞུ་གཏུག་ཅི་ཞུས་ལྟར། རིམ་པས་ཁྲིམས་ཐོག་ལ་འགྲོ་དགོས་པ་ཞིག་ཆགས་ཡོད་སྐོར་བཅས་ངོ་སྤྲོད་གནང་སོང་།
བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ནང་སྔོན་མ་ཡང་ཕོ་མོའི་འབྲེལ་བའི་སྐོར་གྱི་རྙོག་དྲ་ཞིག་བྱུང་སྟེ། བུད་མེད་ལ་ཉེས་རྡུང་དམའ་འབེབ་བཏང་བའི་གནས་ཚུལ་ཐེངས་གཉིས་བྱུང་མྱོང་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དམ་པ་ལྷ་ཆོས་ཀྱི་ཁྲིམས་ལས་འདས་ཡོད་ལ་རང་རེ་མི་རིགས་ཀྱི་གཤིགས་ལས་རྒལ་བས་ལས་ངན་འདི་བྱེད་པོ་ནི་རྒྱུ་དང་དཔལ་འབྱོར་ཐོབ་དང་གོ་ས་དགའ་ཞིང་ཉམས་ཆུང་དཔུང་གྲོགས་མེད་པའི་རིགས་རྟག་ཏུ་བརྙས་བཅོས་གཏང་མཁན་ཁྲེལ་ལུགས་མེད་ཤར་རྟག་རེད་
འདི་ནི་བོད་པ་ཚང་གི་ངོ་ཚ་དགོས་པའི་གནས་ཚུལ་གསར་བ་ཞིག་རེད། དོན་འདི་ལ་ས་གནས་འགོ་འཛིན་གྱིས་ཀྱང་གནས་ལུགས་ཀྱི་ཐག་གཅོད་ཅིག་མི་འདུག ཕོ་གསར་དེ་ལ་གཅེར་བརྡུང་ཅི་ཡང་མེད་པར་རྒྱབ་སྐྱོར་མེད་པའི་བུད་མེད་ལ་དེ་འདྲའི་ཉེས་བརྡུང་བཏང་ལ་དངོས་གནས་བློ་ཕམ་དགོས་པའི་གཞི་ཉག་གཅིག་རེད། དེའི་ཕྱིར་ངས་བཤད་འདོད་པ་ཡང་དོན་དེ་དྲང་མོ་དྲང་བཞག་གི་ཐག་གཅོད་བྱེད་རྒྱུའི་རེ་བ་ས་གནས་འགོ་འཛིན་པ་དག་ལ་ཞུས་པ་ཡིན། གལ་ཏེ་བུད་མེད་དེ་རྒྱབ་རྩ་ཅན་ཞིག་ཡིན་ཕྱིན་ཉེས་རྡུང་དེ་འདྲ་རྩ་བ་ནས་གཏོང་མི་ནུས་པ་མ་ཟད་དེ་ལས་ལྡོག་སྟེ་མ་ཤེས་མདོག་མདོག་གི་གནས་སུ་འཇོག་ཁོ་ཐག་ཡིན། ངས་བཤད་མཚམས་འདིར་སླེབས་དུས་འཇིག་རྟེན་འདིར་གནས་ལུགས་ཤིག་མེད་པའི་ཚོར་སྣང་ཞིག་གིས་བཤད་མཚམས་འདི་ནས་བཅད།
བསྟན་འཛིན་སྒང་གི་གནས་ཚུལ་ཁ་ཤས་དངོས་ཡོད་མིན།
དུས་བབ་དྲྭ་རྒྱའི་ སྟེང་གསར་འགོད་པ་ཚེ་རིང་རྒྱལ་གྱིས་བོད་མིའི་གཞི་སྒར་བསྟན་འཛིན་སྒང་དུ་གནས་ ཚུལ་ཞིག་བྱུང་བའི་སྐོར་བྲིས་འདུག སྤྱིར་བཏང་གི་གནས་ཚུལ་དེ་ཉིད་དངོས་ཡོད་རེད་འདུག འོན་ཀྱང་དེའི་ནང་ན་དངོས་ཡོད་མ་ཡིན་པ་སྐོར་ཞིག་འདུག གང་ཡིན་ཟེར་ན་བུད་མེད་དེ་ལ་ཉེས་བརྡུང་བཏང་མཁན་རྣམས་ལ་སྒོར་འབུམ་བཞིའི་ཉེས་ ཆད་བཅད་ཡོད་ཚུལ་བཀོད་འདུག་པ་དེ་དངོས་ཡོད་གནས་ཚུལ་རེད་མི་འདུག དངོས་ཡོད་ནི་ཁོ་ཚོར་སྒོར་ཁྲི་བཞིའི་ཉེས་ཆད་བཅད་ཡོད་པ་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཆོས་འགྲུབ་ལ་ཉེས་ཆད་སྒོར་ལྔ་སྟོང་ཡང་བཅད་འདུག དེ་བཞིན་དུ་ང་ཚོའི་སྤྱི་ཚོགས་ནང་ལ་མི་མང་པོ་ཞིག་གིས་གོང་དུ་གསར་འགོད་པས་བུ་ མེད་དེའི་སྣ་ལ་ཇེམ་ཙེས་བརྒྱབ་པ་སོགས་ཞེས་བྲིས་པ་དེར་བརྟེན་ནས་བུད་མེད་དེའི་ སྣ་བཅད་ཡོད་པའི་གོ་བ་ལེན་བཞིན་འདུག་ཀྱང་། དེ་ནི་དངོས་ཡོད་གནས་ཚུལ་མ་ཡིན་པར་གོ་བ་ལོག་པར་སོང་བ་ཞིག་རེད། འདིར་ནི་བདག་གིས་ས་གནས་དེའི་གཞི་འགོ་རྡོ་རྗེ་རིག་འཛིན་ལ་འབྲེལ་གཏུགས་ཞུས་ ནས་གནས་ཚུལ་ཁ་གསལ་ཐོས་ནས་འདིར་བཀོད་པ་ཡིན། སྤྱིར་བཏང་གི་གནས་ཚུལ་འདི་ལྟ་བུའི་ཐབས་སྡུག་པོ། ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བྱ་སྤྱོད་དེ་འདྲ། དེ་ཡང་ང་རང་ཚོ་བོད་མི་མེས་པོ་གཅིག་གི་སྤུན་ཟླར་གྱུར་པའི་ནང་ལ་ཤ་ཚ་དང་སྙིང་ ཉེའི་རྣམ་པ་རྩ་བ་ནས་མེད་པའི་མཚོན་རྟགས་གསལ་བོར་མངོན་པ་དེ་ནི་བོད་མི་ཙམ་མ་ ཟད་འཛམ་གླིང་སྤྱི་ལ་ངོ་གནོང་དགོས་པའི་གནས་ཚུལ་ཞིག་རེད། དེ་འདྲའི་བག་ཆགས་རྙིང་པའི་བྱ་སྤྱོད་དེ་རིགས་དུས་རབས་གསར་པ་དང་ཁ་ཕྱོགས་གསར་ པའི་སྐབས་འདིར་ངེས་པར་འདོར་དགོས་པའི་བྱ་སྤྱོད་ཅིག་རེད། འོན་ཀྱང་གནས་ཚུལ་སྤེལ་མཁན་སུ་འདྲ་ཞིག་ཡིན་ཡང་ཐོག་མར་གནས་ཚུལ་དེ་དངོས་ཡོད་ ཡིན་མིན་དང་། དེ་བཞིན་དུ་གནས་ཚུལ་དེ་ལ་སྒྲོ་འདོགས་དང་སྐུར་འདེབས་སོགས་མ་བྱས་པར་འགོ་མཇུག་ ཚང་མ་གསལ་པོ་ཞིག་འགོད་རྒྱུ་གལ་ཆེ་བར་མཐོང་།
བུ་མོ་རིག་འཛིན་ལ་ནག་ཡོེད་རུང་མེད་རུང་།བྱེད་ཐབས་དེ་དག་ནི་༧གོང་ས་མཆོག་གཙོས་པའི་རང་ཅག་བོད་མི་རྣམས་ངོ་ཚ་གནས་སུ་གྱར་སོང་བས་།དྲ་གྲོགས་་ཅི་ནས་ཀྱང་ཉེན་ཅན་དེ་དག་གི་འདྲ་པར་རྙེད་སོན་བྱེད་དེ་་་་ཕྱོགས་ཡོངས་སུ་བཀྲམས་སྟེ་་་་ཕྱེས་འབྱུང་དི་དག་མི་ཡོངས་བ་མངོན་འགོག་བྱེད་དགོས་།།
༄༅། ཨ་ཁ་ད་ཡིན་ན་༧གོང་ས་མཆོག་གི་བཀའ་སློབ་ནང་ལ་བོད་མི་རིགས་ནི་ཡ་རབས་ཀྱི་གོམས་གཤིས་དང་ལྡན་པ། ནང་ཆོས་ཀྱི་སྙིང་པོ་བྱམས་པ་དང་སྙིང་རྗེ་གཞན་ཕན་གྱི་བློ་ཡོད་ཟེར་བ་དེ་གད་སྙེགས་ནང་ལ་གཡུགས་ཚར་སོང་། དེ་ལས་ལྡོག་ཏེ་རྒྱུན་དུ་རྒྱ་གུང་ཁྲན་ཏང་གི་བོད་མི་ནི་ཆེས་མུན་ནག་དང་ཆེས་ཀླ་ཀློ་རེད་ཟེར་བ་དེ་དོན་ལ་གནས་པ་མ་ཡིན་ནམ། གང་ཡིན་ཟེར་ན། བསྟན་འཛིན་སྒང་གི་བུ་མོ་མ་སྨད་གཉིས་ལ་མི་ཆོས་དང་ལྷ་ཆོས་གཉིས་ཀ་དང་མི་མཐུན་པའི་ཚད་ལས་འདས་པས་མནར་གཅོད་བཏང་བ་
བོད་མིའི་སྤྱོད་ངན་ལ་གཟིགས་དང་། དང་པོ་མི་ཆོས་དང་མི་མཐུན་སྟེ། ཉམས་ཆུང་ནུས་མེད་ལ་ལྟ་སྐྱོང་དང་རོགས་སྐྱོར་བྱེད་དགོས་པ་ལས། དེ་ལས་ལྡོག་ཏེ་མི་རིགས་དང་ལུང་ཚན་གྱི་ཤ་ཞན་མགོ་རྣ་ཏིལ་འབྲུ་ཙམ་ཡང་མེད་པ་ངོ་ཙ་ཁྲེལ་མེད་དེ་འདྲའི་ཐབས་སྡུག་པ་ལ་ཨ། གཉིས་པ་ལྷ་ཆོས་དང་མི་མཐུན་སྟེ། བྱམས་པ་དང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་བྱེད་སྟངས་ངན་པ་དེས་ནང་ཆོས་ཀྱི་གོ་རྟོགས་རྩ་ནས་མེད་པའི་ཀླ་ཀློ་ཡིན་པ་འདྲ། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་བཙན་པོ་གཉའ་ནས་གནོན་པ་ཉམས་ཆུང་མཐའ་ནས་སྐྱོངཔའི་སྒྲིག་གཞི་ཞིག་ཡོད་ན་ཇག་ཚོགས་དེ་ཚོ་ལ་ཁྲིམས་གཅོད་ནན་པོ་དང་། ཇག་ཚོགས་མི་བདུན་པོ་དེའི་ཕ་རྩ་བུ་རྒྱུད་དང་བཅས་པ་ཁེ་ན་ཊ་ལ་མི་གཏོང་པས་རེ་བ་ཡོད། བུ་མོ་མ་བུ་གཉིས་ཁེ་ན་ཊ་ལ་དམིགས་གསལ་དུ་བཏང་དགོས། དེ་མ་གཏོགས་ངན་པ་ལངས་ཤོར་རྒྱ་ཡན་བཏང་ན་འགྲོ་བ་མིའི་རིགས་ཀྱི་ཁྱད་ཆོས་རླག་ཚར་བ་ཡིན།།
ངོ་མ་སྤྱི་ཚོགས་རྙིང་པ་ཟེར་པ་འདི་འདྲ་ཡིན་གྱི་རེད་བསམ་པ་དྲན་གྱི་འདུག་དོན་དམ་འདི་ནི་ད་དུང་ཡང་ཉེས་ཆད་གཅོད་དགོད་པ་བརྗོད་མེད་རེད། བོད་མིའི་ཞབས་འདྲེན་རེད།
བོད་མིའི་ཞབས་འདྲེན།
བུད་མེད་ལྷན་ཚོགས་ནས་ཀྱང་ལྟ་དགོས་ངེས་རེད་
ད་བར་དུ་གནད་དོན་འདི་ལ་བུད་མེད་ལྷན་ཚོགས་ནས་གང་ཡང་གནང་མ་སོང།
འོ་ན་གནད་དོན་འདི་ནི་TWA ཀྱི་དམིགས་ཡུལ་ནང་མ་ཚུད་པ་རེད་དམ།
སློབ་མ་ཞིག་གིས་སློབ་མ་ཞིག་བསད་པ་དེ་ཧ་ཅང་རྫབ་ཆེན་རེད། འོན་ཀྱང་གོང་གི་བུད་མེད་དེ་ལ་བརྙས་སྟངས་དང་དེ་གཉིས་རྩ་བ་ནས་འདྲ་བ་མི་འདུག དྲང་མོར་ཞུས་ན་སློབ་ཕྲུག་ཞིག་གིས་སློབ་ཕྲུག་ཞིག་འཇིག་རྟེན་ནས་བྲལ་བཅུག་པ་དེ་དོན་དངོས་ཐོག་སེམས་བཟང་དང་རེ་བ་ཆེ་ས་ཞིག་ནས་སྟབས་ཉེས་པའི་རྐྱེན་ངན་དེ་བྱུང་བ་དེ། དེ་ཡང་ཅུང་བསམ་བློའི་བློས་སློང་གི་སྟེང་ནས་བལྟས་ན་ཆེད་དུ་མི་ཡུལ་དུ་བྲལ་འཇུག་འདོད་མེད་ལ་ཀུན་སློང་གིས་མ་དག་པ་མེད།
བསྟན་འཛིན་སྒང་གི་བུད་མེད་དེ་ལ་བརྙས་སྟངས་ནི་རྒྱབ་རྩ་མེད་པ་དང་། རྒན་ཚང་ཡིན་པ། ཁ་གཏད་ཆོག་པ། གང་བྱས་བྱས་ཡིན་བསམ་པའི་ཀུན་སློང་མ་དག་པ་ཞིག་གི་ངོ་གདོང་ནས་ཆེད་དུ་བྱས་པ་ཞིག་རེད། བུད་མེད་དེ་མ་ཤི་པ་རེད་མ་གཏོགས་དོན་དངོས་ཐོག་བསད་ཚར་བ་རེད། ལུས་སེམས་གཉིས་ཀ་གཅུང་ནད་དུ་བཏང་ཚར་བ་རེད། མིའི་སྤྱི་ཚོགས་ཀྱི་ཁྲོད་ནས་གཉའ་དམའ་བ་དང་མགོ་བོ་འདེགས་མི་ཐུབ་པ་ཞིག་བཟོས་ཟིན་པས་དེ་ལས་ལྷག་གསོད་སྟངས་ཤིག་དང་ཐུབ་ཚོད་ཞིག་ཡོད་དམ།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཚན་མཁན་དག་གི་རེ་སྐུལ་ལ་ཉན་གི་འདུག་གམ། སོ་སོའི་བསམ་ཚུལ་དེ་བཏོན་པ་ཙམ་མིན་པར། ལག་ལེན་གྱི་ཕྱོགས་ལ་ཤུགས་རྒྱག་དགོས་པ་རེད། སྲིད་སྐྱོང་བ་མཆོག་གིས་ཏན་ཏན་ཐུགས་སྣང་གནང་གི་ཡོད་ཀྱི་རེད། བསམ་འཆར་དག་ཆུད་མི་ཟ་བ་ཞིག་བྱེད་དགོས་པ་རེད།
སྐྱེས་པ་དེའི་བཟའ་ཟླའི་སྤུན་ཉེ་མ་ཡིན་པར་ཁོ་རང་གི་སྤུན་ཉེ་རྣམས་ཡོང་ནས་དེ་འདྲ་བྱེད་དགོས་དོན་གང་ཡིན།
བཟའ་ཟླ་ཡོད་པའི་སྐྱེས་པ་དེས་རྨོ་རྨོ་ཞིག་ལས་མེད་པའི་བུད་མེད་དེར་ལུས་འབྲེལ་བྱས་པ་དང་ཡང་དེའི་སྤུན་ཉེ་རྣམས་ནས་ཉེས་རྡུང་དང་སྣ་བཅད་པ་སྐྲ་བྲེག་པ་སོགས་དེ་འདྲ་ཡ་ང་སྙིང་རྗེ་མེད་པ་ཉམ་ཆུང་ནུས་མེད་ལ་ཐུབ་རྩོད་བྱེད་དགོས་དོན་གང་ཡིན། ཉམ་ཆུང་ལ་ཐུབ་རྩོད་དེ་འདྲ་གཏོང་བར་རྒྱབ་ལང་བྱེད་འདོད་ཡོད་ཁན་ནས་སྐྱེས་པ་དེ་དང་དེའི་སྤུན་ཉེ་སེམས་སོལ་ལས་ནག་པ་དེ་དག་གང་ནས་ཐུག་ཀྱང་གོ་བརྡ་ཞིག་སྤྲད་རོག
འདིར་གཟིགས་པའི་སྤུན་ཟླ་དྲ་གྲོགས་ཚོ་ཉེ་ཆར་གནོད་འཚེ་ཕོག་མཁན་གྱི་བུ་མོ་དང་ཨ་མ་གཉིས་ལ་འབྲེལ་བ་བྱེད་ཐུབ་པའི་རྒྱུད་ལམ་ ཁ་པར་ཨང་གྲངས་དང་ཡང་ན་ཁ་བྱང་སོགས་གང་རུང་ཞིག་མཁོ་སྤྲོད་བྱེད་ཐུབ་ན་ངའི་ཉེ་འཁོར་ན་བོད་རིག་སྤུན་ཟླ་མང་པོ་ཞིག་གིས་རོགས་རམ་དང་སེམས་གསོ་སོགས་ མཐའ་ན་དཔལ་འབྱོར་གི་རོགས་རམ་ཡང་གང་ཐུབ་ཞིག་བྱ་ངེས་ཡིན་ཟེར་མཁན་ཁ་ཤས་ཞིག་འདུག་པས་ སུའི་མཁོ་སྤྲོད་བྱ་ཐུབ་ན་འདིའི་ནང་འབྲེལ་བ་གནང་རོག་ཞུ། telo_telo22@yahoo.com or tsewang12003@yahoo.co.in
དཀར་མཚོ་སྐྱིད་དང་བླ་མ་ཚེ་རིང་བཀྲིས་གཉིས་ཀྱི་བསམ་ཚུལ་འདོན་པ་ལ་དགའ་བསུ་ཞུ། གང་ལྟར་རང་བསྡད་ས་ལ་མི་འཇོག མི་འདུག་ས་ལ་རང་སྡོད་ནས་བསམས་པ་ཡིན་ན་མི་འདྲ་བ་ཞིག་ཏན་ཏན་སྣང་ངེས་རེད། སྒེར་གྱི་བསམ་འཆར་ཙམ་ཡིན།
བཙན་བྱོལ་བ་ཁྱོད་ལ་ཁག་མེད་འདི་དངོས་གནས་ཁྱེད་འདྲ་བའི་ཟ་ཡ་དང་ཏུང་ཡ་མ་ཏོག་གང་ཡང་མི་ཤེས་མཁན་གྱི་བསྟས་ན་དེ་སྟར་དུ་མཐོང་གི
ཡིན་ན་ཡང་མགོ་ལྕི་བོའི་གཙུག་ལ་སྐྲ་སྐྱེ་ཁོག་བྲིན་པའི་ནང་ལ་དྲོད་ཡོད་མཁན་ཞིག་ཡིན་ན་ཕྱོག་ཙམ་ཡང་མི་འདྲ་
འདི་འདྲའི་སྤྱོད་པ་ངན་པ་རྒྱ་མིའང་ལས་མི་སྲིད་པ་རེད། བོད་པའི་བོད་པ་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ། ངོ་མ་ཀླ་ཀློའི་སྤྱོད་པ་རང་རེད། བཀའ་ཤག་གིས་མི་སྤྱོད་ངན་དེ་ཚོར་ཆད་པ་མནན་མོ་གཅོད་དགོས་པ་རེད།
དྲ་གྲོགས་ཚང་མས་དགོངས་འཆར་ལེགས་པོ་སྤེལ་བར་བསྔགས། ལྷག་པར་རྩོམ་པ་པོ་ལྷ་མོ་སྐྱབས་ཀྱི་མཆན་ལ་མོས། དངོས་སྒྲུང་དེ་བལྟ་བར་བསྒུག་ནས་ཡོད། ཐུགས་རྗེ་ཆེ།
བུ་མོ་དེ་དང་ལུས་འབྲེལ་འཛིན་མཁན་གྱི་སྐྱེས་པ་དེའི་མིང་ལ་བསྟན་པ་ཟེར་གྱི་འདུག རྙོག་དྲ་འདིའི་ནང་གི་མི་སྣ་གལ་ཆེན་དེ་རེད། དེ་བས་དྲ་གྲོགས་དང་སྤྱི་ཚོགས་ཀྱི་ངོས་ནས་ཁོ་བོར་ཉེས་ཆད་གང་འབབ་སོགས་གླེང་དགོས་པར་འདོད།
དྲྭ་གྲོགས་རྣམས་ཀྱིས་བསྟན་འཛིན་སྒང་དུ་བུད་མེད་ལ་མཐོང་ཆུང་བྱས་པའི་གནད་དོན་དང་སུ་ཇ་སློབ་གྲྭར་སློབ་མ་བསད་པའི་གནད་དོན་གཉིས་ལ་བསམ་ཚུལ་ལྷུག་པོར་གསུངས་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་དུང་ཁྱེད་རྣམས་ཀྱིས་ཧུར་བརྩོན་ཆེན་པོས་རང་གི་བསམ་ཚུལ་རྣམས་སྐུ་སྒེར་ཡིག་ཚང་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག སྤྱི་འཐུས་གྲོས་ཚོགས། བོད་ཀྱི་ཁྲིམས་ཞིབ་ཁང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ལ་ཡིག་ཐོག་ནས་ཕུལ་ཏེ་གནད་དོན་འདི་གཉིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གར་གྱི་རྩ་ཁྲིམས། བོད་མིའི་བཅའ་ཁྲིམས་ཁག་ལ་བརྟེན་ནས་མི་ངན་དེ་དག་ལ་ཁྲིམས་ཆད་ནན་མོ་གཅོད་དུ་འཇུག་དགོས་པའི་རེ་བ་འདོན་དགོས།
བཙན་བྱོལ་བ་ལགས་དེ་གཉིས་ལ་ཁྱད་ཡོད་གི་འདོད་གི གང་ལགས་ཞུས་ན། གཅིག་ནི་ལག་ཉེས་ལ་སོང་བ་དང་བུད་མེད་དེ་ལ་ཆེད་དུ་ཀླ་ཀློས་དེ་དག་གིས་གཏུམ་སྤྱོད་སྤེལ་བ་རེད། དེའི་ཕྱིར་མི་མང་གིས་ཀྱང་མཆན་དེ་ལྟར་བཀོད་པ་ལས་ཕྱོགས་སུ་ལོང་བ་ཞིག་ཡིན་མི་སྲིད་སྙམ།
ངོ་ཚ་མེད་པའི་ཁྱི་རྒན་ཚོ་བུ་མོ་ེ་དེར་ཅིའི་ཕྱིར་བརྡུང་བ་ཡིན་ནམ།
དངོས་ནས་སེམས་སྐྱོ་བ་ཞིག་རེད།