ཉེ་ཆར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཞིག་དང་ཁང་ཚན་འགན་བདག་བར་འཁྲུག་འཛིང་ཤོར་ཏེ། སློབ་མ་དེ་རྐྱེན་ལམ་དུ་ཕྱིན་ཡོད་པའི་གནས་ཚུལ་དེ་ད་ཆར་འགྲིག་འཇགས་བྱུང་སྟེ། སུ་ཇཱ་སློབ་གྲྭའི་དགེ་ལས་སློབ་མ་དང་འདས་པོའི་གཉེན་འབྲེལ་བཅས་ཀྱིས་ཕུང་བོ་བཞུགས་འབུལ་ཞུས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་གོ་སྐབས་འཛིན་གྲྭའི་སློབ་ཕྲུག་མཁྱེན་རབ་འོད་ཟེར་ཞུ་བ་ཞིག་དང་། ཁང་ཚན་གཙང་སྦྲའི་རྒན་བདག་བློ་བཟང་དབྱིག་གཉེན་དང་བློ་བཟང་བཅས་ཀྱི་བར། ཐ་མག་འཐེན་པའི་གནས་ཚུལ་ཞིག་གིས་འཁོན་འཛིང་ཤོར་མཐར་སློབ་ཕྲུག་མཁྱེན་རབ་རྐྱེན་ལམ་དུ་ཤོར་ཡོད་པའི་གནད་དོན་ཐད། ཕྱི་ཚེས་ ༩ ཉིན་གསར་འགོད་པས་ཁ་པར་བརྒྱུད་སུ་ཇ་སློབ་གྲྭའི་དབུ་འཛིན་དངོས་གྲུབ་དབང་འདུས་ལགས་སུ་ཞིབ་བཅར་འདྲི་བྱས་པར་ཁོང་གིས་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་གནང་དོན། “ཕྱི་ཚེས་ ༥ ཉིན་སློབ་གྲྭའི་ཁང་ཚན་རྒན་བདག་གཉིས་ཀྱིས་འདས་གྲོངས་སུ་ཕྱིན་པའི་སློབ་མ་ཁོང་གིས་ཐ་མ་འཐེན་བཞིན་པ་མཐོང་སྟེ་སློབ་གསོ་གཏོང་སྐབས་ཁ་རྩོད་ཤོར་ཏེ། ཁང་ཚན་རྒན་བདག་གིས་སྔོན་ལ་ལག་པ་བརྐྱངས་འདུག ཕན་ཚུན་བར་འཁྲུག་པ་ཤོར་སྐབས་རྒན་བདག་གཉིས་ཀྱིས་ཁུ་ཚུར་གཞུས་པ་སློབ་མ་ཁོང་གི་བྲང་ཁོག་ལ་འཁེལ་ནས་དྲན་པ་འཐོར་འདུག དགོང་མོའི་ཆུ་ཚོད་ ༡༠ བའི་སྟེང་བྷེ་རྗི་ནཱ་ཐི་སྨན་ཁང་དུ་འཁྲིད་པའི་ལམ་བར་ནས་འདས་གྲོངས་སུ་ཕྱིན་པ་རེད། སྨན་ཁང་ཐག་ཉེ་བོ་ཡིན་དུས་ཆུ་ཚོད་རིང་པོ་དེ་འདྲ་འགོར་ཡོད་པ་མ་རེད། ཡིན་ནའང་། ངས་གནས་ཚུལ་ཤེས་དུས་དགོང་མོའི་ཆུ་ཚོད་ ༡༡ རེད” ཅེས་བརྗོད་བྱུང་།
ཡང་ཁོང་ལ་སློབ་གྲྭའི་ནང་སློབ་མར་གཅར་རྡུང་བྱེད་པ་དེ་སློབ་གྲྭའི་སྒྲིག་སྲོལ་དང་མཐུན་མིན་དྲིས་སྐབས། “སྔོན་མ་སུ་ཇཱ་སློབ་གྲྭ་རང་ལ་སྒྲིག་སྲོལ་ཞིག་ཡོད་ཀྱང་། ཕྱིས་སུ་བོད་ཁྱིམ་གྱིས་སློབ་གྲྭ་ཡོངས་ལ་སྒྲིག་སྲོལ་གཅིག་གྱུར་བཟོས་ཏེ། གོང་རིམ་གྱི་བཀའ་ཁྱབ་ཚང་མའི་ནང་སློབ་མར་ཉེས་རྡུང་བཏང་ཆོག་གི་མེད་པ་དེ་དངོས་ཡོད་རེད། ཡིན་ནའང་། སྐབས་རེར་ང་ཚོ་མགོ་ཁྲིད་ཀྱིས་ཧ་མ་གོ་བར་ནང་ཁུལ་ནས་ཉེས་རྡུང་གི་གནས་ཚུལ་འདི་རིགས་བྱུང་བ་རེད། སློབ་མར་ཉེས་རྡུང་གཏོང་བ་དེ་ང་ཚོའི་སྒྲིག་སྲོལ་དང་རྩ་བ་ཉིད་ནས་མཐུན་གྱི་ཡོད་པ་མ་རེད” ཅེས་བརྗོད་བྱུང་།
མཐའ་མར་ཁོང་ལ་ཐེངས་འདིའི་གནས་ཚུལ་དེ་རྒྱ་གར་ཉེན་རྟོག་པས་ཐེ་ཇུས་བྱེད་ཀྱི་ཡོད་མེད་དང་ནང་ཁུལ་ནས་ཐག་གཅོད་བྱས་ཡོད་མེད་དྲིས་པར། “ད་ལྟའི་བར་ང་ཚོས་རྒྱ་གར་ཉེན་རྟོག་པར་གནས་ཚུལ་ཞུས་མེད། རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཏྲེ་ཧོར་ཁང་ཚན་གྱི་འདས་པའི་ཞང་སྔགས་རམས་པ་བློ་བཟང་རྣམ་རྒྱལ་དང་། འདས་པའི་གཅེས་པོ་བློ་བཟང་ཐུབ་བསྟན། དགེ་བཤེས་བློ་བཟང་ཆོས་ལྡན། གྲྭ་བཀྲ་ཤིས་ཚེ་རིང་བཅས་ཕེབས་ཏེ། འདས་པོའི་བེམ་པོར་བརྟག་དཔྱད་བྱས་ཟིན་པར་མ་ཟད། སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་ཙམ་མིན་པར་དངོས་སུ་མཐོང་མཁན་གྱི་སློབ་མ་མང་པོར་བཀའ་འདྲི་གནང་བ་རེད། ཕྱི་ཚེས་ ༧ ཉིན་སློབ་གྲྭའི་འགན་འཛིན་ལྷན་ཚོགས་བསྡུ་སྐོང་གིས་གྲོས་བསྡུར་བྱས་ཏེ། སློབ་གྲྭའི་ངོས་ནས་ཁང་ཚན་རྒན་བདག་གཉིས་སློབ་གྲྭའི་སྒྲིག་ཁྲིམས་དང་འགལ་ཡོད་སྟབས་ཕྱིར་འཕུད་གཏོང་རྒྱུ་བྱས་ཀྱང་། འདས་པོ་ཁོང་གི་སྤུན་མཆེད་ཚོས་རྐྱེན་ངན་པའི་དབང་གིས་ཁོང་འདས་ཟིན་པ་རེད། རྒན་བདག་གཉིས་བོད་ནས་ཡོང་བ་རེད། ཁོང་གཉིས་ཀྱི་སློབ་སྦྱོང་གོ་སྐབས་མི་བརླག་པའི་ཆེད་དུ་སློབ་གྲྭར་མུ་མཐུད་འཇོག་དགོས་སྐོར་བརྗོད་དེ། རྒན་བདག་གཉིས་མུ་མཐུད་སློབ་གྲྭར་འཇོག་རྒྱུ་བྱས་ཡོད། སློབ་གྲྭའི་ངོས་ནས་ཁོང་གཉིས་ཀྱིས་འགྱོད་བཤགས་ཀྱི་ཆེད་དུ་ལོ་གཅིག་རིང་སློབ་གྲྭའི་ནང་དགོང་གི་སྐབས་སུ་ཞལ་འདོན་དང་ཕྱག་འཚལ་རྒྱུ་དང་། མ་འོངས་པར་སློབ་གྲྭའི་ནང་འཁོན་འཛིན་དང་འཁྲུག་འཛིང་གི་རིགས་མི་ཡོང་ཆེད་ཡིག་ཚད་གྲུབ་རྗེས་སློབ་གྲྭའི་དགེ་སློབ་ཚང་མས་མདུན་ནས་འགན་ལེན་ཡི་གེ་ཀློག་རྒྱུ་ཐག་གཅོད་བྱས་ཡོད། གནས་ཚུལ་དེ་ཐག་གཅོད་གནང་ཐུབ་པ་དེ་གཙོ་བོ་དགེ་བཤེས་ཁོང་རྣམ་པའི་བཀའ་དྲིན་རེད། སློབ་གྲྭའི་ངོས་ནས་ཁོང་རྣམ་པ་འགྱོད་བཤགས་ཡི་གེ་ཕུལ་ཡོད་ལ། ཁོང་ཚོའི་ངོས་ནས་ཐེངས་འདིར་སློབ་གྲྭའི་འགན་འཛིན་ལྷན་ཚོགས་དང་སློབ་གྲྭའི་དགེ་རྒན། དེ་བཞིན་སློབ་གྲྭའི་རྒན་བདག་གཉིས་བཅས་ལ་གནས་ཚུལ་འདི་དང་འབྲེལ་བའི་ལམ་སྟོན་རིམ་པ་གནང་སོང་། ཕྱི་ཚེས་ ༨ འདས་པོ་གཉེན་འབྲེལ་དག་དང་ལྷན་དུ་ཕུང་བོ་བཞུགས་འབུལ་བྱས་ཡོད” ཅེས་བརྗོད་བྱུང་།
ཐེངས་འདིར་འདས་གྲོངས་སུ་ཕྱིན་པའི་སློབ་མ་མཁྱེན་རབ་འོད་ཟེར་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་ཏྲེ་ཧོ་མཚོ་མགོ་ནས་ཡིན་ཞིང་། ཇཱ་བོད་ཁྱིམ་སློབ་གྲྭའི་གོ་སྐབས་འཛིན་གྲྭར་ཞུགས་ཏེ་ཟླ་ ༤ ལས་ལྷག་ཕྱིན་ཡོད་འདུག
གསར་འགོད་པ། དོན་གོ
ཏྲེ་ཐུབ་བསྟན་གྱིས།
ཟླ་འདིའི་ཚེས་༠༥ཉིན་ གྱི་དགོང་མོར་སུང་ཇ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་རྒན་བདག་གཉིས་ཀྱིས་སློབ་མ་ ཞིག་བརྡུང་ཏེ་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར་སློབ་གྲྭ་དེ་གར་ཆེད་བཅར་གྱིས་ གནས་ཚུལ་རྒྱུས་ལོན་བྱས་པའི་གོ་སྐབས་བྱུང་བས།གཤམ་ནས་དེའི་སྐོར་གྱི་གནས་ཚུལ་ རགས་ཙམ་ངོ་སྤྲོད་ཞུས་ན།དེའང་གནས་ཚུལ་དེ་ལྷག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ སློབ་གྲྭའི་སྒྲིག་སྲོལ་དང་འགལ་བའི་ཐ་མག་འཐེན་པའི་ཉེས་པ་ལ་བརྟེན་ནས་བྱུང་བ་ ཡིན་ཞིང་།སྤྱིར་ སློབ་གྲྭའི་སྒྲིག་སྲོལ་ལྟར་ན་ཐ་མག་འཐེན་མཁན་གྱི་སློབ་ཕྲུག་དེས་རྗེས་སུ་མི་ འཐེན་པའི་དམ་བཅའི་ཡི་གེ་བྲིས་ཏེ་སྤྱི་ཁྱབ་རྒན་བདག་དང་ཁང་ཚན་རྒན་བདག དེ་བཞིན་ཉལ་ཁང་རྒན་བདག་སོགས་རེ་རེའི་མདུན་ནས་ས་རྟགས་བཟེད་དགོས་འདུག སློབ་ཕྲུག་འདས་པོ་དེས་ཐེངས་དང་པོར་ཐ་མག་འཐེན་པ་རྒན་བདག་གིས་ཤེས་ཏེ་དམ་བཅའི་ ཡི་གེ་དང་ས་རྟགས་སོགས་རྒྱག་ཡོད་ཀྱང་། ཐེངས་གཉིས་པར་ཡང་ཉལ་ཁང་གཅིག་པའི་ཁང་ཚན་རྒན་བདག་གིས་དྲི་མ་ལ་བརྟེན་ནས་ཤེས་ པར་བརྟེན་ཁོས་ཀྱང་ཁས་ལེན་བྱས་ཡོད་པ་དང་། རྗེས་སུ་མི་འཐེན་པའི་དམ་བཅའི་ཡི་གེའང་བྲིས་ཏེ་ཡི་གེའི་ནང་དུ་ཁོ་པས་ཕ་ཡུལ་ལ་ ཡོད་དུས་ནས་ཐ་མག་འཐེན་ཏེ་དུས་ཚོད་ཡུན་རིང་སོང་བས་ད་ལྟ་གློ་བུར་དུ་སྤངས་ དགོས་ན་ཧ་ཅང་དཀའ་ངལ་འདུག་སོགས་བྲིས་འདུག
འོན་ཀྱང་སྟབས་ལེགས་པ་ཞིག་ ལ་ཡི་གེ་དེ་ཁྱེར་ནས་ས་རྟགས་ལེན་པར་མ་སོང་བར་ཞག་ཁ་ཤས་འགོར་འདུག་པས།ཁང་ཚན་ རྒན་བདག་དེས་ས་རྟགས་བཟེད་མ་སོང་བའི་རྒྱུ་མཚན་སོགས་དྲིས་ཏེ་ཁོ་གཉིས་བར་ཁ་ རྩོད་ཕྲན་ཙམ་ཤོར་ཡོད་པ་དང་།རྒན་བདག་གིས་འགྲམ་ལྕག་ཞུས་འདུག དེ་མ་ཐག་འདས་པོས་ཀྱང་སློབ་མའི་བར་ལག་པ་བཀྱགས་པར་བཟོད་བསྲན་མ་ཐུབ་པར་བྲང་ལ་ འཇུས་ཏེ་ཕྱིར་ལན་བསློག་གྲབས་བྱས་སྐབས།རྒན་ བདག་དེ་དང་ཁོའི་རོགས་པ་ཡང་རྒན་བདག་གཞན་གཉིས་ཀྱིས་གཅིག་གིས་རྒྱབ་ནས་འཇུས་པ་ དང་ཁང་ཚན་རྒན་བདག་དེས་ལག་གཡས་པས་ཕོ་བའམ་མཆིན་འོག་ཏུ་ཕར་ཁུར་ཚུར་གྱིས་ཤུགས་ ཆེན་པོས་གསུམ་བཞི་ཙམ་བཞུས་མ་ཐག སློབ་མ་འདས་པོ་དེས་དབུགས་འཐེན་ཙམ་འཐེན་ཙམ་བྱས་ཏེ་སར་འགྱེལ་འདུག
དེ་ མ་ཐག་ཉལ་ཁང་ནང་གི་སློབ་གྲོགས་ཚོས་དབུགས་ཕྱིར་ལེན་ཐུབ་པའི་ཐབས་ཤེས་འདྲ་མིན་ བྱས་ཀྱང་མ་ཐུབ་པའི་མཐར་སློབ་གྲྭའི་སྨན་ཁང་ནང་དུ་བསྐྱེལ་འདུག ཡིན་ནའང་སྐབས་དེ་དུས་ནི་མཚན་མོའི་ཆུ་ཚོད་བཅུ་མ་ཟིན་ཙམ་ཡིན་པ་དང་སློབ་གྲྭའི་ སྨན་ཁང་གི་ཛ་དྲག་མྱུར་སྐྱོབ་ཀྱི་མཚན་རེས་པ་དེའང་ཉལ་ནས་ཡོད་སྟབས་དུས་ཚོད་ སྐར་མ་ཁ་ཤས་འགོར་འདུག
སློབ་གྲྭའི་སྨན་ཁང་དུ་ སྨན་སྤྲད་པ་དང་ཁབ་རྒྱག་པ་ཙམ་ ལས་ཛ་དྲག་མྱུར་སྐྱོབ་ཀྱི་སྨན་ཁང་གི་ཆ་རྐྱེན་གཅིག་ཀྱང་མེད་པས་ཁབ་ཅིག་རྒྱབ་ ཀྱང་མ་སོང་བར་བརྟེན།ད་གཟོད་རྒྱ་གར་སྨན་ཁང་དུ་མ་བསྐྱལ་ན་ཐབས་ཤེས་མི་འདུག་ ཟེར།
ཕྱིའི་སྨན་ཁང་དུ་བསྐྱལ་རྒྱུའི་འགན་དེ་ཡང་སྨན་པ་གཞན་ཞིག་ལ་ཡོད་པས་དེ་སྐད་བཏང་བར་མ་མཐའ་སྐར་མ་ལྔ་ཙམ་འགོར་འདུག
དེ་ནས་སློབ་གྲྭ་དང་ཆེས་ཐག་ཉེ་ཤོས་ཀྱི་རྒྱ་གར་སྨན་ཁང་ཞིག་གི་ལམ་དུ་ནམ་རྒྱུན་སྐར་མ་ཉི་ཤུ་ཙམ་འགོར་བའི་ཐག་ཡོད་པའི་སར་བསྐྱལ།
རྒྱ་གར་སྨན་ཁང་དུ་འབྱོར་ མ་ཐག་སྨན་པས་བརྟགས་དཔྱད་བྱས་པར་བརྒྱུད་ནད་པ་ཆུ་ཚོད་ ཕྱེད་ཀའི་སྔོན་ཙམ་ནས་ཤི་ཚར་འདུག་ཅེས་ཚིག་ཐག་ཆོད་པོའི་བཤད་འདུག
རྒན་བདག་སློབ་མ་དེས་ བརྡུང་པ་ནས་བརྩིས་པའི་རྒྱ་གར་སྨན་ཁང་དུ་མ་སླེབས་བར་གྱི་ དུས་ཚོད་དེ་རགས་བརྩིས་ཙམ་རྒྱག་ན་ནད་པ་ཕལ་ཆེར་སློབ་གྲྭའི་སྨན་ཁང་དུ་ཤི་ཡོད་ འདུག
སྤྱིར་དོན་རྐྱེན་འདི་ སྟབས་མ་ལེགས་པར་བྱུང་བ་ཞིག་ཡིན་པར་བཤད་ཆོག་ཀྱང་ཞིབ་ཏུ་བསམ་ན་འདིའི་འགན་ འཁྲི་ནི་བསད་མཁན་གྱི་མི་དེ་ཙམ་མ་ཚད་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་གྱི་དགེ་ རྒན་དང་སློབ་སྤྱི།
སློབ་གྲྭའི་དབུ་འཛིན་སོགས་ཚང་མ་ལ་ཡོད་པ་ཞིག་རེད།
སུང་ཇ་སློབ་གྲྭར་ལྟ་བུར་མཚོན་ན་ད་ཐེངས་ཙམ་མིན་པར་དེ་སྔོན་ཀྱང་གནས་ཚུལ་འདིའི་རིགས་ཐེངས་མང་པོ་བྱུང་མྱོང་ཡོད་འདུག
༢༠༠༥ལོར་སློབ་གྲྭའི་སྤྱི་ ཁྱབ་རྒན་བདག་གིས་སློབ་ཕྲུག་ཅིག་ལ་ཉེས་བརྡུང་ཚབས་ཆེན་བཏང་པར་བརྟེན།སློབ་ ཕྲུག་དེས་ན་ཟུག་དེ་སེམས་ལ་བཅངས་ཏེ་མཚན་མོ་ཞིག་ལ་རྒན་བདག་ཉལ་ཡོད་པའི་སྐབས་ དང་བསྟུན་ནས་རྒན་བདག་གི་གཟུགས་པོ་གང་སར་གྲིས་བཙུགསཏེ་མ་ཤི་ཙམ་བྱུང་ཡོད་འདུག
དེ་ བཞིན་དེ་ལྟ་བུའི་གནས་ཚུལ་ཆུང་ཚགས་རིགས་ཐེངས་དུ་མར་བྱུང་ཡོད་ཀྱང་དེ་ལ་འཕྲལ་ སེལ་ཙམ་ལས་སྣག་ཐོག་བཙགས་ཁེལ་གྱིས་ཉེན་འགོག་གི་ཁྲིམས་དང་སྒྲིག་སྲོལ་མེད་པར་ ངན་པ་རྒྱ་ཡན་དུ་བཏང་པའི་གནད་དོན་ལ་བརྟེན་ནས་བྱུང་བ་ཡིན་པ་ནི་གདོན་མི་ཟ་བ་ ཞིག་རེད།
ཕ་མ་དང་དགེ་རྒན་གྱིས་ཀྱང་ཕྲུ་གུར་ལག་པ་འཆང་མི་ཆོག་པའི་དུས་འདིར་སློབ་མས་སློབ་མར་བརྡུང་ཏེ་བསད་པའི་དོན་རྐྱེན་འདི་ཆུང་ཆུང་ཞིག་ག་ལ་ཡིན།
སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་གཉིས་ལའང་དེའི་སྐོར་ཉེན་འགོག་གི་སྒྲིག་སྲོལ་ཁ་གསལ་གཏིང་གསལ་ཞིག་ཡོད་རབས་གཏན་ནས་གསུང་རྒྱུ་མི་འདུག
ད་དུང་སློབ་གྲྭའི་སྨན་ཁང་ གི་ལས་བྱེད་མི་སྣར་ལ་ཡང་འགན་འཁྲི་ཡོད་དེ།དུས་ཐོག་ཏུ་ཛ་དྲག་མྱུར་སྐྱོབ་བྱས་ ཐུབ་མེད་པ་དང་དུས་ཚོད་འགོར་འགྱངས་བཏང་བ་སོགས་ནི་ཧ་ཅང་གི་བློ་ཕམ་སྐྱེ་གཞིའི་ གནད་དོན་ཡིན་ཏེ།མི་ཞིག་གི་དབུགས་བཏང་ལེན་མ་ཐུབ་པའི་ཛ་དྲག་གི་སྐབས་སུ་སྨན་ དང་ཁབ་ཙམ་གྱིས་ཇི་ལྟར་ཕན།སློབ་མ་ཞིག་གིས་བཤད་པ་ལྟར་ན་དེ་སྔོན་ཡང་སློབ་ གྲྭའི་སྨན་པས་སློབ་མ་ནད་པ་ཞིག་ ལ་ཟླ་ཤས་རིང་སྨན་ལོག་ཟ་བཅུག་པར་བརྟེན་ཀླད་པར་སྐྱོན་ཤོར་ཏེ་སེམས་པ་མ་ཐང་བའི་ ཚད་ལ་སླེབས་སྐབས།ནད་པའི་སྤུན་མཆེད་ཀྱིས་སློབ་གྲྭ་ནས་འཁྲིད་དེ་རྒྱ་གར་སྨན་ ཁང་ཞིག་ཏུ་བརྟག་དཔྱད་བྱས་སྐབས་སྨན་ལོག་བཏང་བ་ཡིན་པ་ར་འཕྲོད་འདུག
སུང་ཇ་ནི་བོད་ཁྱིམ་སློབ་གྲྭ་གཞན་དག་ལས་ཀྱང་ཁ་ལག་དང་མཐུན་རྐྱེན་སོགས་ཞན་ པས་(ཏྲི་བི)་ གློ་བའི་ནད་པ་ནི་རྒྱུན་མི་ཆད་པ་དང་སློབ་མ་ཚོའི་ངོ་གདོང་ལ་བལྟས་ པས་ཀྱང་ཤེས་ཐུབ།བོད་ནས་ཕ་མ་དང་སྤུན་མཆེད་ཚོས་བཙན་བྱོལ་གཞུང་ལ་རེ་བ་དེ་ཙམ་ ཆེན་པོ་རྒྱག་ནས་རང་གི་བུ་ཕྲུག་རྒྱ་གར་ཏུ་བཏང་ཡང་།འདི་ ནས་སྣང་མེད་དང་འཐུས་ཤོར་ཐ་ན་སློབ་གྲྭའི་ཁོར་ཡུག་ཏུ་བརྡུང་དེ་བསད་པ་དང་སྨན་ ལོག་བཏང་ཏེ་སྨྱོ་བཅུག་པའི་གནད་དོན་འདི་དག་ངོ་མ་རྒྱ་ཕར་ཕྱོགས་ཀྱིས་བལྟས་ན་ དགོད་བྲོ་བ་དང་།
རང་རིགས་ཚུར་ཕྱོགས་ནས་བསམ་ན་བློ་ཕམ་དགོས་ས་ཞིག་ཅི་ལ་མིན།
ཐེངས་འདིའི་མི་གསོད་དོན་ རྐྱེན་འདི་ཅིས་ཀྱང་བྱུང་ཚར་བས་མི་སྲོག་བསྐྱར་གསོས་ཀྱི་ཐབས་ཤེས་མེད་ཀྱང་དོན་ རྐྱེན་འདི་ལ་བརྟེན་ནས་ྗེས་མ་འོངས་པར་བཙན་བྱོལ་གྱི་སློབ་གྲྭ་ཁག་དང་ལྷག་པར་ དུ་སུང་ཇ་བོད་ཁྱིམ་སློབ་གྲྭར་གནས་ཚུལ་དེའི་ རིགས་མི་ལྷག་པའི་ཆེད་དུ།གནད་དོན་དུ་ཐག་བཅད་ནན་པོ་དང་ཁ་གསལ་གཏིང་གསལ་རྗེས་ སུའང་དཔེ་སྟོན་ྱི་ནུས་པ་ལྡན་པའི་ཐག་བཅད་ཅིག་ནི་ཅིས་ཀྱང་བྱ་དགོས་ངེས་ཡིན་ ཞིང་།ད་ ཐེངས་ཀྱང་སྣང་མེད་ངང་ཡ་ཡོལ་ཙམ་གྱིས་འགེབ་ཐབས་བྱས་ནི་རང་གཞན་ཉིས་ཀར་ཁེ་ཕན་ མེད་པ་མ་ཟད་མ་འོངས་པའང་དེའི་རིགས་མ་འབྱུང་བའི་ངེས་པ་མེད་དོ།
འདི་ནི་ཁ་སྡ་དྲ་བ་ལས་བཤུས་
དགེ་བཤེས་རྣམས་པ་ལ་ཐུགས་རྗེས་ཆེ་ཞུ་རྒྱུ་དང་། དགེ་བཤེས་རྣམས་པའི་ཐག་གཅོད་བྱེད་པའི་རྣམས་དཀར་དགེ་བའི་འབྲས་བུ་འདིས་ཚེས་འདས་མཁྱེན་རབ་འོད་ཟེར་གྱི་འཁོར་བ་ཐོག་མེད་ནས་བྱས་བསག་བསྡུག་ལྟོང་མ་ལུས་པ་བྱང་ཞིང་དག་ནས་མཐར་རྣམས་མཁྱེན་རྒྱལ་བའི་གོས་འཕང་མྱུར་ཏུ་པར་ཤོགས
ཡིན་ན་ཡང་འདི་འདྲ་ཐག་གཅོད་བྱེད་ན་མ་འོང་བར་སློབ་གྲྭ་འདིས་བསྒྲིགས་འཛིགས་དེ་ཐག་གཅོད་ག་འདྲ་གནང་རྩིས་ཡོད།
“ནག་ཉེས་ཅན་ལ་གུ་ཡངས་དང་བཟོད་སྒོམ་བྱེད་པ་ནི། དོན་གྱིས་ཉེས་མེད་མི་མང་ལ་རྒྱབ་གཏོད་པ་ཡིན་ནོ།”
ཡ་ཡ་རེད་ལགས། དགེ་རྒན་དང་རྒན་བདག་ཚོས་བསམ་དོན་འགྲུབ་སོང་ལགས། ད་དགེ་དང་རྒན་གཉིས་ཀྱིས་ག་རེ་ཅེས་ཀི་ཡིན་ནམ། དེ་འདྲ་བཞག་རྒྱུ་རེད་དམ། ཤི་བོེ་སྙིང་རྗེ་རེད་དམ། དགེ་དང་རྒན་གཉིས་སྐྱིད་པ་ལ། སྔོན་ཆད་སོས་ཇ་བོད་ཁྱིམ་སློབ་གྲྭ་ཟེར། ད་ལྟ་སོས་ཇ་མི་གསོད་སློབ་གྲྭ་ཟེར།་ སེམས་པ་སྐྱོ་བ་ལ།
དོན་དམ་ཡང་དག་གི་དགེ་བཤེས་ཟེར་པ་འདི་འདྲ་རེད་བཀའ་དྲིན་ཆེ། ངོ་མ་རླབས་ཆེན་གྱི་ཐུགས་ཐག་བཅད་འདུག་གུས་བཀུར་དང་ཡི་རིང་ཡོད་དགེ་བཤེས་རྣམས་པ་ཉམས་ལེན་གྱི་གྲུབ་འབྲས་འདི་འདྲ་མིན་ན་གང་ཡིན། འདི་ནི་མིག་དཔེ་བལྟ་ས་ཞིག་མ་ཡིན་ནམ། འདས་བོ་ལ་བསྔོ་སྨོན་གང་ཤེས་ཞུ་རྒྱུ་ཡིན།
སློབ་གྲྭའི་ཐག་གཅོད་དང་གོང་གི་མཆན་འདེབས་མཁན་འགའ་ལྟར་ན།
མུ་མཐུད་ནས་མི་གསོད་དང་བླ་མ་དང་དགེ་བཤེས་རྣམས་གདན་འདྲེན་ཞུ་ནས།
ཕུང་པོ་བཞུགས་འབུལ་ཞུ་ཆོག
དེ་ནས་གང་ཡང་མ་བྱུང་པ་ལྟར་ཡིན་ཟེར་པ་དང་འདྲའོ།
སུ་ཇའི་འཛིན་སྐྱོངས་དག་གནང་ཁག་པོ་བྱུང་ཤག་རེད།
རྗེས་མ་གནས་ཚུལ་འདི་རིགས་བྱུང་ཚེ་དེ་ལྟ་བུའི་ངང་ཐག་ཆོད་ཡས་ཁག་པོ་རེད་གང་ཡིན་ཟེར་ན་དགེ་བཤེས་ལགས་ཚོ་འདྲ་བ་ཧ་ཅང་དཀོན་པོ་རེད་
དེ་རིང་རླུང་རྟ་ཡིན་བསམ་ནས་སྡོད་ཤིག་
ཡིན་ན་ཡང་དགེ་བཤེས་ལགས་ཚོས་འགྲིགས་ཐབས་ཡག་པོ་གནང་འདུག དངོས་ནས་རྗེས་སུ་ཡི་རང་ཞུ་
མེ་ཆེན་པོ་ཆུང་དུ་གཏང་པར་ཐུགས་རྗེ་ཆེ་ཞུ།
འདིའི་ཡོང་རྐྱེན་གཙོ་བོ་ནི་་(ངས་རྒན་བདག་ལ་འགན་བདག་ཅེས་བེད་སྤྱོད་ནས་གཤད་ན་)
༡)འཛིན་སྐྱོངས་ལས་བྱེད་རྣམས་པས་དུས་རྒྱུན་ནས་རང་ལས་ཆེ་པའི་འཁུར་པོའི་འགན་ཞིག་འགན་བདག་རྣམས་
འཁྱེར་དུ་བཅུག་པ་དང་འགན་དག་ཟེར་ནའང་གང་ལྟར་སློབ་མ་རེད་སློབ་མ་ཞིག་གི་སློབ་མ་ཞིག་ལ་བཤད་དུས་དཀའ་ལས་ཡོད་རེད།
༢)ཉེས་རྡུང་བཏང་མི་ཆོག་པའི་སྒྲིགས་གསོལ་ཞིག་ཡོད་པ་དང་འདི་ནི་དགེ་རྒན་གྱི་སློབ་མ་རྡུང་མི་ཆོག་པ་ལྟ་བུ་བོད་ཁྱིམ་ལས་བྱེད་མང་པོས་ངོས་འཛིན་བྱེད་བཞིན་ཡོད་པས་ད་རེས་ཀྱི་གནད་དོན་བྱུང་ཡོད།
༣) ཁང་ཚན་གཙང་སྦྲའི་འགན་བདག་གི་རང་གི་དབང་ཚད་ལས་འགལ་ཏེ་ལས་དོན་སྤེལ་བ། དབང་ཚད་ལས་འགལ་བའི་ལས་དོན་སྤེལ་ཟེར་ན་ཡང་འཛིན་སྐྱོངས་ལ་རག་ལུས་ཡོད་འདི་ནི་དུས་རྒྱུན་ནས་འགན་བདག་ཟེར་བར་ཧ་ཅང་གི་འཁུར་པོ་ཆེན་པོ་ཞིག་ལས་བྱེད་རྣམས་པས་བཀལ་བས་རེད།
ད་དུང་སློབ་གསོ་དང་སློབ་མའི་སེམས་ཁམས་ལ་སོགས་མང་པོ་ཞིག་ལ་རྟེན་ནས་བྱུང་ཡོད་
སུ་ཇ་བོད་ཁྱིམ་ནི་དམིགས་བསལ་ཅན་གྱི་་སློབ་གྲྭ་ཞིག་ཡིན་པས་དམིགས་བསལ་གྱི་སློབ་གསོ་དང་དེ་ལས་ཀྱང་དམིགས་བསལ་གྱི་སེམས་ཁམས་སློབ་གསོ་ཤིན་ཏུ་ནས་གལ་ཆེ་བ་བཅས་ཀྱི་ལས་དོན་ཐད་འཐུས་ཤོར་ཕྱིན་པའི་དབང་གི་ད་རེད་ཀྱི་གནད་དོན་བྱུང་བ་རེད་སྙམ།
འོན་ཀྱང་ཁང་ཚན་གཙང་སྦྲའི་འགན་བདག་བློ་བཟང་དབྱིག་གཉེན་དང་བློ་བཟང་གཉིས་ཧ་ཅང་གི་ཚབས་ཆེན་རེད་ངན་པ་རྒྱ་ཡན་དུ་བཏང་བ་ཟེར་ནའང་ལབ་ཆོག་པ་ཞིག་འདུག ཁྱེད་གཉིས་ལ་དགེ་བཤེས་ལགས་ལྟ་བུ་ཕྲད་པར་རྐྱེན་ངན་འགྲོགས་ཤར་བྱུང་སོམས་ཤིག་
ཤེས་བྱའི་གནས་ལ་སྦྱངས་པ་གྱིས་ནས་དགེ་བཤེས་ལགས་ཚོར་ཁོང་རྣམས་པའི་འདམ་ག་ནི་ཡངས་དག་པ་ཞིག་ཡིན་
པའི་ར་སྤྲོད་གནང་ཐུབ་ན་དགོས་ཡས་རེད།།
གལ་ཏེ་བཅོས་སུ་ཡོད་ན་ནི། །
དེ་ལ་མི་དགའ་བྱ་ཅི་དགོས། །
གལ་ཏེ་བཅོས་སུ་མེད་ན་ནི། །
དེ་ལ་མི་དགའ་བྱས་ཅི་ཕན། །
ཞེས་པའི་ཤོ་ལོ་ཀ་དེ་ནི་ནང་ཆོས་སློབ་གཉེར་བ་ཞིག་གིས་ཆེས་ཐོག་མར་ལྟ་རྒྱུའི་གཞུང་སྤྱོད་འཇུག་ཏུ་ཡོད་པ་དེ་ཡིན་ལ། གོང་གི་དགེ་གཤེས་རྣམས་པ་ནི་དངོས་གནས་ཚིག་བཅད་དེའི་གོ་བ་གཏིང་ཚུག་པ་ཞིག་ལོང་འདུག་པས་བསྔགས་འོས་པ་ཞིག་རེད། །
དངོས་གནས་དགེ་བཤེས་ཚོས་ཡག་པོ་གནང་འདུག་ཐུགས་རྗེ་ཆེ། བོད་པའི་བླ་གྲྭ་འབོད་ན་འདི་འདྲ་ཡིན་རྒྱུ་རེད། ཡར་དཔེ་བལྟ་ས་ཆགས་འདུག
ཚེ་འདས་ཁོང་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་དུ་སྐྱེས་བས་བསྔོ་སྨོན་དང་། བློ་བཟང་རྣམ་རྒྱལ་དང་། བློ་བཟང་ཐུབ་བསྟན། དགེ་བཤེས་བློ་བཟང་ཆོས་ལྡན། གྲྭ་བཀྲ་ཤིས་ཚེ་རིང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཡོད། ཁྱེད་ཅག་གི་བློ་རྒྱ་དེ་ལ་རྗེས་སུ་ཡི་རང་དང་སྔགས་བརྗོད་ཡོད། ཐུགས་རྗེ་ཆེ།
མིག་དཔེ་བལྟ་འོས་པའི་དགེ་བཤེས་རྣམས་པ་ཚོའི་བསམ་བློ་དང་ཡོན་ཏན་ལ་གུས་ཞབས་དང་རྗེས་སུ་ཡི་རངས་ཡོད། ཁྱེད་རྣམས་པ་བཀའ་དྲིན་གྲངས་མེད་ཞུ། ཚེ་འདས་ཁོང་ལ་མ་ཎི་འུར་འདོན་བྱེད།
སྤྱིར་མཆན་འདེབས་པ་ནི་རང་ཉིད་ཀྱི་བསམ་ཚུལ་དང་འདོད་ཕྱོགས་ཁོ་ན་ཡིན་སྟབས་བརྩི་སྲུང་ལོས་ཡོད། འོན་ཀྱང་དོན་དངོས་རྟོགས་མ་རྟོགས་དང་བདེན་རྫུན་དབྱེ་ཤེས་མ་ཤེས་ཀྱི་དབར་ནས་སྤྱི་ཚོགས་ལ་བརྡབ་གསིག་དང་རྙོག་འཛིང་བྱུང་བཞིན་ཡོད། ཐེངས་འདིའི་དོན་རྐྱེན་དེ་ཡང་བསམ་གཟེས་ནས་མིན་མོད་རྐྱེན་ཞེས་པ་དེ་སུ་ཞིག་གི་གཉའ་ལ་ཡོང་མིན་བཤད་ཚོད་མི་ཐུབ། དེ་བས་དོན་རྐྱེན་ཡ་ང་བ་དེ་འདྲ་ཞིག་བྱུང་བ་རེད་ལ་བྱུང་ཚར་བའི་རྗེས་ལ་ཚང་མས་ཁ་གཏོང་བ་དང་། གཅིག་བྱེད་དགོས་པ་རེད།འདི་འགྲིག་ཡོད་པ་མ་རེད། ཕ་གི་བྱུང་ཡོད་བ་མ་རེད་ཞེས་ཁ་གཏོང་རྒྱུ་ཙམ་ལས་བློ་རྒྱ་བསྐྱེད། དཀྱེལ་ཡངས་བའི་བསམ་རྒྱ་ཞིག་དང་ཞི་འགྲིག་དམ་མཐུན་གྱི་ལས་ལ་མི་བརྩོན་པ་ནི་ཧ་ཅང་བློ་ཕམ་དང་ཡིད་སྐྱོ་བའི་གནས་ཤིག་ཏུ་གྱུར། དྲང་མོར་བཤད་ན་སུ་ཇཱ་སློབ་གྲྭ་ནི་ཕྱོགས་གང་ནས་བལྟས་ན་ཧ་ཅང་འབར་ཆོག་ཆོག་གི་མེ་རི་ཞིག་དང་འདྲ། འདི་ལ་དྲང་ཐད་དང་ཕྱོགས་སུ་མ་ལྷུང་བ་ཞིག་བྱེད་དགོས་པ་ལས་གནད་དོན་གང་མང་ཞིག་ལྷག་རྒྱུ་ནི་ལྟ་ཇི་དགོས། དེའི་སྟབས་ཀྱིས་བསམ་བློ་ནན་མོ་ཞིག་མ་བཏང་བར་མཆན་མཁན་ཁ་ཤས་ཀྱིས་སྐྱོན་དང་ངར་སློང་བ་ལྟ་བུའི་མཆན་བུ་འདེབས་པ་ནི་དྲང་མོར་ཞུས་ན་ང་ཚོའི་སྤྱི་ཚོགས་འདི་ཟིང་ཟིང་དུ་བཟོ་འདོན་ཡོད་པ་ལྟ་བུ་སྣང་། ༡༩༩༢ལོར་བྱུང་བ་དེ་ཡང་རྐྱེན་ངན་ཆུང་ངུ་ཞིག་ལས་ཚང་མ་ལ་བརྡབ་གསིག་ཐེབས་པ་རེད། མང་ཆད་ག་ཚོད་ཞིག་བྱུང་བ་རེད་རྒྱ་ནག་གིས་ངན་བྱེད་ང་ཚོ་བྱས་པ་རེད། དེ་ནས་གསར་འབྱོར་ཚོ་བྱས་པའི་མང་ཆད་ཞིག་ཀྱང་བྱུང་བ་རེད། སློབ་གྲྭ་འདིར་ཚོར་ཤུགས་རྣོ་ལ་འབར་ཆོག་ཆོག་ཞེས་པ་འདི་ལ་ཟེར་བ་ཡིན།
ཐེངས་འདིར་ཚང་མས་ཡིད་སྨོན་དང་གུས་བཀུར་ཞུ་འོས་པ་ནི་འདས་བོའི་སྤུ་མཆེད་དག་གིས་བོད་རིགས་སྤྱིའི་གནས་བབ་དང་། སློབ་གྲྭའི་བདེ་སྡུག འདི་ཕྱི་གཉིས་ཀྱི་ཕན་རླབས་ལ་བསམ་ཞིབ་གནང་ནས་ཐག་གཅོད་ལྷ་ཆོས་དང་བསྟུན་གནང་བ་ནི་ང་ཚོས་དུས་རྒྱུན་སྐྱབས་གནས་དགེ་འདུན་གྱི་སྡེ་ཞེས་པའི་ཤཱཀྱའི་དགེ་སྦྱོང་གི་བསམ་རྒྱ་དངོས་གནས་དེ་གནང་བས་དགའ་བ་སྒོམ་ས་ཞིག་དང་ཀུན་གྱིས་མིག་དཔེ་ལེན་དགོས་པ་ཞིག་རེད།
མི་སྲོད་ལག་དམར་བ་དེ་ཚོ་གུར་ཡངས་དུ་བཏང་བ་དེ་ལ་མཐར་ཅིག་ཏུ་ངོ་རྒོལ་ཡོད་།
དགེ་ཤེས་འདི་ཚོ་བྱམས་དང་སྙིང་རྗེ་ཡོད་འདོག་བྱེད་དེ་ཕ་མ་སྤུན་མཆེན་སྲོད་མཁན་ལག་བ་དེ་ཚོ་ཡང་གུར་ཡངས་དུ་བཏང་དེ་བོད་པའི་སྤྱོ་ཚོགས་འདི་ཁྲིམ་མེད་ལུག་མེད་ཀྱི་རྩ་བ་གཙུགས་བཞིན་ཡོད།
ཕར་ཕྱོགས་སུ་རྒྱ་དམག་གིས་དམར་གསོད་ཅིག་བཏང་་་ཚུལ་ཕྱོགས་དེ་བོད་ཕྱིན་སློབ་གྲྭའི་དགེ་བདག་དེ་ཚོས་དམར་གསོད་ཅིག་ན་བོད་མི་རིགས་འདིའི་དུས་ཡུན་ཐུང་ཐུང་ཞིག་ལས་འདངས་ཀྱིས་མ་རེད།
དགེ་བདག་འདི་ཚོའི་གྲེལ་ལ་ཁྲིམ་ཐོག་ནས་ཐག་བཅོད་ཡག་པོ་ཞིག་མ་བྱེད་ཚེས་མུས་མཐུན་ནས་གནས་ཚུལ་དེ་འདྲ་ཡོང་ངེས་རེད
འདས་པོ་ལ་བསྔོ་སྨོན་དང་ཤུལ་བཞུགས་ལ་གདུང་སེམས་མཉམ་སྐྱེད་ཡོད་དངཡོད། དེ་ཟད་འདས་པོ་ཁོང་གི་གཅེལ་པོ་སོགས་ཀྱིས་གནས་ཚུལ་ཐག་གཅོད་ཐད་ལ་བསྔགས་བརྗོད་ཀྱང་ཡང་ཡང་ཞུ། ད་འདི་ནས་ལག་དམར་བ་གཉིས་ལ་རེ་སྐུལ་གཅིག་ཞུ་རྒྱུ་ནི་ཁྱོད་དཉིས་ཀྱི་ད་ནས་བཟུང་སྟེ་ཡོད་ཚད་མི་རིགས་ཀྱི་དོན་དུ་བསམ་དགོས་ལ་བྱེད་ཀྱང་དགོས།
ཁ་སང་དགོང་མོ་མཆན་མང་ཙམ་བྲིས་ནས་གཏོང་བ་ཡིན་མོད་དྲྭ་ཐོག་ཏུ་མི་འགོད་ཚེ་ཉུབ་སྣང་སྐྱེས་སོང་། གང་ལྟར་སྤུན་ཟླའི་མཛའ་རྩེ་སེམས་ནས་མ་དོར་བའི་དགེ་བཤེས་དག་གི་ཐེངས་འདིའི་དོན་རྐྱེན་ཐག་གཅོད་ལེགས་པོ་གནང་འདུག རྗེས་སུ་ཡིད་རང་ཡོད། ནང་ཆོས་ཉམས་སུ་བླངས་པའི་གྲུབ་འབྲས་ལེགས་པོ་འདུག་་་་་་་་་་་་་་
འདས་པོའི་ཞང་པོ་དང་གཅེན་པོ་སོགས་གནང་སྟངས་ལ་རྗེས་སུ་ཡི་རང་ཡོད། གློ་བུར་རྐྱེན་ངན་བྱུང་བ་སྔོན་གྱི་ལན་ཆགས་ཤ་འཁོན་ཞིག་ནས་བྱུང་བ་ཡིན་རྒྱུ་ལས། རྒན་བདག་གཉིས་ཀྱི་ངམ་གནག་གིས་གསོད་སེམས་ཡོད་རྒྱུ་མ་རེད། ནང་ཆོས་ཀྱི་སློབ་གསོ་འདི་གནད་འགག་ལ་ཐུག་དུས་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་མཐོང་ཆོས་སུ་གྱུར་བ་ཞིག་རེད། རྒན་བདག་གཉིས་ཀྱིས་ཀྱང་སྟབས་མ་ལེགས་པར་ལག་ཉེས་ཤོར་བ་ཡིན་སྟབས། འདས་པོའི་ནང་མིས་བསམ་ཤེས་བྱས་པ་ལ་དགའ་བ་སྒོམ་སྟེ། སློབ་སྦྱོང་ལ་རྡོ་རུས་ཐུག་པ་བྱས་ཏེ་བཀའ་དྲིན་བསམ་ཤེས་ཀྱི་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་མི་ཞིག་བྱེད་རྒྱུ་ནི་འགྱོད་བཤགས་ངོ་མ་དེ་རེད།
དགེ་བཤེས་རྣམས་པ་ཐུགས་རྗེས་ཆེ། སྤྱིར་བཏང་མི་ཞིག་གིས་ཁྱོན་ནས་བཟོད་ཐབས་མེད་པའི་གནས་ཚུལ་དེ་འདྲ་སྙིང་སྟོབས་ཆེན་པོས་འདི་འདྲ་ལས་སླ་བོ་ངང་བཞག་པ་ནི་དངོས་ནས་རླབས་ཆེན་གྱི་མཛད་པ་རང་རེད།
རེད་རེད། ངན་པ་རྒྱ་ཡན་དུ་བཏང་ན་རྩ་བ་ནས་འགྲིག་ཐབས་མེད། དྲྭ་ལམ་ཐོག་བོད་ཀྱི་ལ་རྒྱ་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་ཁ་གཡར་ནས་བོད་མིའི་སྤྱི་ཚོགས་ནང་ཟང་ཟིང་བཟོ་ཐབས་དང་། གནས་ཚུལ་ལ་རྒྱུས་ལོན་མེད་པར་བོད་མིའི་ཁ་བྲལ་བྱེད་ཐབས་བྱེད་མཁན་གྱི་དྲྭ་འབུ་འདི་ཚོ་ལའང་ལས་སླ་པོར་བཞག་རྒྱུ་རྕ་བ་མིན་འདུག
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་པ་བཞིན། འདས་པོའི་གཉེན་འབྲེལ་རྣམ་པས་གནང་སྟངས་འདི་རྗེས་སུ་ཡི་རང་གི་གནས་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། བྱང་ཆུབ་སེམས་དཔའ་ཡི་མཛད་པ་འདིའི་རིགས་ཀྱིས་ངན་པ་རྒྱ་ཡན་དུ་ཕྱིན་ཏེ། སྤྱི་ཚོགས་ནང་རྙོག་འཛིང་དང་ར་ལང་ཆ་ལང་ཇེ་མང་ཇེ་མང་དུ་འགྲོ་ཉེན་ཆེ་བས། ཁོ་བོ་ལྟར་ན་མི་གསོད་ཀྱི་གནད་དོན་གལ་ཆེ་འདིའི་རིགས་ལ་སྙིང་རྗེ་གོ་ལོག་ཏུ་བ་སོང་བར་ཐག་གཅོད་ནན་པོ་བྱེད་དགོས་ཀྱི་འདུག གཉིས་ནས་འདས་པོའི་སྤུན་མཆེད་ཉེ་ཤོས་དེ་ཞང་དང་གཅེན་པོ་ཡིན་ཚོད་འདུག ཁོང་གཉིས་ཀྱང་ཞང་དང་གཅེན་པོ་ངོ་མ་ཡིན་མིན་དཔྱད་གཞི་རེད། ལར་ནས་འདས་པོའི་ནང་མི་བོད་ལ་ཡོད་བཞིན་དུ་སློབ་སྤྱི་མཆོག་གིས་དྲ་རྒྱ་འམ་ཁ་པར་བརྒྱུད་དེ་འབྲེལ་བ་མི་བྱེད་པ་ནི་དངོས་གནས་མཁྱེན་ཚར་རེད།
གང་ལྟར་མི་གསོད་གྱོད་གཞི་འདིའི་རིགས་ལ་སློབ་གྲྭ་ནས་ཕྱིར་འབུད་མི་བྱེད་ཀྱང་། ཉེས་པ་དེ་ཙམ་ཞིག་བཏང་ནས་བཞག་ན་གོང་ཞུས་ལྟར་ངན་པ་རྒྱ་ཡན་དུ་འགྲོ་ཉེན་ཆེ་བས་ཕྱོགས་གཉིས་ཀ་ལ་དགོངས་བཞེས་གནོངས་རོགས།
ཚེ་འདས་ཁོང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེས་བས་བསྔོ་སྨོན་དང་།
འདས་པོ་ཁོང་གི་སྤུན་མཆེད་རྣམ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཁྱེད་རྣམ་པའི་དཀྱིལ་ཡངས་ཀྱི་དགོངས་བཞེས་གནང་སྟངས་དེར་ང་ཚོ་བོད་མི་ཡོངས་ཀྱིས་སློབ་སྦྱོང་གནང་དགོས་པ་ཞིག་རེད། གནང་སྟངས་འདི་ནི་ནང་པ་སངས་རྒྱས་པའི་དགེ་བཤེས་ཤིག་གིས་ཉམས་ལེན་ངོ་མ་རེད། ཐུགས་རྗེ་ཆེ།།
འདས་པོ་མཆོག་ལ་མྱ་ངན་ཞུ།
ངས་ཡང་འདིའི་སྐོར་ལ་བསམ་ཚུལ་ཅུང་ཙམ་བྲིས་ཡོད། ཀློག་འདོད་ཡོད་ན་འབྲེལ་ཐག་འོག་གི་འདི་ཡིན།
https://tibettimes.net/wordpress/blogs.php?id=241&post_id=16684
ཤི་པོ་ཁོང་གི་ཤ་གཉེར་ཚོས་ལག་དམརདེ་མུ་མཐུད་ནས་སློབ་གྲྭར་འཇོག་པ་དེ་ཆོས་བརླབ་ཆེན་གྱི་བྱ་བ་ཞིག་རེད་ཡིན་ན་ཡང་ལས་སླ་པོ་ཞིག་རྩ་བ་ཉིདནས་བཞག་རྒྱུམེད་པ་རེད།་
དགེ་བཤེས་མཆོག་གི་གཙོས་འདས་པོ་ཁོང་གི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེད་འདས་པོ་ཁོང་སླར་ཡང་ཕགས་པ་སྤྱན་རེས་གཟིགས་ཀྱི་གདུལ་ཞིང་དུ་མི་ལུས་འཐོབ་པའི་ཆེད་མཆོག་གསུམ་ལ་གསོལ་འདེབ་དང་སྔོ་བ་སྨོན་ལམ་ཡོད། མ་ཟད་ཁྱེད་ཅག་གི་དཀྱེལ་ཡངས་ཆེ་བའི་བློ་རྒྱ་དེ་ལ་རྗེས་སུ་ཡི་རང་དང་སྔགས་བརྗོད་ཡོད། ཐུགས་རྗེ་ཆེ།
གུས་པར་འོས་པའི་དགེ་བཤེས་རྣམ་པས་ཆོས་པའི་རང་ཚུགས་བཟུང་འདུག འདི་ནི་ནང་པ་སངས་རྒྱས་པ་ཞིག་གི་བྱ་སྤྱོད་དངོས་གནས་རེད། ཐུགས་རྗེ་ཆེ། འདི་ལྟའི་རླབས་ཆེན་གྱི་མིག་དཔེ་བསྟན་པ་ལ་སུས་ཀྱང་གུས་པར་བྱ་འོས་སོ། །
འདས་པོའི་སྤུན་མཆེད་ཚོས་དངོས་གནས་ཐུགས་བསམ་ཡག་པོ་བཞེད་འདུག ཐུགས་རྗེ་ཆེ། བོད་ཆོས་ལྡན་ཞིག་ཁམས་ཀྱི་མི་ཡིན་པ་ར་འཕྲོད་ཐུབ་པ་ཞིག་རེད།
གནས་ཚུལ་འདི་བསམ་བསྟན་སྒང་གཞེས་སྒར་ནས་བྱུང་བ་དང་གཏན་ནས་མི་འདྲ། སློབ་ཕྲུག་གཉིས་ཀྱིས་ནག་ཉེས་བསགས་ཡོད་པ་དངོས་ཡོད་ཡིན་ཡང་སློབ་གྲོགས་གཞན་དེ་གསོད་སེམས་ཀྱི་ཀུན་སློང་མེད་པའང་དངོས་ཡོད་ཡིན་པས། འདས་པོའི་སྤུན་མཆེན་གཉིས་ཀྱི་རླབས་ཆེ་བའི་དགོངས་པ་ལ་ཡི་རངས་ཡོད། ཁོང་རྣམ་པ་གཉིས་ལྟ་བའི་མི་རིགས་སྤྱི་ཡོངས་ལ་དགོངས་པ་རྒྱ་ཆེན་ཞུ་མཁན་བོད་ཕྱི་ནང་དུ་དཀོན་པོ་ཡིན་པས། ད་ཐེངས་ཀྱི་དོན་རྐྱེན་འདིས་འཕགས་པའི་དགེ་འདུན་པ་ཞེན་ཚད་འདྲ་ཞིག་དང་། རྒྱལ་གཅེས་པ་ཞེས་ན་ཚད་ག་འདྲ་ཞིག་དགོས་པར་ར་སྤྲོད་བྱས་ཡོད།
འདས་པོ་ཁོང་གི་སྤུན་མཆེད་རྣམས་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་ལྷོ་ཕྱོགས་གྲྭ་ས་ནས་ཕེབས་པ་སྐད་ཆ་གོ་དུས་ཐག་བཅད་དེ་འདྲིག་བཟང་པོ་བཅད་རྒྱུའི་རེ་བ་དང་ཡིད་ཆོས་གཙང་མ་རྒྱབ་པ་གཞི་བཟུང་ཐག་བཅད་བཟང་པོ་གནང་འདུག སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། འདས་པོ་ཁོང་ཀྱང་ལས་ངན་སྡིག་སྒྲུབ་རྣམས་བྱང་ཞིང་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་སྨོན་ལམ་དང་། རྒན་བདག་གཉིས་གཙོས་དགེ་སློབ་ཡོངས་ཀྱི་ད་རིང་རྐྱེན་ངན་དེའི་བར་ཆད་རྣམས་ལྷག་མེད་ལྡོག་ནས་སློབ་གྲའི་སློབ་གྲའི་ལས་དོན་རྣམས་གེགས་མེད་ལྷུན་འགྲུབ་ཡོང་བའི་སྨོན་ལམ་ཞུ། མཐའ་དོན་སློབ་གྲའི་འགན་འཛིན་མཆོག་དང་འབྲས་ཡོད་ལས་བྱེད་ཐུན་མོང་ལ་ཞུ་རྒྱུ་སློབ་ཕྲུག་རྣམས་ལ་བརྩེ་སེམས་ཀྱི་ནམ་ཡང་མ་འདོར་བ་སློབ་ཁྲིད་དང་ཞལ་ལག་དང་འཕྲོད་བསྟེན་སོགས་དུས་ནས་དུས་སུ་ཡར་རྒྱས་རང་བཞིན་ལ་སྐྱེལ་རོགས་ཞུ།