ཉེ་ཆར་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ལྔའི་ནང་ཆིབས་བསྒྱུར་བསྐྱངས་པ་དང་བསྟུན་ཏེ། འཇར་མན་བོད་རིགས་ཚོགས་པའི་གསོལ་འདེབས་ཞུས་དོན་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་འཇར་འཁོད་བོད་རིགས་ ༣༠༠ ཙམ་ལ་( HOTEL NASSAUER HOF )ཞེས་པའི་མགྲོན་ཁང་དུ་མཇལ་ཁ་གནང་ཡོད་ལ། སྐབས་དེར་འཇར་མན་བོད་རིགས་ཚོགས་པས་མཇལ་བཅར་བ་རྣམས་ལ་ཡུ་སྒོར་ ༡༠ རེ་ཡི་འཛིན་བྱང་བཙོང་ཡོད། འཛིན་བྱང་བཙོང་མཁན་བུད་མེད་ཅིག་གིས་དངུལ་དེ་ཚོགས་ཁང་གི་གླ་ཆ་ཡིན་ཚུལ་དང་། ཡུལ་སྒོར་བཅུ་དེ་མ་སྤྲད་ན་ནང་དུ་གཏོང་རྒྱུ་མིན་ཚུལ་བརྗོད་དེ། མཇལ་ཁ་ཞུ་མཁན་ཞིག་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ལེགས་བཤད་བར་ཁ་རྩོད་ཤོར་ཡོད་པའི་གནས་ཚུལ་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་ཀྱི་དུས་བབ་དྲ་བར་བཀོད་ཡོད།
རྙོག་གླེང་དེའི་ཐད་འཇར་མན་བོད་རིགས་ཚོགས་པའི་མཚན་ཐོག་ནས་གསལ་བཤད་ཅིག་གནང་འདུག་ལ། དེ་དང་མཉམ་དུ་ཉེ་ལམ་ཚོགས་ཁང་དེའི་སྐོར་ལ་སུད་སིའི་སྐུ་ཚབ་དོན་གཅོད་དང་ཡིག་འབྲེལ་བྱུང་བའི་ངོ་བཤུས་ཀྱང་སྤེལ་འདུག ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་འཇར་མན་བོད་རིགས་ཚོགས་པས་སུད་སི་སྐུ་ཚབ་དོན་གཅོད་མཆོག་ལ་ཡིག་འབྲེལ་ཞིག་བྱུང་བའི་ནང་། “ ཉེ་ལམ་འདི་ག་བོད་རིགས་ཚོགས་པས་དོན་གཅོད་བརྒྱུད་༧གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་པ་བཞིན། འདི་ཟླའི་ཚེས་ ༢༤ ཉིན་མཇལ་ཁ་གནང་གཏན་འཁེལ་བ་དེ་ལྟར་ཡང་། མཇལ་ཁ་གནང་སའི་ཚོགས་ཁང་དེར་གཡར་རིན་སྤྲོད་དགོན་མིན་དང་། གལ་སྲིད་ཁང་གླའི་ཐད་འདི་ག་བོད་རིགས་ཚོགས་པ་ནས་ཐུགས་ཕན་སོས་པ་དེ་འདྲ་འདུག་ན། ང་ཚོས་རོགས་གང་ཐུབ་བྱ་འཆར་ཡོད ” ཅེས་བཀོད་འདུག་པའི་ལན་དུ། ཉིན་དེ་རང་ལ་སུད་སི་སྐུ་ཚབ་དོན་གཅོད་མཆོག་ནས་ “བོད་རིགས་ཚོགས་པ་ནས་ཚོགས་ཁང་གཡར་གླའི་ཐད་ཐུགས་ཕན་སོས་ན་རོགས་ཕན་གནང་གི་ཡིན་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ། རྩ་བའི་ཚོགས་ཁང་གཡར་གླ་ཡུ་སྒོར་ ༡༥༠༠ ཙམ་གནས་ཀྱི་འདུག་ཀྱང་། བོད་རིགས་ཚོགས་པ་ནས་ཞུ་མི་དགོས་པ་བྱུང་སོང་” ཞེས་ལན་ཕེབས་འདུག
བོད་རིགས་ཚོགས་པའི་གསལ་བཤད་དོན་ཚན་གསུམ་ཡོད་པ་དག་ལས་དོན་ཚན་དང་པོའི་ནང་། འཇར་མན་བོད་རིགས་ཚོགས་པ་ཕྱི་ལོ་ ༡༩༧༩ ཟླ་ ༡༢ ཚེས་ ༢༩ ཉིན་བཙུགས་ཚུན་དུ་བོད་དོན་ཐོག་གྲུབ་འབྲས་མངོན་གསལ་བླངས་པའི་སྐོར་དང་། ལས་འགུལ་རབ་དང་རིམ་པ་སྤེལ་ཏེ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་བསྔགས་བརྗོད་ཐོབ་ཡོད་སྐོར་བཀོད་འདུག དོན་ཚན་གཉིས་པར། “ ས་གནས་གསར་འགོད་པའི་གནས་ཚུལ་དེ་ལོང་བས་རི་མོ་བྲིས་པ་བཞིན་ལག་པར་ཐོག་ཚད་ཚང་མར་ཚོན་ཁྲ་བྱུགས་འདུག གང་ཡིན་ཟེར་ན། ཐོག་མར་མཇལ་ཁ་དགོས་པའི་ཡར་ཞུ་བྱེད་མཁན་བོད་རིགས་ཚོགས་པ་ཡིན་པ་དང་། བོད་ཚོགས་ཀྱིས་མཇལ་ཁ་ཞུས་པ་ཡིན་སྟབས། མཇལ་ཁ་གནང་ཡུལ་གྱི་ཚོགས་ཁང་རིན་འབབ་ཀྱང་སྤྲོད་ཐུབ་དགོས་པ་ཞིག་ཡིན་པས། མི་མང་ས་གནས་ཡུ་སྒོར་བཅུ་རེ་བསྡུས་ཏེ་ཚོགས་སྒེར་གཉིས་ལ་ཁེ་གྱོང་གང་ཡང་མི་ཡོང་ཐབས་བྱས་པ་རེད་ལ། ཕྱོགས་གཞན་ནས་ང་ཚོས་ཡིག་ཐོག་ནས་དོན་གཅོད་ཁང་ལ་ཚོགས་ཁང་རིན་པ་སྤྲོད་འདོད་ཡོད་པའི་བརྡ་ལན་གསལ་བོ་ཞུས་པར་ཟུར་གསལ་ལྟར་ཡིན ” ཞེས་བཀོད་འདུག དེ་དང་མཉམ་དུ་བོད་རིགས་ཚོགས་པའི་༧གོང་ས་མཆོག་གི་མཇལ་ཁ་དངུལ་ལ་བརྗེ་འདོད་མེད་ཅིང་མཇལ་ཁ་ཞུས་པ་དེ་དངུལ་བཟོད་ཆེད་ཀྱང་མིན་པར། མཇལ་ཁའི་སྐབས་སུ་ཞལ་འདེབས་བྱུང་བ་དེ་དག་སྐྱབས་བཅོལ་པ་ལས་ཀ་དང་ཡིག་ཆ་མེད་མཁན་ཚོར་ལམ་གྲོན་དུ་འབུལ་བཞིན་ཡོད་པ། དེའི་ལྷག་མ་རྣམས་བོད་ཚོགས་ཀྱི་མ་དངུལ་ནང་གཏོང་འཆར་ཡོད་ཚུལ་སོགས་བཀོད་འདུག
དོན་ཚན་གསུམ་པར། “ སྤྱིར་ང་ཚོས་སྨྲ་བརྗོད་རང་དབང་དེ་གལ་ཆེར་བརྩི་དགོས་པ་སྨྲས་མེད་རེད་ལ། དེ་ལས་ཀྱང་གནས་ཚུལ་གསར་པ་ཇི་ཞིག་ཐོན་ན་དེར་ཡམ་རྒྱུག་མི་བྱེད་པར། དོན་ངོ་མ་དེ་འཚོལ་ཆེད་བརྟག་དཔྱད་བཏང་། གཞི་ནས་བསམ་ཚུལ་དེ་ཕྱོགས་གཉིས་ཀྱི་འདོད་ཕྱོགས་གང་ལ་འགྲོ་མིན་ལ་མ་ལྟོས་པར་རང་གི་ལྟ་ཕྱོགས་དེ་ཕྱིར་བསྒྲགས་བྱས་ན། བསམ་ཚུལ་སྤེལ་བ་པོ་རང་ཉིད་མི་ཚད་ལྡན་རེད་ལ་སྤྱི་ཚོགས་བརྟན་བརླིང་དང་མི་མང་གི་མཐུན་སྒྲིལ་ལའང་ཕན་རླབས་འཐོན་པ་རེད། ཕྱོགས་གཞན་ནས་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་འབྲི་མཁན་ལ་སྤྱི་ཚོགས་ཀྱི་ཤེས་བྱ་རང་རྐྱ་འཕེར་བའི་དཔྱོད་ཤེས་དང་། གསར་འགོད་ཀྱི་གནས་ཚད་མ་ལོངས་པའི་རྐྱེན་བྱས་ཏེ། དོན་མེད་ངང་སྤྱི་ཚོགས་ནང་རྙོག་ཟིང་སློང་གི་ཡོད་པ་རེད། ཕ་རོལ་དགྲ་ཕྱོགས་ནས་དེ་གོ་སྐབས་ལ་བཟུང་སྟེ་སྐབས་རེར་ང་ཚོར་གནོད་སྐྱོན་ཆེན་པོ་བཟོ་ཐུབ་ཀྱི་ཡོད་པ་རེད། དེས་ན་དོན་ཚན་གསུམ་གྱི་ལམ་ནས་གསལ་བཤད་ཞུས་པ་འདི་འབྲི་མཁན་ལ་ལན་བརྒྱབ་པ་ཞིག་མིན་པར། རྒྱ་ཆེའི་མང་ཚོགས་ལ་དྲན་སྐུལ་དང་སྤྱི་ཚོགས་མཐུན་འབྲེལ་གྱིས་མདོ་དོན་ང་ཚོ་དམིགས་ཡུལ་གཅིག་གི་ཐོག་བསླེབ་ཐུབ་ཐབས་ཀྱི་ཆེད་དུ་ཡིན ” ཞེས་བཀོད་འདུག
གསར་འགོད་པས་ཁ་པར་བརྒྱུད་འཇར་མན་བོད་རིགས་ཚོགས་པའི་ཚོགས་གཞོན་བསོད་ནམས་ལགས་སུ། ཐེངས་འདིའི་༧གོང་ས་མཆོག་གི་མཇལ་ཁའི་སྐབས་ཡུ་སྒོར་ ༡༠ ཡི་འཛིན་བྱང་བཙོང་བ་དེ་འཇར་མན་བོད་རིགས་ཚོགས་པའི་གྲོས་དོན་ཡིན་མིན་བཅར་འདྲི་ཞུས་སྐབས་ཁོང་གིས། “ དགོངས་དག དེའི་སྐོར་ངས་ཁྱོན་ནས་ཧ་གོ་མ་སོང་། ང་སྐབས་དེར་མཇལ་ཁར་ཡང་བཅར་ཐུབ་མ་སོང་། ཡིན་ནའང་དེ་བོད་རིགས་ཚོགས་པས་གྲོས་བསྡུར་བྱས་པ་དེ་འདྲ་མ་རེད། མཇལ་ཁའི་སྐབས་དངུལ་ལེན་མིན་ཚོགས་གཙོས་ང་ལ་ཁྱོན་ནས་དྲིས་མ་སོང་། ཡིན་ནའང་ངས་ཁོང་ལ་སྐད་ཆ་དྲིས་ན་འགྲིག་གི་རེད ” ཅེས་བརྗོད་བྱུང་།
མཇལ་ཁའི་ཉིན་ཚོགས་གཙོ་མཆོག་ལ་ཁ་རྩོད་རྒྱག་མཁན་ཝེ་སི་བྷ་ཌན་ (Wiesbaden ) གྱི་མགོན་པོ་ཞུ་བར། ཉིན་དེར་ཡུ་སྒོར་བཅུ་སྤྲོད་འདོད་མེད་པར་ཚོགས་གཙོར་ཁ་རྩོད་རྒྱག་དོན་སྐོར་དྲིས་པར། “ ཉིན་དེར་མཇལ་ཁར་ཡོང་སྐབས་ཤེས་རབ་ཟེར་བའི་སྐྱེས་དམན་དེས་འཛིན་བྱང་ཞིག་འཚོང་གི་འདུག དེ་ག་རེ་རེད་ཅེས་དྲིས་པར། ཚོགས་ཁང་གི་གླ་ཆ་རེད། དངུལ་མ་བླངས་ན་ཚོགས་ཁང་གི་གླ་ཆ་སུས་སྤྲོད་རྒྱུ་ཡིན། ཞེས་བཀའ་བཀྱོན་འདྲ་ཞིག་བཏང་ཡོང་གི་འདུག ངས་མོ་རང་ལ་ཁྱེད་རང་སུ་ཡིན། ཁྱོད་ལ་འཛིན་བྱང་བཙོང་དུ་འཇུག་མཁན་སུ་རེད་ཅེས་དྲིས་པར། འདི་ང་ཚོའི་བོད་རིགས་ཚོགས་པས་འཚོང་བཞིན་ཡོད་ཟེར། སྐབས་དེར་ང་ཅུང་ཁོང་ཁྲོ་ལངས་བྱུང་། ༧སྐྱབས་མགོན་རིན་པོ་ཆེ་ས་ཆ་འདིར་ཕེབས་ནས་ཉིན་གསུམ་འགྲོ་བཞིན་ཡོད་ཀྱང་། བོད་རིགས་ཚོགས་པའི་མི་ཡིན་ཟེར་ནས་ཡོང་མཁན་མི་རྡོག་གཅིག་མཐོང་ཡ་མི་འདུག ཕེབས་བསུ་དང་མཇལ་ཁའི་ཉིན་རྒྱལ་གླུ་གཏོང་བ་ཚང་མ་ས་གནས་ཚོགས་ཆུང་གིས་གྲ་སྒྲིག་བྱས་པ་རེད། མཇལ་ཁ་དངོས་གཞིའི་སྐབས་ཤིག་ལ་ཚོགས་ཁང་གི་རིན་ཡིན་མདོག་མདོག་དང་། ཁ་ཤས་ཀྱིས་ཞལ་འདེབས་ཡིན་མདོག་མདོག་གིས་དངུལ་བསྡུས་པ་དེ་མང་ཚོགས་ལྐུག་པར་བརྩིས་པ་རེད། ” ཅེས་བརྗོད་བྱུང་།
ཉིན་དེར་མཇལ་ཁའི་འཛིན་བྱང་བཙོང་རོགས་སངས་རྒྱས་ལགས་སུ། མཇལ་ཁའི་ཉིན་མི་ཁ་ཤས་ཀྱིས་ཚོགས་ཁང་གི་རིན་ཡིན་ཚུལ་དང་། ཡང་ཁ་ཤས་ཀྱིས་ཞལ་འདེབས་ཡིན་སྐོར་བཤད་ཀྱི་ཡོད་པ་དེ་གང་འདྲ་ཡིན་མིན་དྲིས་པར། “ དུས་བབ་ཐོག་གི་གསར་འགྱུར་དེ་མཐོང་སོང་། དེ་གནས་ཚུལ་རྫུན་མ་གང་ཡང་མ་རེད། དུས་བབ་ནང་བཀོད་པ་དེ་ག་རང་རེད། ཞོགས་པ་དེར་ཚོགས་གཙོ་མཆོག་གིས་བུ་མོ་ཤེས་རབ་དང་ངེད་གཉིས་ལ། འཛིན་བྱང་བཙོང་རྒྱུ་དང་ཐོ་འགོད་ཐད་རོགས་པ་བྱོས་ཟེར། དང་པོར་ཧྥ་རན་སི་ནས་ཡོང་མཁན་བོད་པ་ ༨ བསླེབས་སོང་། ཁོ་ཚོས་སྒོར་མོ་བཅུ་དེ་ག་རེ་རེད་ཅེས་དྲིས་པའི་ལན་དུ་ལེགས་བཤད་ཀྱིས་ཞལ་འདེབས་རེད་ཟེར། ཡང་བུ་མོ་ཤེས་རབ་ཀྱིས་སྒོར་མོ་དེ་ཚོགས་ཁང་གི་གླ་ཆ་རེད་ཟེར་ནས་འཛིན་བྱང་འཚོང་བཞིན་འདུག སྐབས་དེར་དོན་གཅོད་ཀྱི་ལས་བྱེད་ཅིག་ཕེབས་ཏེ། ཁྱོད་ཚོའི་སྒོར་མོ་དེ་ག་རེ་རེད། ཁ་སང་སྔོན་མ་ནས་ཨེ་མེལ་བརྒྱུད་ཚོགས་ཁང་ལ་རིན་སྤྲོད་མ་དགོས་པ་གསལ་བོར་བཀོད་ཡོད། ཁྱོད་ཚོས་འཛིན་བྱང་བཙོང་བ་དེ་ཁྱོན་ནས་ཡག་པོ་མ་རེད། མཇལ་ཁར་དངུལ་ལེན་གྱི་འདུག་ལབ་གི་རེད། ཁྱོད་ཚོའི་བོད་རིགས་ཚོགས་པའི་དངུལ་ཡིན་ན་ངས་ཧ་གོ་ཡི་མེད་ཟེར ” ཅེས་བརྗོད་བྱུང་།
དེ་རིང་ཁ་པར་བརྒྱུད་སུད་སིའི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་འགྲུབ་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས། ” ཐེངས་འདིར་ཚོགས་ཁང་གི་གླ་ཆའི་མིང་ཐོག་ནས་དངུལ་བླངས་པ་དེ་འགྲིག་གི་ཡོད་པ་མ་རེད། ཚེས་ ༢༤ ཉིན་རྙོག་གླེང་བྱུང་ཡུལ་ནས་ཀྱང་ངས་འགྲེལ་བཤད་གསལ་བོ་ཞུས་པ་ཡིན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་གཉིས་བར་ཡིག་འབྲེལ་གྱི་ལམ་ནས་ཚོགས་ཁང་ལ་གླ་ཆ་དགོས་ཀྱི་མེད་པ་གསལ་བོ་ཆགས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ཚོགས་གཙོར་ཐུགས་ཁག་ཡོད་པ་མ་རེད། ཚོགས་པ་སྒྲིག་འཛུགས་ཤིག་ནས་སྤྱི་བའི་ལས་དོན་བྱ་རྒྱུ་དེ་ལས་བསླ་མོ་ཞིག་རྩ་བ་ནས་མ་རེད། ནམ་རྒྱུན་འཇར་མན་ནང་གི་བོད་མི་ཚོ་མཉམ་དུ་འཛོམ་རྒྱུ་དཀའ་ལས་ཁག་པོ་ཡིན་དུས། གཅིག་བྱས་ན་ཐེངས་འདིའི་གོ་སྐབས་བཟུང་སྟེ་ཚོགས་པར་ཞལ་འདེབས་ཕྲན་བུ་བསྡུ་ཐུབ་ན་བསམ་པ་དེ་འདྲ་ཡིན་རྒྱུ་རེད ” ཅེས་བཀའ་ལན་གནང་བྱུང་།
ས་གནས་གསར་འགོད་པ། ནམ་མཁའ་བསྟན་འཛིན།
མཇལ་ཁའི་དངུལ་ཞེས་བཅོས་རོགས་
དྲ་གྲོགས་གཡུ་དུག་སྦྲང་ལགས།
འདྲི་ལན་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན་ གནད་དོན་མང་པོ་ཞིག་རྒྱུས་ལོན་བྱུང་། ཚོགས་གཙོ་དང་རྒྱུན་ལས་འཕོ་འགྱུར་གྱི་དབང་ཚད་འགན་འཛིན་ལྷན་ཚོགས་ཞེས་རྒན་རྒོན་ཁ་ཤས་ཤིག་གིས་ཐག་གཅོད་བྱེད་སྟངས་དེ་དངོས་གནས་སྐྱོ་པོ་བྱུང་འདུག་
འཇར་མན་ན་བོད་རིགས་དྲུག་བརྒྱ་བདུན་བརྒྱ་ལྷག་ཡོད་ཀྱང་བོད་རིགས་ཚོགས་པར་ཚོགས་དངུལ་སྤྲོད་མཁན་མི་བཞི་བཅུ་ལྷག་ལས་མེད་པ་འདིས་ཀྱང་བསམ་བློ་གཏང་གཞི་ཞིག་ཆགས་འདུག་
ཚོགས་གཙོ་གཞོན་གཉིས་མ་འཆམ་པས་དབང་གིས་ཚོགས་གཙོས་དགོངས་པ་ཞུས་ཏེ་ དེ་རྗེས་ད་ལྟའི་ཚོགས་གཙོར་གོ་ས་རང་ཤུགས་ཀྱི་རེག་པ་ ཁ་རྩོད་རྒྱག་མཁན་གྱི་མི་དེ་ཚོགས་མི་ཡིན་མིན་ཁ་གསལ་མེད་པ་
གཡུ་དུག་སྦྲང་ཁྱེད་ཀྱང་བོད་རིགས་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་མི་གནང་བ་བཅས་ཚང་མ་ལ་བསམ་བློ་གཏང་གཞི་ཆགས་འདུག་
དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་༧གོང་ས་མཆོག་ས་གནས་དེར་ཆིབས་བསྒྱུར་ཉིན་གསུམ་རིང་བསྐྱང་སྐབས་བོད་རིགས་ཚོགས་གཙོ་ཟེར་བ་དང་འགན་འཛིན་ལྷན་ཚོགས་སོགས་མི་གཅིག་གི་གྲིབ་མའང་མཐོང་རྒྱུ་མིད་པ་ཚོགས་ཆུང་གི་ངོས་ནས་མི་རྣམས་ཁག་བགོས་བྱས་ཏེ་ཕེབས་བསུ་དང་མཛད་འཕྲིན་སྐྱོང་ཡུལ་གྱི་ས་གནས་ཁག་ཏུ་ལས་ཀ་ཅི་ཐུབ་གང་ཐུབ་བྱས་པ་ཡིན ། གསུངས་འདུག་ ཚོགས་ཆུང་ཞིག་ཡོད་པ་འདུག་པས་ཚོགས་ཆུང་དང་བོད་ཚོགས་གཉིས་ཀྱང་འབྲེལ་མེད་དེ་འདྲ་ཁྱད་མཚར་ཞིག་རེད་
ཚེས་༢༤་ཉིན་གྱི་ཞོགས་པར་བཀའ་སློབ་གནང་ཡུལ་གྱི་ཚོགས་ཁང་སྒོ་འགྲམ་དུ་བོད་རིགས་ཚོགས་གཙོ་དང་རྒྱུན་ལས་མ་ཡིན་པའི་ཁོ་རང་གི་རོགས་པ་ཁ་ཤས་སྔ་བོ་ནས་འབྱོར་འདུག ། གསུངས་སྟངས་ལ་གཞིགས་ན་ཚོགས་གཙོ་དང་རྒྱུན་ལས་བར་ལའང་འབྲེལ་མེད་ལྟ་བུ་ཞིག་འདུག་། རྙོག་དྲ་མང་བ་ལ་བསྡོམས་རྒྱག་ཤེས་ཐབས་བྲལ་སོང་
ཡང་མཇལ་ཁའི་དངོས་དེ་ཚོགས་གཙོས་སྒེར་བཟའ་བྱེད་སེམས་རེད་ཅེས་ཀྱང་གཤད་དཀའ་བ་ཞིག་རེད་ དེ་འདྲ་གནང་སྲིད་ཀྱི་མ་རེད་དྲན་། གནད་དོན་ཞིག་ཡོད་པ་ཐག་ཆོད་།
མདོར་ན་ད་ལན་གྱི་གནད་དོན་འདི་རྐྱེན་ངན་གྲོགས་ཤར་རུ་དགོངས་ཏེ་འཇར་འཁོད་བོད་རིགས་ཚོས་སེམས་ཤུགས་བསྐྱེད་དེ་ཚོགས་གཙོ་དང་རྒྱུན་ལས་ རྩིས་པ་དང་ དངུལ་གཉེར་བཅས་མང་མོས་འོས་འདེམས་གི་ཐོག་ནས་གནང་ཡ་དང་ རྒྱ་ཆེར་མི་མང་གིས་ཚོགས་དངུལ་ཆད་མེད་འབུལ་ཐུབ་ཐབས་དང་ སྔར་གྱི་སྒེར་འཁོན་འཛིང་སོགས་བསྐྱུར་ཏེ་ ཚང་མ་ཆིག་སྒྲིལ་དང་ སྤྱིར་པའི་རྩ་དོན་ཐོག་ལ་འབུངས་ཐབས་གནང་རོགས་ཞེས་རེ་བསྐུལ་དང་སྨོན་ལམ་འདེབས་ཀྱིན་ཡོད་། མང་པོ་གཅིག་ཏུ་བློ་མཐུན་ན། ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ། སྲོག་ཆགས་གྲོག་མ་ཚོགས་འདུས་ནས། སེངྒེའི་ཕྲུ་གུ་བསད་ཅེས་གྲགས་།
མཇལ་རིན་དངུལ་སྒོར་དེ། འགྲོ་ས་གང་ཞིག་ལ་ཡིན། ཚོགས་པ་གང་ལ་འགྲོ་ཡོད་མིན། ཚོགས་ཁང་གླ་ཡིན་ན་ཡིན་པའི་རྒྱུ་མཚན་དངུལ་འཛིན་དགོས་རེད། གང་ལྟར་རྩིས་ཁྲ་གསལ་པོ་དགོས་རེད། ཁ་བདེ་བོའི་ངོས་ནས་ལམ་བསྐྱལ་བ་དེ་ལྐོག་ཟོས་རུལ་སོང་ཡིན་པའི་མངོན་རྟགས་རེད། མཇལ་རིན་དངུལ་སྒོར་ག་ཚོད་འབྱོར་མིན་ཁ་གསལ་དགོས་རེད། དེ་ནི་དམངས་ཀྱི་སྒོར་མོ་ཡིན་པས་དམངས་ལ་རྩིས་ཁྲ་དགོས་རེད། བོད་གཞུང་ལ་རྩིས་ཁྲ་འབུལ་དགོས་རེད།
ཚོགས་པ་གང་ཞིག་ལ་འགྲོ་ཡོད་མེད་འབྱོར་འཛིན་མངོན་གསལ་གང་ཡང་མེད། ཚོགས་གཙོ་དང་དེའི་རྗེས་འབྲངས་ལས་བྱེད་ག་གེ་མོ་ཞིག་འགའ་ཚོགས་ཁང་གླ་རེད། འགའ་རེས་ཞབས་འདེབས་རེད་ཟེར་ནས་ཕུགས་གཏན་མེད་པའི་སྐད་ཆ་འདྲ་མིན་བྱས་ནས། བོད་འབངས་རྣམས་མགོ་སྐོར་བཏང་ཡོད་རེད། གང་ལྟར་བོད་པའི་ནང་ལོག་ལྐོག་ཟ་རུལ་སོང་ཅན་དེ་ཚོ་འཐེན་འདོན་བྱེད་དགོས་པར་ཧ་ཅང་གལ་ཆེ་རེད། ཚོགས་གཙོ་དེའི་རྒྱབ་ལྗོངས་ཡག་པོ་ཤེས་དགོས།
ཕྱིར་བཞུགས་བོད་པ་ཚོ་དངུལ་སྒོར་བཅུ་ལ་ཕོང་པའི་སྐད་ཆ་གང་ཡང་མེད། ཁྲིམས་ལུགས་དང་མཐུན་པའི་དངུལ་བླངས་མེད་པ་མ་ཟད། སྐྱབས་མགོན་བླ་མ་ལ་བརྩི་བསྐུལ་ཡེ་ནས་བྲལ་ཞིང་། བླ་མ་འཚོང་རྫས་བསྒྱུར་བ་དེ་ཧམ་པ་ཆེ་དྲག་མ་རེད་པས། གལ་སྲིད་ཁོ་རང་དངུལ་སློང་འདོད་ན། ཡིན་ལུགས་མཚན་ལྡན་ངོས་ནས་སློང་ན་བོད་པའི་སྒོར་བཅུའི་ཡན་སྤྲད་རེད། མགོ་བླ་མ་ནས་དམར་སྤྲང་བར་ལ་མགོ་སྐོར་བཏང་བར་དེ་ནག་ཅན་པ་ཞིག་ངོས་འཛིན་བྱས་ན་མི་ཆོག་པ་མེད། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལས་འགལ་བས། དམངས་གཙོ་མཚན་ལྡན་ལམ་ལུགས་དེ་འདྲ་ཞིག་དགོས་རེད་དམ། གང་ལྟར་ང་ཚོ་ནི་སྨྲ་བརྗོད་རང་དབང་ཡོད་རེད།
ཉམས་ཆུང་བོད་དམངས་རྣམས་གཟབ་གཟབ་དགོས་རེད། ད་དུང་མ་འོངས་པ་ཡང་དེ་དང་དེ་འདྲ་བའི་རིགས་འབྱུང་སྲིད་པ་ཞིག་རེད།
དྲ་གྲོགས་བྱམས་རྒྱལ་ལགས། འཇར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་ནི་༢༠༠༧ལོར་དངས་བླངས་ཚོགས་གཙོ་གཞོན་པར་བསྡད་པ་ཞིག་ཡིན། ༢༠༠༩ནང་དུ་ཚོགས་གཙོ་གཞོན་གཉིས་མ་འཆམ་པས་དབང་གིས་ཚོགས་གཙོས་དགོངས་པ་ཞུས་པ་རེད་། དེ་རྗེས་ད་ལྟའི་ཚོགས་གཙོར་གོ་ས་རང་ཤུགས་ཀྱི་རེག་པ་རེད་། ཁ་རྩོད་རྒྱག་མཁན་གྱི་མི་དེ་ཚོགས་མི་ཡིན་མིན་གསལ་བོ་མ་ངེས་མོད་། ད་ལྟའི་ཆར་འཇར་མན་ན་བོད་རིགས་དྲུག་བརྒྱ་བདུན་བརྒྱ་ལྷག་ཡོད ། འཇར་འཁོད་བོད་རིགས་ཚོགས་པར་ཚོགས་དངུལ་སྤྲོད་མཁན་མི་བཞི་བཅུ་ལྷག་ལས་མེད ། ཚོགས་གཙོ་དང་རྒྱུན་ལས་འཕོ་འགྱུར་གྱི་དབང་ཚད་ནི་འགན་འཛིན་ལྷན་ཚོགས་ཞེས་རྒན་རྒོན་ཁ་ཤས་ཤིག་གི་ཐག་གཅོད་བྱེད་ཀྱི་ཡོད ། ང་རང་གི་ངོས་ཀྱང་ཚོགས་དངུལ་སྤྲོད་ཀྱི་མེད་། འོན་ཀྱང་དྭངས་བླངས་དཔྱད་ཁྲལ་ལོ་རེ་བཞིན་ཆད་མྱོང་།
ད་རེས་མཇལ་ཁར་བཅར་མཁན་ཐག་རིང་ཐུང་གང་ས་ནས་ཡོད་། སྒོར་བཅུ་སྤྲོད་ཐུབ་མི་ཐུབ་ཀྱི་སྐད་ཆ་ཤིག་མ་རེད་། འདི་ནི་བོད་མིའི་བཟང་སྤྱོད་དང་འགལ་བའི་གནད་དོན་ཞིག་རེད་། ངས་དཔེ་མཚོན་ཆུང་ཆུང་ཞིག་ཞུ ། ༧གོང་ས་མཆོག་ས་གནས་འདིར་ཆིབས་བསྒྱུར་ཉིན་གསུམ་རིང་བསྐྱང་བ་རེད ། འདིའི་རིང་འཇར་འཁོད་བོད་རིགས་ཚོགས་གཙོ་ཟེར་བ་དང་འགན་འཛིན་ལྷན་ཚོགས་སོགས་མི་གཅིག་གི་གྲིབ་མའང་མཐོང་རྒྱུ་མི་འདུག ། དངོས་གནས་ཡིན་ན་ཁོ་ཚོ་སྔ་མོ་ནས་ས་གནས་འདིར་བཅར་ནས་ཕེབས་བསུ་དང་ས་གནས་མང་ཚོགས་ལ་ལས་ཀ་བཀོད་བསྒྲིག་བྱེད་དགོས ། ཉིན་འདི་འགའི་རིང་ང་ཚོའི་ཚོགས་ཆུང་གི་ངོས་ནས་མི་རྣམས་ཁག་བགོས་བྱས་ཏེ་ཕེབས་བསུ་དང་མཛད་འཕྲིན་སྐྱོང་ཡུལ་གྱི་ས་གནས་ཁག་ཏུ་ལས་ཀ་ཅི་ཐུབ་གང་ཐུབ་བྱས་པ་ཡིན ། ཕྱོགས་གང་ས་ནས་ཕེབས་པའི་འཇལ་བཅར་རྣམས་ལ་སྡོད་གནས་དང་ཞལ་ལག་སོགས་བཀོད་བསྒྲིག་བྱས་པ་ཡིན ། ཚེས་༢༤་ཉིན་གྱི་ཞོགས་པར་བཀའ་སློབ་གནང་ཡུལ་གྱི་ཚོགས་ཁང་སྒཽ་འགྲམ་དུ་བོད་རིགས་ཚོགས་གཙོ་དང་རྒྱུན་ལས་མ་ཡིན་པའི་ཁོ་རང་གི་རོགས་པ་ཁ་ཤས་སྔ་བོ་ནས་འབྱོར་འདུག ། སྐྱེས་དམན་ཞིག་དང་ཕོ་གསར་གཉིས་ཀྱིས་དངུལ་བསྡུ་བཞིན་འདུག ། ཚོགས་གཙོ་ཁོ་རང་གིས་ཚོགས་ཁང་སྒོ་བཀག་ཏེ་བསྡད་འདུག ། དང་པོར་ཚོགས་ཁང་གི་གླ་ཡིན་ཚུལ་དང་རྗེས་ནས་ཞལ་འདེབས་རེད་ཟེར། མི་གཅིག་གིས་ཚོགས་གཙོར་སྐད་ཆ་དྲིས་བ་ངའི་ཐོས་བྱུང་། ཚོགས་གཙོས་ཞལ་འདེབས་རེད་ཟེར ། མི་དེས་ཞལ་འདེབས་ཡིན་ན་ག་ཚོད་སྤྲད་ན་འདོད་པ་རེད་བ་ཟེར ། ཚོགས་གཙོས་བཤད་རྒྱུར་དང་པོ་སྒོར་བཅུ་སྤྲད་ནས་དེའི་སྒང་ལ་ག་ཚོད་སྤྲོད་ན་འདོད་པ་རེད༎ མི་དེས་བཤད་རྒྱུར་འདི་འདྲའི་ཞལ་འདེབས་བསྡུ་སྟངས་ཞིག་གང་ནས་དར་བ་རེད་ཟེར ། འགྲམ་གྱི་མི་མང་པོ་གད་མོ་དགོད་ཀྱི་འདུག ། གལ་སྲིད་ཁྱོད་རང་ཚོ་ཉིན་འདིར་ས་གནས་འདིར་ཡོད་ན་སྒོར་བཅུ་བློས་ཐོང་མི་ཐོང་གི་གནད་དོན་ཞིག་མིན་པར་སེམས་སུ་རང་བཞིན་གྱི་མ་བདེ་ཞིག་དང་ངོ་ཚ་ཞིག་སླེབས་འོང་།
འབྲུག་གྲགས་རྒྱལ་པོ་ལགས ། གོ་སྐབས་ཟེར་བ་སྣ་མང་ཡིན་མོད་ཡོད་ཚད་དངུལ་ལ་བརྗེས་ན་འགྲིག་གི་ཨེ་ཡོད་ན ། ཁྱོད་གྱི་འདི་གནད་དོན་ཆུང་ཆུང་ཞིག་ཏུ་སྣང་ཏེ་འགེབ་འདོད་མོད ། ངས་ནི་གནད་འདིའི་རིགས་བོད་མིའི་བཟང་སྤྱོད་དང་འགལ་བ ། གོ་སྐབས་རིང་ལུགས་པ་ཚོའི་ལྐོག་ཟ་རུལ་ཟུང་གི་ལམ་སྣེ་རེད་བསམ ། ངེས་བར་ཏུ་ཐེར་འདོན་བྱེད་དགོས །
ཕྱིར་བཞུགས་བོད་མིས་དངུལ་ཕོང་སྐད་ཅོ་མེད། །
མཇལ་རིན་དངུལ་སྒོར་གང་འགྲོ་མ་ཤེས་ལུས། །
སྐྱབས་མགོན་བླ་མ་འཚོང་ལ་བསྒྱུར་སྐྱོན་བརྗོད། །
སྲི་ཞུ་བོད་མའི་འགའ་ཡི་བྱས་ཉེས་དེར། །
ང་ཚོའི་བོད་དམངས་སྐྱོ་གདུང་ངུ་འབོད་ཅིག །
གང་འགྲོ་གང་ཡོད་མི་ཤེས་ལྐོག་རུལ་ཆགས། །
ཚོགས་གཙོ་དང་ནི་དེ་ཡི་རྗེས་འབྲངས་འགས། །
སྒེར་བདག་ལྐོག་ཟོས་བྱས་པའི་གླེང་བརྗོད་ཡིན། །
དྲང་བདེན་ལམ་གྱི་ཤོག་དངུལ་བླངས་ན་མཐུན། །
མི་དགོས་མི་བུ་མགོ་སྐོར་བཏང་བ་དང་། །
བྱམས་ལྡན་བླ་མར་ཁྲེལ་མེད་བྱ་སྤྱོད་འདི། །
ཆོལ་གསུམ་ཤི་ཡང་མིག་ནི་འཛུམ་མི་འདོད། །
དཔེ་རེད། རང་ནོར་ངོས་ལེན་མེད་པར་ད་དུང་དོན་མཚན་གསུམ་པའི་ནང་《ཕྱོགས་གཞན་ནས་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་འབྲི་མཁན་ལ་སྤྱི་ཚོགས་ཀྱི་ཤེས་བྱ་རང་རྐྱ་འཕེར་བའི་དཔྱོད་ཤེས་དང་། གསར་འགོད་ཀྱི་གནས་ཚད་མ་ལོངས་པའི་རྐྱེན་བྱས་ཏེ། དོན་མེད་ངང་སྤྱི་ཚོགས་ནང་རྙོག་ཟིང་སློང་གི་ཡོད་པ་རེད། ཕ་རོལ་དགྲ་ཕྱོགས་ནས་དེ་གོ་སྐབས་ལ་བཟུང་སྟེ་སྐབས་རེར་ང་ཚོར་གནོད་སྐྱོན་ཆེན་པོ་བཟོ་ཐུབ་ཀྱི་ཡོད་པ་རེད། 》ཞེས་པའི་བཀོད་སྟངས་ལ་ལྟོས་དང། བཙན་འབྱོལ་སྤྱི་ཚོགས་ནང་སྐད་གྲགས་ཡོད་པའི་དུས་བབ་གསར་ཁང་ལ་སྐྱོན་བརྗོད་དང་། ཉིན་ལྟར་ངལ་བ་ཁྱད་བསད་ཀྱི་ཚད་ལྡན་གྱི་གསར་འགྱུར་ལས་དོན་སྒྲུབ་མཁན་གྱི་གསར་འགོད་པ་ཚོར་དམའ་འབེབ་བྱ་སྟངས་ནི་བཟང་སྤྱོད་དང་འགལ་བའི་བུང་བུ་ཞིག་དང་མཚུངས། གལ་ཏེ་ཁྱོད་ཚོར་བདེན་པ་ཡོད་ན་རྒྱ་མཚན་ཡང་དག་ཞིག་ཤོད་དང།
ཡུ་རོབ་སོགས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཧ་ལམ་ཕལ་ཆེར་མི་སེམས་ཤུགས་ཅན་དང་ ལྷག་བསམ་ཅན་་ ལྷག་པར་དུ་སྤྱིར་སེམས་ཅན་ཤ་སྟག་ཅིག་རྒྱ་ཆེར་མི་མང་གིས་བདམས་ཀྱི་ཡོད་པར་བརྟེན་འཇར་མན་གྱི་ཚོགས་གཙོ་མཆོག་ཀྱང་དེ་བཞིན་ཡིན་ཤག་རེད་དྲན་ ལར་ནས་བོད་རིགས་ཕལ་མོ་ཆེས་ཆང་ཁང་དང་བག་ཁང མཚན་ཚོགས་སོགས་ལ་སྦྱིན་བདག་ང་ཡིན་ཁོ་ཡིན་ཟེར་ནས་བག་མེད་ཀྱི་སྤྱོད་པ་རིགས་ལ་དངུལ་ཕང་སེམས་མེད་པ་བཏང་སྲོལ་ཞིག་འདུག་་་་ཡང་སྤྱིར་དོན་ཐོག་ལ་སྒོར་ལྔ་ཡང་ཕངས་སེམས་སྐྱེ་གི་འདུག་་་ འདི་ཡར་རྟགས་ཤིག་མ་རེད་ སྒོར་བཅུ་སྤྲད་འདོད་མེད་པའི་མི་དེས་ཆེད་མངགས་མཇལ་ཁའི་སྐབས་ཟིང་ཆ་སློང་བ་ཡིན་སྲིད་པ་ཞིག་རེད་ དེ་མིན་མཇལ་ཁ་སྐབས་ཟིང་ཆ་མེད་པ་རྗེས་སུ་ཚོགས་གཙོ་མཆོག་ལ་རྒྱུ་མ་ཕུ་འདེད་བྱེད་ཆོག་གི་རེད་བ་་་་མདོར་ན་སྤྱིར་དོན་འགན་འཁུར་མཁན་གྱི་མི་བུ་ལྷག་བསམ་ཅན་དག་ལ་སྲུང་སྐྱོབ་མ་བྱེད་ན་ ཕྱིས་སུ་བོད་པའི་སྤྱི་ཚོགས་ནང་སྤྱི་དོན་བསྒྲུབ་པར་ཞེད་སྣང་སྐྱེ་དགོས་ཡ་དེ་འདྲ་ཡོང་སྲིད་པ་འདུག་ གཡུ་དུག་སྦྲང་ལགས། སྒོར་བཅུ་སྤྲད་འདོད་མེད་པའི་མི་དེ་འཇར་མན་བོད་རིགས་ཚོགས་པའི་ཚོགས་མིའི་ཁུངས་སུ་ཡོད་མེད་དང་ ཚོགས་གཙོ་ཡང་མང་མོས་འོས་འདེམས་གནང་བ་ཡིན་མིན་བཅས་གསུངས་རོགས་། ཐུགས་ཆེ་།
ཡིད་བཞིན་ནོར་བུའི་འཇལ་ཁ་ལ་གོང་ཚད་ཞིག་ཡོད་ན་ཡུ་སྒོར་བཅུ་མ་ཟད་བརྒྱ་ལེན་ན་ཡང་ཆུང་སྐྱོན་ལས་ཅི་ཡོད། འོན་ཀྱང་དངུལ་བསྡུ་དོན་ཁ་གསལ་མེད་པ་དང་། ཚོགས་གཙོ་དང་བུ་མོ་ཤེས་རབ་གཉིས་ཀྱི་སྐད་ཆ མི་གཅིག་པ་ནི་མགོ་བསྐོར་གྱི་རྣམ་པ་ཐོན་པ་ཡིན་པས་འདི་ནི་བཟང་སྤྱོད་དང་འགལ་བ་ཞིག་རེད་ལ། ཞིབ་འཇུག་བྱེད་དགོས་ངེས་ཤིག་རེད།
ཆོས་རྒྱམ་དྲུང་པའི་སྐོར་ལ་གཟིགས་འདོད་ན་འདི་མནོན།
རྙོག་དྲ་དེ་འདྲ་ཡོད་པ་མ་རེད་་་་་ཅི་ཁག་་་ཟ་རྒྱུ་ཉུང་ཉུང་རེ་རེག་ན་ཟོས་ལོ་་་་དེ་མིན་མིན་ཟ་ཀི་ཡོད་པ་རེད་་་་་བཙན་བྱོལ་ནང་གི་ལས་བྱེད་ཚོས་མ་ཐུབ་ན་རེད་མ་གཏོགས་རང་རང་ས་ནས་ཟ་ཐབས་ཤིག་ལ་དམིགས་བསྡད་ཡོད་པ་རེད་་་་ཁྱོད་ཚོར་གོ་སྐབས་གཅིག་གཉིས་ཤིག་རེག་ན་ཟ་དགོས་པ་རེད་་་་ཟོས་ལོ་་་་་མི་སུམ་བརྒྱའི་ལག་ནས་སྒོར་བཅུ་བཅུ་ཟོས་པ་རེད་་་གེ་མི་འདུག་ཡ་་་དེ་ལས་གཞུང་གི་ལས་བྱེད་ཚོས་རྒྱུན་བསྲངས་ནས་ཟོས་པ་རེད་་་་ཞིབ་འཇུག་ཅིག་བྱོས་དང་་་ཧཧཧ
མཇམཇལ་རིན་བསྡུས་པའི་ཤོག་དངུལ་ཞིག །
བོད་རིགས་ནང་དམེའི་ལམ་ཁར་སྦྱོར། །
མ་དངུལ་གང་འགྲོ་མི་ཤེས་རྨོངས། །
བོད་འབངས་ཉམས་ཆུང་གོམ་ཁར་བསྒྱུར། །
ལོ་ངོར་དཀའ་སྡུག་བསགས་པའི་སྒོར། །
གང་འགྲོ་དངུལ་འཛིན་མེད་ནས་ལུས། །
ལར་ནི་རིག་པའི་རྟགས་དཔྱོད་ན། །
མི་བུ་ཁ་བདེ་ཞིག་ནས་ཁྱེར། །
སྲི་ཞུ་བོད་པས་ལྟོ་རྒྱབ་ཆེད། །
སྐྱབས་མགོན་བླ་མ་འཚོང་དུ་བསྒྱུར།
ཨ་རི་ལ་མཇལ་ཁའི་རིན་གོང་སྒོར་༡༥དང ༢༠ཆུང་ཤོས་རེད
ཐབས་ལ་མཁས་པ་གཡོ་སྒྱུ་མིན།
ལས་འབྲས་གཡོལ་མེད་རང་ལ་འཁོར།
ལག་པ་སྟོང་བའི་མཇལ་ཁ་ལས།
འཛིན་བྱང་ཙམ་རེ་ཉོས་ན་བཟང།
ཡིད་བཞིན་ནོར་བུའི་མཇལ་ཁ།
སྒོར་གྱིས་ཁུག་པ་སྲིད་ན།
ཕ་ཡུལ་བོད་མི་རྣམས་ཀྱིས།
ཡོད་ཚད་བཏང་ནས་ཕེབས་ངེས།
གསར་འགོད་པའི་སྨྲ་བརྗོད་རང་དབང་ལ་རྒྱལ་མཚམས་མེད། ཕར་ཕྱོགས་ནས་ཅི་ཞིག་བཤད་ནའང་གནས་ཚུལ་དངོས་འབྲེལ་ཡིན་ན་འགྲིག་པ་རེད།
ང་རང་ས་གནས་འདིའི་མི་ཞིག་ཡིན་པས་ཆ་ནས་དྲ་གྲོགས་ཚོར་དོག་གནས་ཡོད་ན་དྲི་བ་འདོན་རོགས།
དངུལ་བསྡུས་པ་དེ་འགྲོ་ཁུངས་རྩད་གཅོད་བྱ་རྒྱུ་གལ་ཆེ། གོ་སྐབས་དང་བསྟུན་ནས་སྤྱི་དངུལ་བཟོས་པ་དེ་ཁྲིམས་འགལ་རང་ཆགས་ཀྱི་ཨེ་ཡོད། དོན་གནད་ཆུང་ཆུང་འདི་ལྟ་བུ་གསར་ཤོག་ནང་འདོན་རྒྱུ་དེ་དགྲ་ཕྱོགས་ལ་གོ་སྐབས་སྤྲོད་རྒྱུ་ཙམ་ལས་དགེ་མཚན་མེད་པའི་ཐོག་བོད་རིགས་ནང་ཁུལ་མཐུན་ལམ་ལ་གནོད་ངེས་སྙམ་པས་སླར་གང་བྱུང་གསར་ཤོག་ཐོག་མ་བཀོད་ན་དགེ་མཚན་ཆེ།
ཁ་གསལ་ནས་སྒོར་མོ་མ་བླངས་པ་དེར་དངོས་ནས་ཡག་པོ་མ་རེད། དེ་མིན་བོད་རིགས་ཤིག་གི་ངོས་ནས་བོད་མིའི་ཚོགས་པ་ཞིག་ལ་ཡུ་སྒོར་བཅུ་སྤྲོད་འདོད་མེད་མཁན་དཀོན་པོ་ཡིན་ངེས།
རེད་ དོན་ངོ་མ་རྟོག་གཞིག་བྱེད་རྒྱུ་གལ་ཆེ་གི
འོ་་གེ་མི་འདུག་་་་་མི་གཅིག་ལ་སྒོར་བཅུས་ཕམ་ཁ་སྤྲད་ཀྱི་མ་རེད གཞུང་ཞིག་ལ་མང་པོ་བསྡུས་ན་ལས་འཁུལ་སོགས་སྤེལ་སྐབས་ཕན་ཐོགས་ཡོང་གི་རེད་་་་་གསལ་མ་བྱས་ཀྱང་འགྲིག་གི་ལོ