བོད་མིའི་དམངས་གཙོའི་དུས་དྲན་ང་གཅིག་པ་དང་བསྟུན་ཏེ་བཞུགས་སྒར་དུ། བོད་མི་མང་སྤྱི་འཐུས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་མི་སྣས་དམངས་གཙོ་དང་ཆོས་དད་ཞེས་པའི་བརྗོད་གཞིའི་སྐོར་ལ་བགྲོ་གླེང་གནང་ཡོད་།
ཕྱི་ཟླ་ ༩ ཚེས་ ༢ ཉིན་གྱི་བོད་ཀྱི་དམངས་གཙོའི་དུས་དྲན་ ༥༡ པའི་ཉིན་མོར་བདེ་དོན་ཚོགས་ཁང་དུ། དྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག ༼ ཆོས་དད་དང་དམངས་གཙོ ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་། བགྲོ་གླེང་ཐོག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་ཤར་གླིང་ཟླ་སྒྲོན། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར། དགུ་བཅུ་གསུམ་གྱི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་རྣམ་པ་བཞི་གདན་ཞུས་ཐོག་སྐར་མ་ ༡༠ རེར་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་སོང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་སྐྱ་སེར་མི་མང་ ༡༠༠ ཙམ་མཉམ་ཞུགས་གནང་འདུག
བགྲོ་གླེང་གི་ཐོག་མར་ཚོགས་འདུ་གཙོ་སྐྱོང་བ་དྷ་ས་ས་གནས་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། “དེ་རིང་གི་བརྗོད་གཞི་འདི་སྙིང་རྗེ་བོ་འདྲ་ཞིག་ཡོད། ཆོས་དད་དང་དམངས་གཙོའི་བར་བགྲོ་གླེང་མཐིལ་ཕྱིན་པ་བྱས་ཏེ་རྒྱུ་མཚན་རྟོགས་པའི་སྒོ་ནས་ཐག་གཅོད་པར། ད་ལྟ་ཡིན་ནའང་ང་ཚོའི་སྤྱི་ཚོགས་མགོ་རྨོངས་བསྡད་ཡོད་པ་རེད། གོ་སྐབས་དེ་བཟུང་ནས་ཆབ་སྲིད་པ་ཁ་ཤས་ཀྱིས་ཁེ་བཟང་ལེན་མཁན་ཡང་ཡོང་མི་སྲིད་པ་མ་རེད། ” ཅེས་བརྗོད་དེ། སྤྱི་ཚོགས་ནང་ཤེས་ཡོན་གྱི་གོ་རྟོགས་དང་ཆབ་སྲིད་ཀྱི་གནས་ཚད་ཡར་རྒྱས་ཡོང་ཐབས་སུ་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་སྐོར་གསལ་བཤད་གནང་སོང་།
གདན་ཞུས་བགྲོ་གླེང་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། “ང་ཚོའི་སྤྱི་ཚོགས་ནང་ལ་ནམ་རྒྱུན་ཆབ་སྲིད་ཀྱི་ཐག་གཅོད་དང་དད་པ་གཉིས་ཆ་མཉམ་དུ་དཀྲུགས་དཀྲུགས་བྱ་རྒྱུ་ཡོད་པ་མ་རེད། གནས་སྟངས་ཁ་ཤས་ཀྱི་ཐོག་ལ་ཞིབ་འཇུག་དང་རྒྱུ་མཚན་གང་ཡང་མ་བྱས་པའི་ཐོག་ནས། བཀའ་སློབ་གནང་མཁན་དང་བཀའ་སློབ་དེ་འགྲེལ་མཁན་གྱི་ངོས་ནས། དེའི་ནང་དོན་གནས་ལུགས་འདི་འདྲ་ཡིན་སྐོར་སོགས་འགྲེལ་བཤད་སྐྱོན་ཡོང་དུས། མི་མང་གི་ངོས་ནས་དེ་ལ་འདོད་པ་བྱེད་པའི་གནས་ཚུལ་ཡོང་བཞིན་ཡོད་པ་རེད། ” ཅེས་བརྗོད་དེ། སྤྱིར་དམངས་གཙོའི་ནང་གཞུང་གི་འཛིན་སྐྱོང་མགོ་ཁྲིད་ལ་སྟངས་འཛིན་དང་དྲི་བ་གཏོང་མཁན་བརྒྱུད་ལམ་ཆེས་ཐོས་དེ་གྲོས་ཚོགས་ར་བ་དང་གསར་འགྱུར་བརྒྱུད་ལམ་གཉིས་ཆགས་ཡོད་མོད། ཡིན་ནའང་། འཛིན་སྐྱོང་གི་མགོ་ཁྲིད་དེ་བླ་མ་རྩ་ཆེན་པོ་ཞིག་ཡིན་ཚེ། ཁོང་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པའི་ངོས་ཐད་ནས་ལས་དོན་འཐུས་ཤོར་ཕྱིན་པའི་ཐད་ཐེར་འདོན་སྐྱོན་འཛུགས་བྱེད་སྐབས། སྤྱི་ཚོགས་ཀྱི་ངོས་ནས་རང་བཞིན་གྱིས་ཐེར་འདོན་བྱེད་མཁན་ལ་གནོན་ཤུགས་ཡོང་བཞིན་པའི་གནས་སྟངས་ཡོང་བཞིན་པའི་སྐོར་དང་། ཡང་ཁོས་མང་ཚོགས་ཀྱི་དྲི་བར་ལན་འདེབས་སྐབས། དང་པོ་བོད་ནས་སླེབས་པའི་མི་དེ་ཚོས་སྐྱབས་བཅོལ་ལག་དེབ་ལེན་པ་དང་། མི་ཁ་ཤས་ཀྱི་རང་བཙན་ལག་དེབ་ནོར་ནས་བཟོ་བཅོས་བྱེད་པའི་སྐོར་ལ་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་སྟེ་ཚད་མཐོའི་མང་མོས་གཏན་འབེབས་བྱུང་བར། སྐབས་དེར་བཀའ་ཤག་གིས་གྲོས་ཚོགས་ཀྱི་གནས་ལུགས་རྒྱུ་མཚན་ག་རེ་ཡིན་ནའང་མཐའ་གཅིག་ཏུ་བརྩི་ཐུབ་ཀྱི་མེད་ཚུལ་བརྗོད་དེ་སྐྱུར་བཞག་པ་དང་། གཉིས་པ་དེ་ལ་རྩ་དོན་གྱི་ཐོག་ནས་ཡིན་ནའང་། ༸གོང་ས་མཆོག་གི་བཀའ་གནང་ཕྱོགས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་གཉིས་ཁ་ཁ་ཆགས་པ་ཡིན་ན། བཀའ་ཤག་གིས་གྲོས་ཚོགས་ཀྱི་ཐག་གཅོད་བརྩི་རྒྱུ་མིན་ཅེས་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བཞི་པའི་གྲོས་ཚོགས་ར་བའི་ནང་ཐེངས་གསུམ་ལ་གསུངས་ཡོད་པ་རེད། དེ་དག་ཡག་པོ་དང་སྡིག་པོ་གང་ཡིན་ངས་ལབ་ཀྱི་མེད། ཡིན་ནའང་། དེ་སྔའི་གནས་སྟངས་ཐོག་ནས་དེ་འདྲ་ཡོང་གི་ཡོད་པ་རེད་ཅེས་བརྗོད་སོང་།
བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས ” ད་ལྟ་ང་ཚོའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུ་ཁྲིད་ཚོར་དམངས་གཙོའི་ཤེས་བྱ་ཡོན་ཏན་ཡོད་པ་རེད། དམངས་གཙོ་བཤད་དགོས་ན་བཤད་རྒྱུ་ཡོད་པ་རེད། ཡིན་ནའང་དམངས་གཙོའི་བློ་ཁོག་དང་གོམས་གཤིས་དེ་ཧ་ཅང་དམའ་བོ་རེད་མཐོང་གི་འདུག ” ཅེས་བརྗོད་དེ། མི་མང་གི་ངོས་ནས་འབོད་སྒྲ་བསྒྲགས་ཏེ་ལེགས་ཉེས་སྐྱོན་སེལ་བྱས་ཡོང་སྐབས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་མགོ་ཁྲིད་སོ་སོར་ལམ་སང་ཕོགས་ཏེ་མ་དགའ་བའི་རྣམ་འགྱུར་ཐོན་བཞིན་ཡོད་པ་དེར་སྐྱོན་བརྗོད་དང་། དེ་བཞིན། མི་མང་གིས་སྐྱོན་འདོན་ར་འཕྲོད་བྱུང་བ་ཡིན་ན་མགོ་ཁྲིད་ཀྱི་ངོས་ནས་ཁས་ལེན་བྱེད་པའི་བློ་ཁོག་དང་གོམས་གཤིས་དགོས་རྒྱུ་དེ་ནི། དམངས་གཙོའི་འཕེལ་རིམ་ནང་ལ་གཞུང་དང་མི་དམངས་བློ་ཐག་ཉེ་རུ་གཏོང་བའི་ལམ་ཁ་ཡག་ཤོས་ཡིན་སྐོར་དང་། དེ་བཞིན་ཁོང་གིས་དྲི་བར་ལན་འདེབས་སྐབས། འཛམ་བུ་གླིང་གི་མི་སྣ་མང་པོའི་ཞིག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ཡིན་ནའང་། རྒྱ་མིས་སྐྱག་རྫུན་བཤད་པ་ནང་བཞིན་ཁོ་ཚོས་ཀྱང་བོད་དེ་རང་བཙན་བྱུང་ན་སྔོན་གྱི་ལམ་ལུགས་རྙིང་པར་བསྐྱར་གསོ་མི་ཡོང་ངམ་བསམ་པའི་དོགས་པ་སྐྱེས་བཞིན་ཡོད་པས། ད་ལོ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་ལ་རྩིས་སྤྲོད་གནང་བ་དེས། རྒྱ་མིས་བཤད་ཀྱིན་པ་དེ་དག་སྐྱག་རྫུན་ཡིན་པ་འཛམ་གླིང་ལ་གསལ་བོ་བཟོས་ཡོད་སྟབས། ང་ཚོ་སྤོབས་པ་ཆེན་པོས་འགྲོ་དགོས་པ་བརྗོད་སོང་།
དགུ་བཅུ་གསུམ་གྱི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། “སྤྱིར་འཛམ་གླིང་སྒང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་པ་རེད། ང་ཚོར་མཚོན་ན་ཆོས་ལུགས་དང་འབྲེལ་བའི་དམངས་གཙོའི་སྐད་ཞིག་བཤད་དགོས་པ་ཡིན་ན། བོད་རྒྱུད་ནང་བསྟན་དང་དེའི་བསམ་བློའི་གཤིས་ལུགས་ཀྱི་ཐོག་ནས་བཤད་དགོས་ཀྱིན་ཡོད་སྟབས། སྤྱིར་དམངས་གཙོ་ནི་ཁྱབ་ཆེ་ས་ནས་ལྟ་གྲུབ་ཀྱི་གནད་དོན་ཞིག་དང་ཆུང་ས་ནས་ལམ་ལུགས་སྲོལ་གྱི་གནད་དོན་ཞིག་ཡིན་ཆགས་ཡོད་པས། ད་ལྟའི་ང་ཚོའི་སྤྱི་ཚོགས་འདིའི་ནང་དམངས་གཙོའི་ལྟ་གྲུབ་ཀྱི་དཀའ་ངལ་དང་། དམངས་གཙོའི་སྒྲོམ་གཞི་དང་འཛིན་སྐྱོང་འཐུས་སྒོ་མ་ཚང་པའི་དཀའ་ངལ་སྣ་གཉིས་འབྱུང་གི་ཡོད་པ་རེད། ཅེས་བརྗོད་སོང་ལ། ཡང་ཁོས་མང་ཚོགས་ཀྱི་དྲི་བར་ལན་འདེབས་སྐབས། སྤྱིར་དམངས་གཙོས་ལམ་ལུགས་ཀྱིས་ཆོས་ལུགས་ལ་བཀག་རྒྱ་མེད་མོད། ཡིན་ནའང་། ཆོས་ལུགས་ཀྱིས་དམངས་གཙོར་བཀག་རྒྱ་ཡོང་མིན་གྱི་གནད་དོན་དེ་ད་ལྟའི་བར་ང་ཚོར་འཕྲད་བསྡད་པ་ཞིག་ཡིན་པ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་གྱི་བླ་མ་དང་གྲྭ་པ་རྣམས་ལ་མཚོན་ནའང་། ཆོས་འདུལ་བའི་གཞུང་དུ་ཆབ་སྲིད་ནང་ཞུགས་ཆོག་མིན་གང་འདྲ་ཡོད་མེད་ལའང་བསམ་བློ་གཏོང་དགོས་སྐོར་དང་། གཞན་ཡང་། ཁོས་ད་ལྟ་ང་ཚོས་དོ་སྣང་བྱེད་དགོས་པའི་འགན་གཙོ་བོ་དེ་བོད་རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུ་དེ་ཡིན་སྟབས། བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོ་འདི་གཅིག་པུ་འགངས་ཆེན་དུ་རྩིས་ཏེ་ཚོར་བ་དང་འདུ་ཤེས་ཡོད་ཚད་བརླག་པ་ཡིན་ན། དེ་ནི་ང་ཚོའི་ལས་དོན་འཐུས་ཐོར་དུ་ཕྱིན་པ་ཡིན་སྐོར་བརྗོད་སོང་། དེ་བཞིན། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་ནས་ཀྱང་། བླ་ཆེན་གྱིས་སྲིད་སྐྱོང་སྐབས་ཁོང་ཉིད་ཐམས་ཅད་མཁྱེན་པ་དང་ནོར་འཁྲུལ་རྩ་བ་ནས་མེད་པ་ཞིག་མི་མང་གི་སེམས་ནང་འབྱར་བསྡད་ཡོད་སྟབས། མི་མང་གིས་དྲི་བ་འདོན་པའི་ནུས་པ་དེ་བླགས་ཀྱིན་ཡོད་པ་རེད། གལ་སྲིད་ནོར་འཁྲུལ་ཤོར་ཀྱིན་ཡོད་ནའང་མང་པོ་ཞིག་གིས་རྨོངས་དད་ཀྱི་དབང་གིས་མཐོང་ཐུབ་ཀྱིན་མེད་པར་མ་ཟད། གལ་སྲིད། ནོར་འཁྲུལ་མཐོང་མཁན་དེ་ཚོས་ཀྱང་ཐེར་འདོན་གྱི་ནུས་པ་དང་བློ་ཁོག་རག་གི་མེད་སྟབས། དེ་ནི་དམངས་གཙོ་ཡང་དག་པ་ཞིག་རྩ་བ་ཉིད་ནས་ཆགས་ཐུབ་ཀྱིན་མེད་སྐོར་བརྗོད་སོང་།
གསར་འགོད་པ། ཚེ་རིང་རྒྱལ།
དམ་ཆོས་འདུལ་བ་སྤྱོད་ལམ་གྱི་གཞུང་ལུགས་ཞིག་རེད། དམངས་གཙོ་ལྟ་གྲུབ་ཞིག་རེད།
བསམ་བློ་བཏང་ནས་སྐད་ཆ་བཤད་པ་ཨེ་ཡིན། སྐྱབས་འགྲོའི་ངོ་བོ་དང་དམངས་གཙོའི་ལྟ་གྲུབ་གཉིས་ལ་གཤིབ་བསྡུར་ཞིག་བྱོས་དང་ཇི་མཛད་ལེགས་པ་མཐོང་ནས་མོས་གུས་ཀྱིས་བླ་མའི་བྱིན་རླབས་སེམས་ལ་ཨེ་འཇུག་ལྟ་གི་ཡིན་ནམ་ཡང་ན་སྐྱོན་ཡོན་དཔྱད་བསྡུར་བྱས་ནས་དོན་དངོས་ཐག་གཅོད་བྱེད་ཀྱི་ཡིན།
ཆོས་ཀྱིས་མང་གཙོ་འགོག་ཟེར། དད་པས་ཀྱང་མང་གཙོ་འགོག་ཟེར། འདི་དག་ཐམས་ཅད་བཤད་འགྲོས་ཙམ་དང་། བཤད་མཁན་རང་ཉིད་གཙོས་མང་ཡོངས་ལ་མང་གཙོའི་གོ་རྟོགས་དང་ལག་བྱང་ཞན་རྟགས་ལས་གཞན་ཆོས་དང་དད་པས་མང་གཙོ་ལ་འགོག་རྐྱེན་ཅི་ཡང་མི་བྱེད་པ་ཁྱེད་ཅག་ལ་ཕྱོགས་ཀུན་ལ་ལྟ་བའི་མིག་རེ་ཡོད་ན་དམ་ཆོས་འདུལ་བའི་གཞུང་ལུགས་ཁག་ལ་ཅུང་ཟད་རེ་བལྟས་ན་ཧ་ཅང་གསལ་ཡོང་།
རྡ་རམ་ས་ལའི་སྲིད་དོན་པར་རློམ་པ་བདེན་པ་ཟེར་བ་གང་དེ་ཉིད་ཀྱང་ཞེ་དྲག་རང་དགོས་མཁོ་མེད་མཁན་གྱི་མི་བུ་ཁ་ཤས། བསྟན་འཛིན་བརྩོན་འགྲུས་ཟེར་བའམ་ཡོངས་གྲགས་སྐུ་ཞབས My ལགས་ནས་སྐད་བཏང་ནས་གཏམ་བཤད་ཅིག་སྤེལ་གྱི་ཡོད་དུས། ད་རྒྱ་ཆེ་མི་མང་གིས་ཁ་གདང་ན་ཁོག་མི་རིག་རྒྱུ་ཅང་མེད་པཱ། རྒྱབ་ལྗོངས་ཟེར་བ་འདི་དང་ཁ་ལག་བར་གྱི་བཤིབ་བསྡུར་ཟེར་བ་འདི་གལ་ཆེན་པོ་ཡིན་དུས་ཙ་ན། ང་འདྲེ་མགོ་རྡོ་མ་གཏོགས་ཁ་བརྒྱ་མིག་སྟོང་གིས་ཀྱང་འཁྲབ་ཚན་ཆུང་ཆུང་འདིས་གཟས་ན་གན་རྒྱ་ནག་ཚང་མིན་པ་ལོས་ཤེས་བསམས། དགོད་རེ་བྲོ་བ་ལ། ཧཧཧཧཧཧ
དམངས་གཙོ་ནི་ལྟ་གྲུབ་ཞིག་དང་དེ་ཡང་ཆོས་ལུགས་ཤིག་ལ་གཞི་བཅོལ་ནས་གྲུབ་པ་བརྗེད་མི་རུང་། ད་དུང་ནུབ་ལུགས་དང་ཤར་ལུགས་ཀྱི་དམངས་གཙོ་སོགས་མང་དུ་མཆིས་པ་དེ་དག་ལ་ཞིབ་ཏུ་དཔྱད་ན། དམངས་གཙོ་ནི་མི་རིགས་ཤིག་གི་གོམས་གཤིས་དང་འབྲེལ་ནས་དར་བ་དང་། དམངས་གཙོ་ནི་ཆོས་ལུགས་ཤིག་གི་ལྟ་གྲུབ་འདྲེས་ནས་དར་བ་མཐོང་ཐུབ། ལར་ནས་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་དམངས་གཙོ་ཡོད་ཆོག་ལ། ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་དམངས་གཙོ་ཡོད་ཆོག་ན། ནང་པའི་ཆོས་ལུགས་དང་འབྲེལ་བའི་དམངས་གཙོ་ཅིའི་ཕྱེར་ཡོད་མི་ཆོག མདོ་ལས། རང་ཉིད་རང་གི་མགོན་ཡིན། དང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། སོགས་ནི་ནང་པ་སངས་རྒྱས་པའི་དམངས་གཙོའི་ལྟ་གྲུབ་ཀྱི་རྩ་བ་ཡིན། ལག་ཏུ་ལེན་མཁན་ནི། བླ་མ་ཡིན་ཆོག གྲྭ་བཙུན་ཡིན་ན་འགྲིགས། མི་སྐྱ་ཡིན་ནའང་འཐུས། མདོར་ན་དམངས་གཙོ་ཚད་ལྡན་ཞིག་ཡོང་མིན་ནི་ལག་ལེན་དངོས་ལ་ཐུག་པ་ཡིན་ནོ།།
དམངས་གཙོ་བཤད་པའི་བློ་ཁོག་ཀྱང་མི་འདུག རྒྱུད་ལ་སྐྱབས་འགྲོ་དང་དད་པ་ཡོད་ན་དམངས་གཙོ་དང་འདྲ་མཉམ་ག་ཚོད་བཤད་ཀྱང་རྣམ་འགྱུར་ཙམ་ལས་སེམས་ཚོར་གྱིས་ཟིན་པའི་སྐད་ཆ་ཞིག་ཡིན་མི་སྲིད་དོ། །ང་དངོས་གནས་འཁྲབ་སྟོན་པ་ཚོར་གད་མོ་ཤོར་གི
དམངས་གཙོ་བཤད་མཁན་ཚོས་དངོས་གནས་ཡག་པོ་བཤད་འདུག། དད་པ་དང་སྐྱབས་འགྲོ་སོགས་ནང་པ་སངས་རྒྱས་པ་ཚོའི་བྱེད་སྟངས་ཁ་ཤས་ནམ་ཡང་གནས་ལུགས་དང་མང་མོས་དང་མཐུན་ཐབས་ཡོད་པ་མ་རེད་དེའི་ཕྱིར་ཇི་སྲི་ང་ཚོ་ནང་པ་སངས་རྒྱས་པ་ཡིན་པ་དེ་སྲིད་དུ་ཡར་ཐོན་ཅན་དང་སྔོན་ཐོན་གྱི་བསམ་བློ་ལྡན་པའི་མི་རིགས་ཚོའི་བཅའ་སྲོལ་མང་པོ་ཞིག་ཚད་ལྡན་ཞིག་བྱེད་ས་མི་འགྲོ དཔེར་ན། འདྲ་མཉམ དམངས་གཙོ། ཚུགས་ཐུབ། དངོས་ཐོག་བདེན་འཚོལ། ལྟ་བུ།
མི་སུ་འདྲ་ཞིག་ཡིན་ཡང་སྐད་ཆ་ཡག་པོ་དང་སྙན་པོ་བཤད་རྒྱུ་ལ་ཁ་བདེ་པོ་ཡོད་རེད་དེ་དོན་ལ་བབས་རྒྱུ་དཀའ་མོ་རེད།
བཀླགས་ནས་བུད་སོང་།
མང་གཙོའི་བློ་ཁོག་དང་གོམས་གཤིས་དམའ་བར་གསུངས་པ་དེ་བདེན་པ་ཡིན་འདྲ། གཞན་དུ་སེར་མོ་བ་རྣམས་ཆབ་སྲིད་ནང་ཞུགས་ཆོག་མིན་དང༌། བླ་ཆེན་གྱིས་ཆབ་སྲིད་སྐྱོང་ན་དེ་མང་གཙོ་ཡང་དག་མིན་ལུགས་སོགས་ནི་འཕྲལ་སེལ་མང་ཚོགས་ལ་གཏམ་བཤད་དང་ལན་འདེབས་བྱེད་སྐབས་བདེན་བདེན་འདྲ་སྣང་ཆེད་ཙམ་དུ་ཟད་དོ་སྙམ༎
ཁ་ཡོད་ལག་ཡོད་མེད་པའི་རང་བཙན་རྩོད་མཁན་ཚོས། ཁ་ཡོད་ལག་ཡོད་ཀྱི་བོད་ཀྱི་དམངས་གཙོའི་ལམ་ལུགས་ལ་རྡུང་བརྡེག་གཏོང་མི་ཐུབ་ལགས།
གསར་འགོད་པ་ཚེ་རིང་རྒྱལ་ལགས་ལ་ཁ་དྲོ་བཀྲ་ཤིས། རྒྱུ་མཚན་ནི། ཁྱེད་ཀྱིས་ཕྱོགས་བསྒྲིགས་དང་བརྒྱུད་བསྒྲགས་བྱས་པའི་གསར་འགྱུར་རྣམས་སྤུས་དག་ལ་འཐུས་ཚང་བ་མ་ཟད། གསར་འགྱུར་སྙིང་བོ་བསྡུ་སྟངས་ཐད་ནས་ཀྱང་ཁ་གསལ་དོན་གསལ་ཞིག་འདུག་པས། བཀུར་འོས་གསར་འགོད་པ་ལགས་མཐུད་དེ་བྱ་བ་འདིས་ཐད་ལ་ཧུར་བརྩོན་བྱ་རོགས།
གཤམ་དུ་གོང་གསལ་གནས་ཚུལ་དེ་དང་འབྲེལ་བའི་བསམ་ཚུལ་ཁག་ཅིག
༡་ སྤྱིར་མང་གཙོ་ཞེས་པ་འདི་ངེས་པར་དུ་མི་མང་སྟེ་འཇིག་རྟེན་པ་ཁོ་ནའི་ཁེ་ཕན་ཙམ་མ་ཡིན་པར། ཆོས་པ་དང་དེ་བཞིན་འཇིག་རྟེན་འདིར་གནས་བཅས་པའི་འགྲོ་བ་ཡོངས་ཀྱི་ཁེ་ཕན་ཞིག་ཡིན་སྟབས། གལ་ཏེ་བླ་མ་དང་སྤྲུལ་སྐུ་དག་གིས་མི་མང་གི་དགོས་འདུན་བསྐོངས་ཐུབ་པ་ཡིན་ན། དེ་ལ་དམིགས་བསལ་གྱིས་སྐྱོན་ཞིག་མི་འདུག་སྙམ། དེ་བཞིན་མང་གཙོ་ཞེས་པ་འདི་མི་སེར་གཅིག་པུས་ལག་སྟར་བྱེད་དགོས་པ་ཞིག་མ་ཡིན་པར། དེ་ནི་དགོན་པ་དང་དགེ་འདུན་པའི་སྡེའི་ཁྲོད་དུ་ཡང་ངེས་པར་དུ་ལག་བསྟར་བྱེད་དགོས་པ་ཞིག་ཀྱང་རེད་སྙམ།
༢་ ཆོས་སྲིད་གཉིས་ཐ་དད་དུ་ཕྱེ་བའི་ཆོས་པ་ཞིག་ལ་མཚོན་ན་ནི་སྲིད་ལ་དེ་ཙམ་འགན་འཁུར་མི་དགོས་པའི་སྣང་བ་མཐོང་མོད་ཀྱང་། གལ་ཏེ་ཆོས་པ་དེས་སྒྲུབ་བཞིན་པའི་བྱ་བ་དེ་མི་མང་ལ་ཕན་པའི་ལས་ཤིག་དང་། མི་མང་གི་ཁེ་ཕན་ཆེད་དུ་རང་ཉིད་བློས་གཏོང་བྱེད་མཁན་ཞིག་ཡིན་ན། གང་ཟག་དེ་ཆོས་པ་ཞིག་ཡིན་རུང་བྱ་བ་དེ་དམངས་ལ་ཕན་པ་ཞིག་ཡིན་པས། ངས་ལྟས་ན་ཆོས་པས་དམངས་ཀྱི་ཁེ་ཕན་ཞབས་ཞུ་བསྒྲུབས་ཐུབ་ན་བཟང་བར་སེམས།
༣་ བོད་ལ་མཚོན་ན། ད་བར་ཆོས་སྲིད་གཉིས་དཔུང་བ་མཉམ་གཤུབ་བྱས་ནས་ཡོང་བ་རེད། འོན་ཀྱང་། ད་དུང་ཡང་ཆོས་སྲིད་གཉིས་མུ་མཐུད་དེ་དཔུང་བ་མཉམ་གཤུབ་བྱེད་དགོས་པ་མ་ཟད། ཆོས་པ་གང་ཡང་རུང་བ་དེས་མི་མང་གི་ཁེ་ཕན་མངོན་འདུན་བསྒྲུབ་ཐུབ་པ་ཡིན་ན། དེ་ལ་ངེས་པར་དུ་དགའ་བསུ་དང་རྗེས་སུ་ཡི་རངས་བྱ་ཐུབ་ན་བཟང་བར་འདོད།
༤་ མ་གཞི་ནས་ཆོས་ཞེས་པ་དེ་བསྒྲུབ་མིན་གང་ཟག་རང་ལ་རགས་ལུས་པ་ཞིག་ཡིན་དུས། སྲིད་ཀྱི་བྱ་བ་བསྒྲུབ་མཁན་དག་གིས་ཀྱང་ཆོས་སྒྲུབ་བཞིན་པ་དང་བསྒྲུབ་འོས་པ་ཞིག་ཀྱང་རེད། རྒྱུ་མཚན་ནི། ཆོས་ལུགས་ནི་གནས་ལུགས་ཀྱི་མཐར་ཐུག་པ་དེ་ཡིན་སྟབས། གང་ཟག་སུ་ཞིག་གིས་ཀྱང་གནས་ལུགས་ལ་བརྩི་བཀུར་དང་ཉམས་ལེན་བྱས་པ་ཡིན་ན། མཇུག་འབྲས་ནི་བདེ་བ་དང་བདེན་བ་ཡིན་སྟབས། ཆོས་ལུགས་འདི་ངེས་པར་དུ་ཟུར་དུ་འཇོག་དགོས་པའི་རྒྱུ་མཚན་ཞིག་གཏད་ནས་མ་མཐོང་།
བུ་ཕ་བཟང་གི་བུ་གསུམ་དང་མ་བཟང་གི་བུ་མོ་གཅིག་བཅས་ཁྱེད་རྣམས་པའི་བཀའ་མོས་ཡག་པོ་གསུངས་འདུག་པས་དགའ་པོ་བྱུང་། བསམ་ཚུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཞིག་ལ་་་ཆོས་གོས་གྱོན་ཚད་ཐམས་ཅད་ལ་དབྱིགས་པས་མཉམ་རྡུང་བྱེད་ན་ཡག་པོ་མ་རེད། བོད་ཀྱི་མི་འབོར་བརྒྱ་ཆ་སུམ་ཅུ་བཞི་ཅུ་གྲྭ་ཆས་གྱོན་མཁན་ཤ་དག་རེད།
ཁོང་རྣམ་པ་ལ་ཆབ་སྲིད་ཀྱི་འགན་ཁུར་མི་དགོས་གསུང་ན་དོན་དང་ལྡན་པ་མ་རེད་ལ་་་ཡོང་ཐབས་མེད་པའི་བསམ་ཚུལ་རེད་འདོད། ཆོས་འདུལ་བའི་ནང་དུ་ག་རེ་ཡོད་མེད་ལ་མ་བལྟས་པར་བོད་རྒྱལ་ཁབ་ཀྱི་ལས་དབང་ཉམས་ཕྲ་བའི་དུས་སུ་ཚང་མས་མཉམ་རུག་མ་བྱེད་ན་ག་ནས་ཡོང་བ།
བོད་གཞུང་མང་གཙོ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་འཛམ་གླིང་ཐོག་ཏུ་རྒྱལ་གྱུར་ཅིག