མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ལས་བྱེད་རྩ་དགོངས་ཞུ་མཁན་མང་བ་དེ་གངས་སྐྱིད་ཀྱི་དཀའ་ངལ་གཙོ་བོར་མཐོང་སོང”

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་བའི་ལས་དོན་དབུ་འཛུགས་གནང་སྟེ། བདུན་ཕྲག་གསུམ་འགྲོ་བཞིན་པའི་མཚམས་སུ། འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ལས་དོན་སྐོར་ཞིག་གི་ཐོག་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད།

    དྲི་བ།  བཀའ་ཁྲི་མཆོག་གིས་ལས་འགན་དབུ་འཛུགས་བྱས་ཏེ་གངས་སྐྱིད་ནས་ཟླ་གཅིག་ཙམ་འགྲོ་བཞིན་པའི་རིང་། དཀའ་ངལ་དང་ཡར་རྒྱས་གཏོང་དགོས་ས་གཙོ་བ་གང་དག་གཟིགས་ཡོད་པ་དང་། ད་ལྟའི་ཆར་ལས་དོན་གསར་བ་གང་དག་བརྩམས་ཡོད་དམ།

    ལན།  ལས་འགན་མགོ་བཙུགས་ཏེ་བདུན་ཕྲག་གསུམ་ལས་སོང་ཡོད་པ་མ་རེད། མང་ཆེ་ཤོས་ཏེ་འཛིན་སྐྱོང་རང་གི་ཐོག་ནས་ཉིན་རེ་བཞིན་ཐག་གཅོད་དགོས་པའི་རིགས་དང་། གཞན་ལ་ཐུག་འཕྲད་བྱ་དགོས་པ་དེ་དག་ཐོག་དུས་ཚོད་གཏོང་བཞིན་ཡོད། བཀའ་ཤག་ཆ་ཚང་མ་འཛོམས་གོང་ལ་ངས་ཐག་གཅོད་མང་པོ་བྱས་ན་དེ་ལན་པོ་ཡོད་མ་རེད་བསམ་གྱི་ཡོད། ང་རང་སྒེར་ངོས་ནས་དེ་སྔོན་ལྷན་ཁང་ཚང་མར་བཅར་ཏེ་ལས་བྱེད་ ༣༠༠ ལྷག་ཡོད་པ་རེ་རེ་བཞིན་ཐུག་འཕྲད་བྱས་ཏེ། ཁོ་ཚོའི་གནས་སྟངས་དང་ལས་དོན་བྱེད་ཕྱོགས་ཤེས་རྟོགས་བྱས་པ་ཡིན།  ད་ལྟ་དྲུང་ཆེ་རྣམ་པ་ཚོ་དང་ལྷན་དུ་ཐུག་འཕྲད་གོ་བསྡུར་བྱེད་བཞིན་ཡོད། སྔོན་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐབས་སུ། ལས་བྱེད་བརྒྱ་ཆ་ ༥༠ ཙམ་རྩ་དགོངས་ཞུས་ཡོད་པ་རེད། དེར་བརྟེན། ལས་བྱེད་རྣམ་པ་མུ་མཐུད་གནས་ཐུབ་ཐབས་སུ་ཐབས་ཤེས་ག་རེ་ཡོད་མེད་ཐད། དྲུང་ཆེ་རྣམ་པ་ཚོར་ཉམས་མྱོང་ཆེན་པོ་ཡོད་དུས་ཁོང་རྣམ་པར་གོ་བསྡུར་ཞུས་ཏེ། ཐབས་ཤེས་འཚོལ་རྒྱུར་བསམ་བློ་གཏོང་གི་ཡོད། ལས་བྱེད་མང་པོ་ཞིག་གཞུང་ཞབས་ནང་འཛུལ་ཏེ་ལོ་གཉིས་གསུམ་རིང་ཉམས་མྱོང་བསགས་རྗེས་ཐོན་འགྲོ་བཞིན་ཡོད་པ་རེད། དེ་ནི་ཁོ་ཚོ་མི་སྒེར་ལ་མཚོན་ནའང་དུས་ཚོད་འཕྲོ་བརླག་རེད་ལ། ང་ཚོ་འཛིན་སྐྱོང་གི་ངོས་ནས་ཀྱང་བསྐྱར་དུ་སྐུ་ལས་སྐྱོན་དེ་ལས་བྱེད་གསར་འདེམས་དང་། ཁོ་ཚོར་སློབ་སྦྱོང་སྤྲད་དེ་ཉམས་མྱོང་གསོག་དགོས་ཀྱི་ཡོད་པ་དེ་གངས་སྐྱིད་ཀྱི་དཀའ་ངལ་ཆེ་ཤོས་ལྟ་བུར་མཐོང་སོང་།

   

དྲི་བ། ༢༠༠༨ ཚུན་གྱི་ལོ་གསུམ་ལྷག་རིང་བོད་དུ་བདེན་དོན་འཐབ་རྩོད་ཆེད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བ་རེད། གནས་ཚུལ་དེ་ལ་དཔག་པའི་བཙན་སྤྱི་ཚོགས་ནང་ཚད་མཐོ་ཤོས་ཀྱི་ལས་འགུལ་གང་དག་སྤེལ་དགོས་པར་གཟིགས་ཀྱི་ཡོད་དམ། 

    ལན། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་བོད་མི་དཔའ་བོ་དཔའ་མོ་མང་པོས་རང་སྲོག་བློས་བཏང་སྟེ་སྒེར་ལངས་ཤུགས་ཆེན་པོ་བྱུང་བ་དང་།  ད་ལྟ་ད་དུང་རང་སྲོག་བློས་གཏོང་མཁན་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཁོང་རྣམ་པའི་སྙིང་སྟོབས་ལ་གུས་ཞབས་ཞུ་དགོས་པ་དེ་གལ་ཆེན་པོ་རེད། ༢༠༠༨ ལོར་སྒེར་ལངས་བྱས་པའི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལ་ཡོད་པའི་བོད་མི་ཚོ་ཡིན་ནའང་། ཆབ་སྲིད་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་མང་པོ་བྱུང་སྟེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཉེ་སྔོན་བཀའ་བློན་ཁྲི་པ་དང་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྐབས་སུ། མི་མང་འཛུལ་ཞུགས་གནང་བ་དེ་རྒྱ་གཞུང་ལའང་ངོམས་ཆོག་པ་ཞིག་དང་། ང་ཚོའི་སྒྲིག་འཛུགས་འདི་རྒྱ་གཞུང་གིས་བཤད་པ་ལྟར་བརླག་མེད་པར་མ་ཟད། མི་ཐོག་རྙིང་པ་རྣམས་ཀྱིས་དཀའ་ལས་བརྒྱབ་བཞག་པ་དེ་ང་ཚོའི་མི་ཐོག་གསར་བ་ཚོས་མུ་མཐུད་རྒྱུན་གནས་ཐུབ་པ་བྱས་ཏེ། བོད་པའི་རྩ་དོན་རྩོད་རྒྱུ་ཡིན་པའི་བརྡ་ལན་དེ་པེ་ཅིན་གཞུང་ལ་གསལ་བོ་བསྟན་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་བདམས་པའི་མགོ་ཁྲིད་ལ་གནང་གི་ཡིན་གསུངས་པའི་རྒྱུ་མཚན་གཅིག་ནི། ང་ཚོ་བོད་པའི་སྤྱི་ཚོགས་ནང་མི་མང་གི་ཆབ་སྲིད་ཀྱི་གོ་རྟོགས་ཚད་མཐོ་བོར་བསླེབས་ཡོད་པ་དང་། དེ་ལ་༸གོང་ས་མཆོག་གིས་ཡིད་ཆེས་དང་གདེང་ཚོད་ཡོད་པའི་ཐོག་ནས་ཆབ་སྲིད་སྐུ་དབང་གནང་བ་རེད། ཉེ་སྔོན་དམ་འབུལ་གྱི་སྐབས་སུའང་༸གོང་ས་མཆོག་གིས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་ད་ལྟ་འགྲུབ་སོང་ཞེས་གསུངས་ཡོད་པ་རེད།  རྒྱལ་སྤྱིའི་སྒང་ལ་ཡིན་ནའང་བཙན་བྱོལ་བོད་པ་ཚོས་གང་ལ་གང་འཚམ་སྐུ་ལས་བསྐྱོན་ཡོད་པ་དང་། ང་ཚོའི་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུ་བྱེད་པ་འདི་ཡང་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད། འདི་དག་ནི་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་བོད་ནང་གི་ཤ་ཁྲག་གཅིག་པའི་དཔའ་བོ་དཔའ་མོ་ཚོས་སྐུ་ལས་བསྐྱོན་བཞག་པ་དེ་ལ་ཞལ་འདེབས་རེད་བསམ་གྱི་ཡོད།

   

དྲི་བ། སྐུ་ཉིད་ཀྱི་གསུང་བཤད་སྔ་ཕྱིའི་ནང་འབྱུང་འགྱུར་ལོ་ ༢༠ ནང་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་ ༡༠༠༠༠ འཐོན་པ་གནང་རྒྱུ་ཡིན་སྐོར་གསུངས་སོང་། དེ་དག་གིས་བོད་སྤྱི་ཚོགས་ལ་ཞབས་ཞུ་དང་ལས་དོན་སྒྲུབ་སའི་ཁོར་ཡུག་གི་ཐད་གྲ་སྒྲིག་དང་འཆར་སྣང་གང་འདྲ་ཡོད་དམ།

    ལན། ལོ་ ༢༠ ནང་ལ་བཙན་བྱོལ་དུ་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་ ༡༠༠༠༠ འཐོན་རྒྱུ་དང་། བོད་ནང་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་ ༡༠༠༠༠༠ འཐོན་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད་ཅེས་ཞུས་པ་ཡིན། དེའང་བཙན་བྱོལ་ཟེར་དུས་རྒྱ་གར་གཅིག་པུ་མ་ཡིན་པར་ཕྱི་རྒྱལ་ལུང་པ་ ༣༠ ལྷག་ནང་ཡོད་པའི་བོད་པ་སྤྱི་ཡོངས་ལ་ལབ་པ་ཡིན། ང་རང་ཉིད་ཀྱི་ཐོག་ནས་ཤེས་ཡོན་ཡར་རྒྱས་གཏོང་བ་གཙོ་བོར་འཛིན་བཞིན་ཡོད་ལ། དེ་ཡང་ནས་ཡང་དུ་ཞུ་བཞིན་ཡོད། ཤེས་ཡོན་ཡར་རྒྱས་ཆེད་ག་རེ་བྱ་དགོན་མིན་ཐད་གཏིང་ཟབ་མོའི་སྒོ་ནས་ཞིབ་འཇུག་བྱ་རྒྱུ་ཡིན།  ཟླ་ ༩ ཚེས་ ༣ ཉིན་ལྡི་ལིར་སློབ་གྲྭ་ཁག་གི་བོད་པའི་སློབ་སྤྱི་ཁག་ཚང་མ་ཕེབས་རོགས་ཞུས་ཡོད། ང་རང་བཅར་དེ་ཉིན་གཉིས་རིང་ཚོགས་འདུ་འཚོགས་རྒྱུ་ཡིན། དགེ་རྒན་དང་སློབ་སྤྱི་རྣམས་ལ་བོད་པའི་སློབ་ཕྲུག་ཚོར་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུར་ཐབས་ཤེས་ག་རེ་གནང་རྒྱུ་ཡོད་མེད་དང་། ང་ཚོའི་ངོས་ནས་རྗེས་ལུས་ཐེབས་པ་དང་ཆད་ལྷག་ཤོར་བ་གང་དག་ཡོད་མེད་སྒང་ལ་གྲོས་བསྡུར་བྱ་རྒྱུ་ཡིན། དེའི་ཐོག་གི་གྲོས་བསྡུར་གྱི་སྙིང་བོ་ཕྱོགས་བསྡོམས་བྱས་ཤིང་། དེའི་རྗེས་ལ་སློབ་གྲྭ་ཁག་གི་འཛིན་སྐྱོང་བ་ཚང་མར་འབྲེལ་བ་གནང་སྟེ།  ཁོང་རྣམས་ལའང་ཚོགས་འདུ་བསྡུས་ཏེ་འཛིན་སྐྱོང་གི་ངོས་ནས་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་ག་རེ་བྱ་དགོས་ཀྱི་ཡོད་མེད་ཤེས་རྟོགས་བྱས་རྗེས། རྒྱ་གར་དང་རྒྱལ་སྤྱིའི་མཁས་པ་གདན་འདྲེན་ཞུས་ཏེ་ང་ཚོར་ཡོད་པའི་དཀའ་ངལ་དེ་དག་སེལ་ཐབས་ཐད་བཀའ་བསྡུར་གནང་སྟེ་ཐབས་ལམ་འཚོལ་རྒྱུ་ཡིན། ལས་དོན་དེ་དག་ལ་འཛིན་སྐྱོང་གི་ཐོག་ནས་དཔལ་འབྱོར་སོགས་ཀྱི་མཐུན་འགྱུར་གནང་དགོས་པ་རེད། ད་དུང་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་འགྲོ་བར་ཤེས་ཡོན་གལ་ཆེན་པོ་ཡིན་པ་དེ་ཕ་མ་དང་བྱིས་པ་ཚང་མར་ཞུས་ཏེ་ཁོར་ཡུག་བསྐྲུན་ཐུབ་པ་ཡིན་ན། རིམ་པས་བོད་པ་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་མང་པོ་ཞིག་འཐོན་ཡོང་གི་རེད། ཁྱད་ལས་པ་རིགས་གཅིག་རྐང་འཛིན་པ་ཐོན་པའི་ཐོག་ནས་ང་ཚོའི་འཛིན་སྐྱོང་དང་སྤྱི་ཚོགས་ནང་ཞབས་ཞུ་གནང་བ་ཡིན་ན། ཞབས་ཞུ་དེ་ནུས་པ་འཐོན་པ་ཞིག་ཡོང་གི་རེད། གལ་སྲིད་དེ་ལྟར་གནང་མ་ཐུབ་པ་ཡིན་ནའང་། ཁོ་རང་ཚོ་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་འཐོན་པའི་ལག་ཁྱེར་ཡོད་པའི་རྗེས་ལ། སོ་སོའི་མི་ཚེ་བསྐྱལ་བ་དང་ཕ་མ་སྤུན་མཆེད་ལ་ལྟ་རྟོག་བྱ་རྒྱུ་ལས་སླ་བོ་ཡོང་གི་རེད། རིགས་གཅིག་རྐང་འཛིན་པ་དག་སྤྱི་ཚོགས་ཀྱི་སྡིངས་ཆ་བསྐྲུན་ཐབས་ཐད། ལོ་རེ་ལ་གཞུང་ཞབས་བརྒྱ་ཆ་ ༡༥ ཙམ་དགོངས་པ་ཞུ་བཞིན་ཡོད་དུས་དེ་དག་གི་ཚབ་ལ་གཞུང་ཞབས་པ་གསར་བསྡུ་བྱ་དགོས་པ་རེད། ལྷན་ཁང་ཁག་ལ་དཔག་པའི་ལག་ཁྱེར་ཡོད་ན་དེ་ལྟར་འཛུལ་ཞུགས་གནང་སྟེ་ཕྱག་ལས་གནང་བ་ཡིན་ན། མི་སྒེར་སོ་སོར་ཡང་ལས་ཀའི་ཐོག་སྤྲོ་སྣང་ལྡན་པ་དང་ནུས་པ་ཐོན་པའི་ཞབས་ཞུ་སྒྲུབ་ཐུབ་པ་རེད། 

   

དྲི་བ། སྐུ་ཉིད་ཀྱིས་ཤེས་ཡོན་སྲིད་བྱུས་གསར་བའི་སྟེང་གཟིགས་ཚུལ་གང་འདྲ་ཡོད་པ་དང་། ཉིད་ཀྱི་གཏམ་བཤད་ཁག་ཅིག་ནང་འཛིན་རིམ་ལྔ་བ་ཡན་གྱི་སློབ་ཚན་ཚང་མ་དབྱིན་ཡིག་ནང་ཁྲིད་སྤེལ་བྱ་དགོས་ཚུལ། ལྷག་པར་དུ་མཐོ་རིམ་སློབ་མ་ཚོས་དབྱིན་ཡིག་ཐོག་འབད་བརྩོན་ཆེ་བ་གནང་དགོས་སྐོར་གསུངས་དོན་ཅི་ཡིན།

    ལན། ཤེས་ཡོན་སྲིད་བྱུས་གསར་བ་དེ་ ༢༠༠༤ ནས་མགོ་བཙུགས་པ་རེད། ད་ལྟ་འཛིན་གྲྭ་དང་པོ་ནས་ལྔ་བར་ལག་བསྟར་བཞིན་ཡོད། ཤེས་ཡོན་སྲིད་བྱུས་དེ་མུ་མཐུད་དུ་ལག་བསྟར་གནང་སྟེ་འཛིན་རིམ་བཅུ་གཉིས་པར་དུ་འགྲོ་རྒྱུ་ཡོད་པ་རེད། ལག་ལེན་བསྟར་སྟངས་ཀྱི་ཐོག་ནས་ངས་ག་རེ་ཞུ་བཞིན་ཡོད་ཟེར་ན། བོད་ཡིག་གཙོ་བོའི་ཐོག་སློབ་ཚན་ཁག་འགྲོ་དགོས་ཀྱི་ཡོད་པ་གཞིར་བཟུང་ཐོག  འཛིན་གྲྭ་ལྔ་བ་ནས་བརྒྱད་པའི་བར་གྱི་ཚན་རིག་དང་ཨང་རྩིས་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཆའི་ཐོག་ནས་བསླབ་དགོས་ཀྱི་འདུག་ཟེར་གྱི་ཡོད། དེ་ལ་རྒྱུ་མཚན་གཉིས་ཡོད། དང་པོ་དེ་ང་ཚོའི་སློབ་ཕྲུག་ཚོ་སློབ་གྲྭ་ཐོན་ཡོང་སྐབས། ཨང་རྩིས་དང་ཚན་རིག་སྐྱོ་བོ་ཡོད་པ་དེ་གསལ་བོ་རེད། དེ་ཡར་རྒྱས་གཏོང་བ་ལ། བོད་ཡིག་ཐེངས་གཅིག་དང་། དབྱིན་ཡིག་ཐེངས་གཅིག་བཅས་སློབ་ཚན་ཚར་གཉིས་བསླབ་པ་ཡིན་ན། གཞི་རིམ་སློབ་གསོའི་ཐོག་ནས་ཀྱང་ཨང་རྩིས་དང་ཚན་རིག་ཡར་རྒྱས་འགྲོ་བ་ལ་རེ་བ་ཅིག་མཐོང་གི་འདུག  གཉིས་ནས་ཨང་རྩིས་དང་ཚན་རིག་ནི་རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་ཐོག་ནས་དབྱིན་ཡིག་ཐོག་ནས་བསླབ་ཀྱིན་ཡོད་པ་རེད། བརྡ་ཆད་དང་ལྟ་གྲུབ་ཧ་ཅང་མང་པོ་ཡོད་པ་དེ་དག་དབྱིན་ཡིག་ལས་བོད་ཡིག་ནང་བསྒྱུར་ཏེ་བསླབ་པ་ཡིན་ན། དང་པོ་བརྡ་ཆད་དང་ལྟ་གྲུབ་དེ་རྣམས་ཏག་ཏག་སྡོད་ཀྱི་ཡོད་མེད་དང་མགོ་འཚོས་ཀྱི་ཡོད་མེད་ཀྱི་གནས་ཚུལ་ཞིག་ཡོད་པ་རེད། ཨུ་ཚུགས་ཀྱིས་བསླབས་ཀྱང་རྗེས་མ་མཐོ་སློབ་ནང་དབྱིན་ཡིག་ཐོག་ལྟ་དགོས་དུས་བརྡ་ཆད་དང་ལྟ་གྲུབ་དེ་དག་གནད་འགག་ཆགས་ཡོད། དང་པོ་ནས་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་ནས་བསླབ་པ་ཡིན་ན། རང་བཞིན་གྱིས་ཚན་རིག་དང་ཨང་རྩིས་ཡར་རྒྱས་འགྲོ་བ་དང་། བརྡ་ཆད་དང་ལྟ་གྲུབ་ཡག་པོ་མགོ་འཚོས་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད། 

   

དྲི་བ། བཀའ་ཤག་སྐབས་བཅུ་བཞི་པའི་ཆབ་སྲིད་ལངས་ཕྱོགས་དབུ་མ་ཡིན་པ་གསལ་ཁ་བྱུང་ཡོད། འོན་ཀྱང་། གནད་དོན་གཞན། རྒྱ་གཞུང་ལ་སྤྲད་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། རྒྱ་ཕྱོགས་ནས་བཏོན་པའི་རྒྱུན་འཁྱོངས་བྱ་དགོས་པ་གསུམ་སོགས་ཀྱི་ཐོག་ལངས་ཕྱོགས་གང་འདྲ་འཛིན་འཆར་ཡོད་དམ།

    ལན། དེ་དག་ཆ་ཚང་ལ་བསྐྱར་ཞིབ་ཅིག་བྱ་རྒྱུ་གལ་ཆེན་པོ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེ་ཕྱི་ཟླ་ ༡༠ ཚེས་མགོར་འཚོགས་རྒྱུ་གཏན་འཁེལ་གནང་ཡོད།  ཚོགས་འདུ་དེ་ཚོགས་པའི་ཐོག་ནས་ད་ལྟའི་བར་དམིགས་བསལ་སྐུ་ཚབ་ཕེབས་ཏེ་བཀའ་མོལ་ག་རེ་གནང་ཡོད་མེད་དང་། ད་ལྟའི་གནས་སྟངས་ག་རེ་ཆགས་ཡོད་མེད། དེ་བཞིན་ཚོགས་འདུར་ཕེབས་མཁན་ཚོགས་མི་ཚོར་དགོངས་ཚུལ་ག་རེད་ཡོད་མེད། ཆ་ཚང་རྟོགས་པའི་ཐོག་ནས་བསྐྱར་ཞིབ་ཆ་ཚང་བ་ཞིག་བྱས་ཏེ། འགྱུར་བ་ག་རེ་གཏོང་དགོས་མིན་གཞི་ནས་ཐག་ཆོད་ཡོང་གི་རེད། ད་ལྟ་ང་མི་གཅིག་རང་ལུགས་པ་ཆགས་ཡོད་དུས་གསལ་བོར་ཞུ་ཐུབ་ཀྱི་མི་འདུག

   

དྲི་བ། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་རྗེས། བཀའ་ཤག་ལ་འགན་དབང་སྔར་ལས་ཆེ་བ་ཆགས་ཡོད། བཀའ་ཤག་སྐབས་བཅུ་བཞི་པར་བཀའ་ཤག་སྐབས་བཅུ་གསུམ་པ་ལས་ལྷག་པའི་ལས་འགན་གང་དག་ཡོད་པར་གཟིགས་ཀྱི་ཡོད་དམ། 

    ལན། དེ་བཅའ་ཁྲིམས་ནང་གསལ་བོར་བཀོད་ཡོད། སྔོན་མ་བཀའ་ཤགས་སྐབས་བཅུ་གསུམ་པའི་སྐབས་སུ།  ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་ཆགས་ཡོད་པ་རེད། ད་ལྟ་༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་ཆ་ཚང་མཚམས་འཇོག་གནང་ཡོད་སྟབས། མཐའ་མའི་ཐག་གཅོད་བྱེད་པའི་འགན་དེ་བཀའ་ཤག་རང་ལ་བབ་ཡོང་གི་ཡོད། དེ་གཙོ་ཆེ་ཤོས་ཤིག་རེད་བསམ་གྱི་འདུག  ད་ལྟ་ལས་དོན་ཡག་ཉེས་ག་རེ་བྱུང་ཡང་བཀའ་ཤག་བཅུ་བཞི་པ་རང་ལ་རག་ལས་བསྡད་ཡོད་པ་རེད། དེ་ཡིན་དུས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། ༧གོང་ས་བཞུགས་བཞིན་པ་ཡིན་དུས་བཀའ་སློབ་ལམ་སྟོན་ཞུ་དགོས་པ་དེ་གལ་ཆེན་པོ་རེད། ཁོང་གི་དགོངས་པ་གཞི་བཞག་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་དེའང་གལ་ཆེན་པོ་རེད། གཙོ་ཆེ་ཤོས་གྲོས་ཚོགས་ནས་ཐག་གཅོད་ག་རེ་གནང་པ་ཡིན་ན། དེ་བཀའ་ཤག་གིས་ལག་ལེན་བསྟར་དགོས་པ་རེད།

   

དྲི་བ། ལོ་སྔ་ཕྱིར་གཞིས་ཆགས་ཁག་ནས་མི་མང་པོ་ཞིག་ཕྱི་རྒྱལ་དུ་སྐྱོད་ཀྱི་ཡོད་པ་དང་། གསར་འབྱོར་བ་མང་པོ་ཞིག་ཕྱིར་བོད་ནང་ལོག་གི་ཡོད་འདི་རྩ་དོན་འཐབ་རྩོད་རྒྱུན་གནས་ཐུབ་མིན་གྱི་ཉེན་ཁ་ཞིག་ལ་མཐོང་གི་ཡོད་མེད་དང་།  མཐོང་གི་ཡོད་ན་ཉེན་ཁ་དེ་སེལ་ཐབས་སུ་ལམ་ཁ་གང་འདྲ་གཟིགས་ཀྱི་ཡོད་དམ། 

    ལན། ཕྱི་རྒྱལ་ཁག་ལ་ཕེབས་མཁན་རྣམས་འགོག་ཐབས་ཡོད་པ་མ་རེད། ཁོང་ཚོ་རང་དབང་ཐོག་གཞུང་ཚབ་ནས་ཆོག་མཆན་རག་ན་ཕེབས་འགྲོ་བཞིན་ཡོད། བོད་ནང་ཕེབས་བཞིན་པ་དེ་སྤྱིར་བཏང་གནས་མཇལ་དང་སློབ་སྦྱོང་དུ་ཕེབས་མཁན་རྣམས་ཕར་ལོག་དགོས་པའི་གནས་སྟངས་ཤིག་ཆགས་ཡོང་གི་ཡོད། བོད་ནས་ཕེབས་མཁན་མང་པོ་ཞིག་ཕྱིར་ལོག་གི་ཡོད་པ་དེ་གཅིག་བྱས་ན་རྒྱ་གཞུང་གིས་ནང་མིར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་སོགས་ཀྱང་ཡིན་སྲིད་པ་རེད། གནས་ཚུལ་འདི་ཕུགས་ཀྱི་ཉེན་ཁ་ཞིག་ལ་ངས་མཐོང་གི་མེད། བུ་ཁྱིམ་སློབ་གྲྭ་དང་སྨན་རྩིས་ཁང་། ནོར་བུ་གླིང་ཁ། དེ་བཞིན་གཞུང་ཞབས་དང་གྲོས་ཚོགས་ནང་ལའང་བོད་ནས་གསར་བ་ཕེབས་མཁན་མང་པོ་ཡོད། ལྷག་པར་དུ་གྲོས་ཚོགས་དེ་སྐུ་དབང་ཆེ་ཤོས་ཆགས་ཡོད། མགོ་སྐུ་སྒེར་ཡིག་ཚང་ནས་ལྷན་ཁང་ཁག་གི་བར་བོད་ནས་གསར་དུ་ཕེབས་མཁན་སྲི་ཞུ་བ་མང་པོ་ཡོད་པ་རྣམས་གཏན་འཇགས་ཆགས་ཡོད། ཡིན་ནའང་། སྐབས་སྐབས་སུ་རྒྱ་ནག་གི་གནོན་ཤུགས་འོག་མི་གྲངས་མང་ཉུང་འགྲོ་བ་དེ་འདྲ་ཡོང་སྲིད་པ་རེད། གཙོ་བོ་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་སྤོབས་པ་དེ།  ༢༠༠༨ ནས་བཟུང་ད་ལྟ་བར་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དེ་བཞིན་ཕྱིའི་བོད་པ་རྣམས་ཀྱང་ཆབ་སྲིད་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་བོ་རེད། དམིགས་བསལ་གཞོན་སྐྱེས་ཚོའི་ཁྲོད་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་དང་། རྒྱ་སྐད་ཤེས་མཁན་མང་པོ་འཚར་ལོངས་འབྱུང་བཞིན་པར་བརྟེན། ཕུགས་ལ་ང་ཚོའི་རྩ་དོན་དེ་ཇེ་བརྟན་དང་ནུས་པ་ཆེ་རུ་འགྲོ་བཞིན་པ་ཞིག་ལ་ངས་ཡིད་ཆེ་བྱེད་ཀྱི་ཡོད།  

   

དྲི་བ། སྐུ་ཉིད་ཀྱི་དམ་འབུལ་གསུངས་བཤད་ནང་བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་འཆར་ཡོད་སྐོར་གསུངས་སོང་། དེ་བཞིན། སྤྱི་ཚོགས་ནང་གི་ཤེས་ཡོན་པ་ཚོར་དམིགས་བསལ་གྱིས་བདག་པོ་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་། དེའི་སྐོར་ལ་འཆར་གཞི་དང་གྲ་སྒྲིག་གང་འདྲ་ཡོད་དམ། 

    ལན། སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་དེ་ནི། ལས་ཁུངས་ཤིག་བཙུགས་ཏེ་དེས་ང་ཚོའི་འཛིན་སྐྱོང་འདི་ལོ་ ༥ དང་ ༥༠ ནང་ལ་ག་འདྲ་ཆགས་མིན་དང་། རྒྱ་བོད་བར་གྱི་གནས་སྟངས་ག་འདྲ་ཆགས་མིན། རྒྱ་གར་ནང་བོད་པ་ག་འདྲ་ཆགས་མིན། དེ་བཞིན་ཨ་རི་དང་ནུབ་ཕྱོགས། ཨེ་ཤ་ཡ་བཅས་ཀྱི་ནང་བོད་པ་ག་རེ་ཆགས་ཡིན་སོགས་སྤྱི་ཡོངས་ནས་བོད་པའི་གནད་དོན་ཐད་ཉམས་ཞིབ་གནང་དགོས་པ་རེད།  འཛིན་སྐྱོང་གིས་ཉིན་རེའི་ལས་དོན་ཐག་གཅོད་གནང་བཞིན་འགྲོ་དགོས་སྟབས། ཕུགས་རྒྱང་རིང་པོར་ལྟ་ཐུབ་མཁན་གྱི་ལས་ཁུངས་ཤིག་ཟུར་དུ་འཛུགས་རྒྱུ་དེ་གལ་ཆེན་པོ་རེད། ལས་གཞིའི་འདིའི་ཐད་ཀྱི་མ་དངུལ་གྲ་སྒྲིག་བྱས་ཚར་ཡོད། ཟླ་བ་གཉིས་གསུམ་ནང་ལ་ལས་གཞི་འདི་མགོ་འཛུགས་ཐུབ་པ་བྱ་རྒྱུ་ཡིན། ཉམས་ཞིབ་པ་ལྔ་དྲུག་ཅིག་བསྐོ་བཞག་གིས་གནད་དོན་རྒྱ་ཆེ་སར་ཞིབ་འཇུག་གནང་སྟེ།  ཟླ་རེའི་ནང་གནད་ཡོད་མི་སྣ་གསུང་བཤད་གནང་མཁན་གདན་ཞུ་དང་།  ཟླ་བ་གསུམ་བཞི་རེའི་མཚམས་སུ་མཁས་པ་གསུམ་ལྷག་གདན་འདྲེན་བྱས་ཏེ་ཚོགས་འདུ་ཚོགས་པ། ལོ་གཅིག་རེའི་ནང་ཉིན་གསུམ་ལྷག་གི་ཚོགས་འདུ་ཆེན་པོ་རེ་འཚོགས་རྒྱུ་བྱས་ཏེ། བོད་ནང་གི་ཁོར་ཡུག་དང་ཆུ།  འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་སོ་སོའི་ཐད་བགྲོ་གླེང་གནང་བ་ཡིན་ན། གངས་སྐྱིད་དང་ངྷ་རམ་ས་ལའི་དཀྱིལ་འཁོར་འདིའི་ནང་ལ་མཐོ་རླབས་ཤིག་འབྱུང་གི་རེད། དེ་ལྟར་མཁས་པའི་བགྲོ་གླེང་སོགས་ཀྱི་ཁོར་ཡུག་བསྐྲུན་ཐུབ་པ་ཡིན་ན་སྤྱི་ཡོངས་ལ་ཕན་གི་རེད། གཉིས་པ། ང་ཚོའི་འཛིན་སྐྱོང་ཁག་ནང་འཕྲུལ་ཆས་དང་ཤེས་ཡོན་ཐོག་ནས་མ་འདང་བ་དེ་འདྲའི་རིགས་ལ། ཕྱི་ལ་ཡོད་པའི་བོད་རིགས་ལག་ཤེས་དང་ཤེས་ཡོན་ཅན་དག་ཕེབས་རོགས་ཞེས་འབོད་སྐུལ་ཞུས་ཏེ། ཟླ་བ་དྲུག་དང་ལོ་གཅིག་གཉིས་རིང་གདན་ཞུ་གནང་བ་ཡིན་ན། རིམ་བཞིན་ཕྱི་རྒྱལ་ཁག་གི་བོད་རིགས་སྲི་ཞུ་སྒྲུབ་མཁན་མང་དུ་ཕྱིན་ཏེ། དྷ་རམ་ས་ལར་ཡོད་པའི་འཛིན་སྐྱོང་འདི་ལྟེ་གནས་གཙོ་བོ་ཆགས་ཏེ་ཕུགས་བརྟན་པོ་ཡོང་གི་རེད། ལས་གཞི་འདི་འཆར་ལོའི་ཚེས་མགོ་ཞིག་ནས་མགོ་འཛུགས་གསལ་བསྒྲགས་གནང་གི་ཡིན།

 

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས་དང་ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 15

  1. སྟག་ཕྲུག says:
    ལོ་ 14 སྔོན།

    བཀུར་འོས་བཀའ་ཁྲི་མཆོག་གིས་འབྱུང་འགྱུར་ལོ་༢༠ ནང་ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་ ༡༠༠༠༠ ཐོན་པ་བྱ་ཐུབ་རྒྱུའི་རེ་བ་དང་དམིགས་ཚད་བཟུང་བ་འདི་ཧ་ཅང་དགའ་འོས་པ་ཞིག་རེད། དེ་དང་མཉམ་དུ་འབྱུང་འགྱུར་ལོ་༢༠ནང་ང་ཚོའི་བླ་སྲོག་ཏུ་གྱུར་པའི་མ་ཡུམ་སྐད་ཡིག་འདི་ཉིད་དུས་རབས་གསར་པའི་རིག་གནས་ཀྱི་བརྡ་ཆད་ཀྱིས་ཁ་གང་བ་ཞིག་བཟོ་རྒྱུ་དེ་དེ་བས་གལ་ཆེ། ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན་པ་༡༠༠༠༠ཙམ་ཐོན་པ་དེ་དག་གི་བོད་དོན་འཐབ་རྩོད་ཀྱི་མདུན་ཕྱོགས་ནས་ནུས་པ་མི་དམན་པ་ཐོན་རྒྱུ་ཡིན་པ་གོར་མ་ཆགས་ཀྱང་། བོད་རང་གི་སྐད་ཡིག་འདི་ཉིད་འཕེལ་རྒྱས་གཏོང་མ་ཐུབ་ན་བོད་མི་རིགས་ཀྱི་རྩ་བ་རུལ་ནས་ཡལ་གར་ཁྲ་ཁྲ་ཟིང་ཟིང་བཏགས་པ་ལྟར་འགྱུར་རྒྱུར་གདོན་མི་ཟའོ།།
    དེས་ན་འགྱོགས་ནས་མྱུར་དུ་བསྒྲུབ་དགོས་པའི་ལས་དོན་ཞིག་ནི། ཆབ་སྲིད་ཀྱི་ལས་དོན་དང་ཐད་ཀར་འབྲེལ་བ་མེད་པར་བོད་ཕྱི་ནང་གི་མཁས་དབང་གང་མང་མཉམ་ཞུགས་གནང་སའི་ཆེས་མཐོའི་ཐ་སྙད་གཏན་འབེབ་ཚོགས་ཆུང་ཞིག་འཛུགས་ཐབས་གནང་དགོས་པ་དང། དེ་དང་འབྲེལ་ནས་ལས་ཁུངས་དེའི་འཛིན་སྐྱོང་འོག་ནས་ཤེས་ཡོན་སྲིད་ཇུས་གསར་པའི་དགེ་རྒན་འོས་སྦྱོང་གི་ལས་དོན་ཞིག་བསྒྲུབ་དགོས། འབྱུང་འགྱུར་ལོ་༢༠ནང་ཕ་སྐད་གཙང་མའི་ལམ་ནས་དུས་རབས་གསར་པའི་རིག་གནས་འཆད་ཁྲིད་བྱ་ཐུབ་པའི་དགེ་རྒན་ཁྲི་གཅིག་མ་བྱུང་རུང་སྟོང་ཕྲག་རེ་གཉིས་ཤིག་གསོ་སྐྱོང་བྱ་ཐུབ་ན་བོད་མི་རིགས་ཀྱི་རྩ་བའི་གཏིང་ནས་ནུས་སྟོབས་རྒྱས་རྒྱུར་ཐེ་ཚོམ་མེད་དོ།།
    ཀློག་པ་པོ་ཚང་མས་བསམ་གཞིག་གནོངས་རོགས།

    Reply
  2. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་སྐོར་ལ་བསམ་བློ་ཏན་ཏན་ཞིག་གཏོང་རྒྱུ་ཧཧ་ཅང་གལ་ཆེན་པོ་རེད། ང་ཚོས་རང་གི་སྐད་ཡིག་རིག་གཞུང་ལ་ཤ་ཚ་དུང་ཞེན་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་སློབ་ཚན་ཚང་མ་བོད་ཡིག་ནང་དགོས་ཟེར་ན་དུས་རབས་ཀྱི་རྗེས་ཟིན་པ་ཞིག་ཅེས་ཀྱང་ཡོང་ཐབས་དཀའ། གང་ཡིན་ཟེར་ན་ང་ཚོ་ཉི་ཧོང་དང་རྒྱ་ནག་སོགས་དང་རྩ་ནས་མི་འདྲ། ཁོ་ཚོ་ལ་དཔལ་འབྱོར་དང་ཁོར་ཡུག་ཕྱི་དངོས་པོའི་ཆ་རྐྱེན། སྟངས་འཛིན་གྱི་ནུས་པ་སོགས་ཕྱོགས་གང་ཐད་ནས་ལྡང་ངེས་ཡོད། ང་ཚོས་ཡོད་ཚད་གཞན་ལ་བརྟེན་དགོས་དུས་ང་ཚོའི་མ་འོང་སོན་རྩ་ཚོ་འཛིན་གྲ་བཅུ་གཉིས་ཐོན་རྗེས་མི་རིགས་གཞན་དག་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་བསྐྱོད་ཀྱི་ནུས་པ་བྲལ་ཞིང་དེས་རྐྱེན་བྱས་ནས་མདུན་ལམ་མེད་པའི་མུ་བུ་ཁྱུ་ཁྱུ་བྱས་ནས་སྡུག་ཡུས་བགྲང་ནས་སྡོད་རྒྱུ་ལས་མ་འདས། བོད་ཀྱི་སྐད་ཡིག་རིག་གཞུང་ཤེས་པའི་བོད་པ་རྣལ་མ་ཞིག་ཡོང་བར་བོད་ཀྱི་སྐད་ཡིག་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་སོགས་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཚད་ལྡན་དང་སློབ་དེབ་ཚད་ལྡན། ད་དུང་ཟུར་ལྟའི་སློབ་དེབ་སོགས་དང་སློབ་ཁྲིད་བྱེད་སྟངས་ཚད་ལྡན་སོགས་ཡོང་བར་ཞིབ་འཇུག་གིས་ལེགས་བཅོས་གང་ཐུབ་བྱེད་དགོས་པ་ལས་སློབ་ཚན་ཚང་མ་བོད་སྒྱུར་བྱས་པ་ཙམ་གྱིས་དམིགས་བསལ་ཕན་ཐོགས་ཅང་ཡོད་པར་མི་སེམས། གལ་ཏེ་ཚང་མ་བོད་སྐད་ནང་བསྒྱུར་བའི་དབང་དུ་བཏང་ཡང་དེ་དག་བོད་ཀྱི་སྐད་ཡིག་ནང་སློབ་ཁྲིད་བྱེད་ཐུབ་མཁན་གྱི་དགེ་རྒན་ཚད་ལྡན་འདང་ངེས་ཤིག་ཕར་ཟད་རེ་ཟུང་ཙམ་ཡང་བོད་མིའི་ཁྲོད་དཀོན་པོ་མ་ཡིན་ནམ། དེ་ལས་ཀྱང་བསམ་ཞིབ་བྱེད་དགོས་པ་ཞིག་ནི་འཛིན་གྲ་བཅུ་གཉིས་ཐོན་རྗེས་གང་དུ་འགྲོ་དགོས་མིན་དང་ཅི་ཞིག་བྱེད་དགོས་མིན་དེ་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་གར་འཛིན་སྐྱོང་ཁོངས་མ་ཡིན་པའི་བོད་སློབ་ཁག་ནང་ལ་བསླབ་བྱ་གཅིག་སྐད་ཡིག་གཉིས་ཐོག་ནས་བསླབ་ཐབས་ཡོང་རྒྱུ་རེད། འོན་ཀྱང་དཀའ་ངལ་ཆེ་ཤོས་དེ་དགེ་རྒན་རེད། བོད་དབྱིན་གཉིས་མཁྱེན་པ་ཞིག་ངེས་པར་དགོས་ཡོད།
    ལས་བྱེད་གསར་བ་རྒྱུན་རིང་ཙམ་གནས་ཐབས་ལ་དགོངས་བཞེས་གནང་རྒྱུ་ཞིག་ཡོད་ན་དེ་ངོ་མ་བཟང་གི ལས་བྱེད་མང་ཆེ་བ་ལོ་ལྔ་ལ་མུ་མཐུད་གནས་ཐུབ་ན་འགྲིགས། གཙོ་བོ་ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི་མི་སྣ་དག་རྒྱུན་གནས་ཐུབ་རྒྱུ་ཧ་ཅང་གལ་ཆེ། དེ་བས་དེ་དག་ལ་དོ་སྣང་ཆེན་པོ་དང་ལས་ཀའི་གོ་སྒྲིག་ཐད་ནས་འཐུས་ཤོར་མེད་པ་ཞིག་གནང་གལ་ཆེ།
    བཅར་འདྲི་འདི་རིགས་གནང་ན་གཤམ་མཆན་འགོད་མཁན་མང་བས་བཟང། སློབ་ཚན་དང་འབྲེལ་བའི་སྐོར་ལ་དགེ་རྒན་རྣམ་པས་དགོངས་ཚུལ་འདོན་རྒྱུ་གལ་ཆེ།

    Reply
  4. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    སྤྱིར་བཏང་བྱས་ན་བཀའ་ཁྲི་མཆོག་གིས་གནང་སྟངས་དེ་ཡག་པོ་རད་དེ། འོན་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་ཨེ་ཐུབ་སྙམ། གང་ལགས་ཤེ་ན། དམིགས་བསལ་མཁས་པའི་ཚོགས་ཆུང་ཟུར་འཛུགས་བརྒྱུད་ཤེས་ཡོན་གྱི་གནས་ཚུལ་སྤྱི་ལ་ཞིབ་འཇུག་གཏིང་ཐག་ཆོད་པ་ཞིག་མ་བྱས་ན་སྔར་བཞིན་རང་འཇགས་ཆགས་ཀྱི་རེད། དེ་ལྟར་ཞིབ་འཇུག་ཅིག་བརྒྱུད་ནས་ཡར་རྒྱས་དང་འགྱུར་བ་བཏངས་ན་ནུས་ངེས་ཅན་ཞིག་འདོན་ཐུབ་ཀྱི་རེད་འདོད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    དེ་གནས་ཡིན་རྒྱུ་རེད་ལས་ཁོངས་འཛུལ་སྟེ་ཕྱི་རྒྱལ་འགྲོ་རྒྱུ་ལམ་ཁ་དང་ཆ་རྐྱེན་ཧ་གོ་རྗེས་ཐོན་འགྲོ་གི་ཡོད་པར་ད་གང་དྲག་དེ་འདྲ་སེམས་སྐྱོ་པ་ལ་ཨ་ཁ་ཁ་

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    མི་འགའ་རེས་ལག་ནས་བོད་ཡིག་འབྲི་བཞིན། ཁ་ནས་བོད་ཡིག་ལ་བརྒོལ་བ་ནི་ཡིག་མུག་པ་ཞིག་རེད། བཙན་བྱོལ་སློབ་གྲྭ་ཁག་གི་སློབ་སྦྱོང་གནས་ཚད་ལ་༸གོང་ས་མཆོག་གསུང་སྐད་ཤོར་དགོས་བྱུང་བ་དེ་བོད་ཡིག་སློབ་རྒྱུ་མང་སོང་བས་ཡིན་ནམ། གཏན་ནས་མ་རེད་མི་ལོ་ལྔ་བཅུའི་རིང་ལ་བོད་ཡིག་ལ་འཐོང་ཆུང་བྱས་པའི་འབྲས་བུ་རེད།

    Reply
  7. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཁོ་བོ་ནི་འདི་ལྟར་དྲན་བཞིན་ཡོད། གཅིག་བྱས་ན་སྐད་ཆ་འདི་བོད་ཀྱི་སྐད་ཡིག་ལ་ཕོག་ཐུག་འགྲོ་གཞི་ཞིག་ཏུ་འགྱུར་སྲིད་ཀྱང་། དངོས་ཡོད་གནས་སྟངས་དང་ཁ་ཡོད་ལག་ཡོད་ཀྱི་བོད་པའི་སློབ་ཕྲུག་ཁག་ལ་མ་འོངས་པའི་ཕུག་ལ་ཕན་པར་བསམ་པ་ཡིན་ན། འཛིན་གྲ་ལྔ་པ་ནས་སློབ་ཚན་གཞན་ཡོངས་རྫོགས་དབྱིན་ཡིག་གི་ལམ་ནས་བསླབས་པ་ཡིན་ན་ཡག་པ་ཡོད་རེད་སྙམ། སྤྱིར་བཏང་དེ་དང་མཉམ་དུ་བོད་ཡིག་སློབ་ཚན་རྒྱལ་རབས་དང་སྐད་ཡིག་སོགས་ཡོད་མུས་རེད་པ། གང་ཡིན་ཟེར་ན། མ་འོངས་པར་བོད་རིགས་སློབ་ཕྲུག་དེ་རྣམས་རྒྱལ་སྤྱི་སློབ་ཕྲུག་གཞན་རྣམས་དང་མཉམ་གཤིབས་ཀྱིས་སློབ་སྦྱོང་བྱེད་དགོས་པ་དང་བྱེད་བཅུག་འདོད་ཡོད་ན་ཐབས་ལམ་དེ་ཡག་ཤོས་རེད། དེ་མ་གཏོགས་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་ནས་ཁ་ནས་བཤད་ནས་ཕྲུ་གུའི་མ་འོངས་འདུན་ལམ་གཏོར་བཤིག་གཏང་བ་ཡིན་ན་ཡག་པོ་རེད་སྙམ། སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་བསླབ་དགོས་རེད་མཁན་མང་ཆེ་བ་ནི་སློབ་གྲྭ་ལ་འགྲོ་མི་དགོས་མཁན་ཤ་སྟག་རེད་འདུག

    ཕྱོགས་གཅིག་ནས་ང་ཚོས་བོད་པའི་སློབ་ཕྲུག་ཁྲོད་ནས་རིག་གཅིག་རྐང་འཛིན་པ་ཐོན་ཐུབ་ཀྱི་མིན་འདུག་ཟེར་བ་དང་། རྒྱལ་སྤྱིའི་སློབ་ཕྲུག་ལྟར་དུ་གྲུབ་འབྲས་ཐོན་ཐུབ་ཀྱི་མིན་འདུག་ཟེར་བ་སོགས་མ་འགྲིག་པ་མང་པོ་གཅིག་བརྗོད་བཞིན་ཡོད། ཡང་ཕྱོགས་གཞན་ནས་དེ་ལྟར་ཡོང་རྒྱུར་འགོག་རྐྱེན་བཟོ་བཞིན་འདུག་སྙམ། འདི་ནི་རང་གི་བསམ་འཆར་ཙམ་ཡིན།

    Reply
  8. བསོད་ནམས། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་ཟམ་གདོང་རིན་པོ་ཆེའི་སྐབས་ལས་བྱེད་བརྒྱ་ཆ་ ༥༠% རྩ་དགོངས་ཞུས་སྐོར་གསུངས་འདུག་ལ་དེའི་དཀའ་ངལ་སེལ་ཐབས་དྲུང་ཆེ་རྣམ་པར་གོ་བསྡུར་བྱེད་ཀྱིན་ཡོད་ཅེས་གསུངས་འདུག གཅིག་ནས་དེང་སྐབས་བོད་མི་རྣམས་ལ་སྒོར་མོའི་ཡོང་འབབ་གང་ན་མང་བ་ཡོད་ན་དེར་རྒྱུག་འགྲོ་བ་ལས་ལྷག་བསམ་དང་སེམས་ཤུགས་ཡོད་མཁན་དཀོན་པོ་རེད། གཉིས་ནས་བོད་གཞུང་གི་ལས་བྱེད་རྣམས་ ཁ་ཟ་ལ་དགའ། བརླ་ཉལ་ལ་དགའ་ཟེར་བ་ལྟར་ཟམ་གདོང་སྐབས་ལས་དོན་ཚགས་ཚུད་དང་། སྒྲིག་འཛུགས་ཅུང་དམ་དུ་བཏང་བས་ཡིན་ལས་ཆེ། གལ་སྲིད་དཀའ་ངལ་དེ་སེལ་དགོས་ན་ལས་བྱེད་གླ་ཕོགས་སྤར་དགོས་པ་དང་། ཡང་ན་ལས་དོན་ལྷོད་དུ་གཏང་དགོས། དེ་གཉིས་གང་རུང་མ་གནང་ཚེ་དཀའ་ངལ་དེ་སེལ་ཐུབ་རྒྱུ་ཁག་པོར་ཆགས་ཡོད།

    Reply
  9. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    བཀའ་ཁྲིས་ཨང་རྩིས་དེ་བོད་དབྱིན་གཉིས་ཐོག་ནས་དགོས་ཚུལགསུངས་པ་དེ་ཉམས་མྱོང་ཅན་གྱི་གསུང་རང་རེད་དེར་རྒྱབ་སྐྱོར་ཡོད། བོད་ཡིག་ཁོ་ནའི་སྟེང་ནས་བསླབ་པ་ཡིན་ན་འཛིན་གྲ་བཅུ་གཉིས་ཐོན་ནས་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་ཞུགས་དུས་བོད་ཕྲུག་ཚོར་གྱོང་ཅི་ཙམ་རག་གི་ཡོད་པ་དེ་གནད་དོན་ཆུང་ཆུང་ཞིག་མ་རེད། ཨང་རྩིས་དེ་འཛིན་གྲ་བཅུ་བ་བཅུ་གཅིག་བའི་སྐབས་སློབ་ཕྲུག་ཚོས་བདམ་བྱའི་སྡེ་ཚན་ཁག་ཕལ་ཆེར་ལ་ཅི་ཙམ་གལ་ཆེ་བ་ཞིག་མརེད་དམ། རྗེས་མ་མཐོ་སློབ་སྐབས་སུ་རྒྱ་གར་དང་ཕྱི་རྒྱལ་སོགས་ལ་བརྟེན་མི་དགོས་པ་ཞིག་ཡིན་ན་བོད་ཡིག་ཁོ་ནའི་སྟེང་ནས་བསླབ་ན་ལོས་བཟང་ཡང་ཚན་རིག་ཆེད་མཁས་པ་ཞིག་སྐྱེད་བསྲིང་བྱེད་རྒྱུ་ལྟ་བུས་མཚོན་ཡོད་ཚད་གཞན་ལ་བརྟེན་མི་དགོས་པ་ཞིག་ནི་ད་དུང་བྱིས་པ་གོག་ནུར་ལྟ་བུའི་འུ་ཅག་བོད་པ་ཚང་ལ་དཀའ་ཚོད་དུ་གདའ་འོ།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    བོད་དབྱིན་གཉིས་ཐོག་ནས་སློབ་ཁྲིད་གནང་དགོས་ཀྱི་འདུག་ཅེས་པ་འདི་དངོས་གནས་ཡག་པོ་འདུག དེ་མ་གཏོགས་བྱ་མིན་བྱེའུ་མིན་ཞིག་ལ་གྱུར་ནས་ཅི་ཡང་ཤེས་ཀྱི་མ་རེད། རྩིས་དངོས་རྫས་གསུམ་གྱི་སློབ་ཁྲིད་འདི་བཞིན་སྐད་གཉིས་སྒང་ནས་ཁྲིད་ན་གཅིག་ཕན་གཅིག་གྲོགས་དང་དགེ་རྒན་མེད་པའི་དཀའ་ངལ་ཡང་ཡོངས་སུ་སེལ་ཡོད་ལ། སློབ་ཚར་རྗེས་ཆེད་ལས་སློབ་གྲྭར་འཛུལ་ཞུགས་ཐུབ་པར་ཡང་གཞོགས་འདེགས་གནང་ཡོད་པའི་ཁར། མ་འོངས་པར་བོད་ཡིག་ནང་ཤེས་བྱ་འདི་དག་ཁྱབ་བརྡལ་ལ་གཏོང་བར་རྨང་གདན་འདིངས་ཐུབ་ཡོད། དེ་ལས་ལྡོག་ན། དེང་རབས་ཤེས་བྱ་བོད་ཡིག་སྒང་ཐེབས་ཆག་ཅིག་བསྒྱུར་ཐུབ་པའི་དབང་དུ་བཏང་ན་ཡང་སློབ་ཚར་རྗེས་འཛུལ་སའི་སློབ་གྲྭ་མེད་པའི་ཁར་བཀོལ་སའི་ལས་ཀའང་མེད་པས། ལས་མེད་ན་གཞོན་ཁྱུ་དང་ཁྱུ་བྱས་ནས་འཁྱམ་འདུག་རྒྱུ་ལས་མེད། དེ་བས།
    མ་འོངས་མདུན་ལམ་གཙོར་འཛིན་གྱི་སློབ་གསོའི་སྲིད་ཇུས་ཤིག་གཏན་འབེབས་གནང་རྒྱུ་རང་གཞན་ཀུན་ལ་ཕན་ཐོགས་པ་ཞིག་རེད།

    Reply
  11. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    “འཛིན་གྲྭ་ལྔ་བ་ནས་བརྒྱད་པའི་བར་གྱི་ཚན་རིག་དང་ཨང་རྩིས་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཆའི་ཐོག་ནས་བསླབ་དགོས་ཀྱི་འདུག་ཟེར་གྱི་ཡོད། དེ་ལ་རྒྱུ་མཚན་གཉིས་ཡོད། དང་པོ་དེ་ང་ཚོའི་སློབ་ཕྲུག་ཚོ་སློབ་གྲྭ་ཐོན་ཡོང་སྐབས། ཨང་རྩིས་དང་ཚན་རིག་སྐྱོ་བོ་ཡོད་པ་དེ་གསལ་བོ་རེད། ” ཅེས་པ་འདི་བལྟ་གྲུབ་དང་ལག་ལེན་གཉིས་ཀ་མ་ཤེས་པའི་སྐད་ཆ་ཞིག་རེད། སྔོན་མ་ཡང་འཛིན་གྲྭ་དང་པོ་ནས་ལྔ་བ་བར་བོད་ཡིག་ཐོག་སློབ་ཚན་རྣམས་སློབ་རྒྱུ་ཐག་ཆོད་སྐབས་ཀྱང་འཛིན་གྲྭ་གོང་མར་སླེབས་སྐབས་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཐུགས་ཁྲལ་དེ་འདྲ་བྱུང་ཡོད་པ་རེད། འོན་ཀྱང་ད་ལྟ་ལོ་བཅུ་བདུན་ཙམ་སོང་བའི་རྗེས་སུ་རྩིས་རིག་དང་ཚན་རིག་གི་གནས་ཚད་སྔར་བས་ཇེ་ལེགས་སུ་སོང་ཡོད་པ་ལས་ཇེ་ཞན་དུ་སོང་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་ངས་ཉམས་མྱོང་གིས་བཤད་ཀྱིན་ཡོད།
    ལྷག་པར་དུ་”བརྡ་ཆད་དང་ལྟ་གྲུབ་ཧ་ཅང་མང་པོ་ཡོད་པ་དེ་དག་དབྱིན་ཡིག་ལས་བོད་ཡིག་ནང་བསྒྱུར་ཏེ་བསླབ་པ་ཡིན་ན། དང་པོ་བརྡ་ཆད་དང་ལྟ་གྲུབ་དེ་རྣམས་ཏག་ཏག་སྡོད་ཀྱི་ཡོད་མེད་དང་མགོ་འཚོས་ཀྱི་ཡོད་མེད་ཀྱི་གནས་ཚུལ་ཞིག་ཡོད་པ་རེད།”ཞེས་པ་དེ་རྦད་དེ་ནོར་བ་རེད། ཕྱིའི་སྐད་ཡིག་བེད་སྤྱད་ནས་བསླབས་པ་དང་རང་གི་སྐད་ཡིག་བེད་སྤྱད་ནས་བསླབས་པ་ཡིན་ན་ཕྲུ་གུས་བསླབ་གཞི་མགོ་ཚོས་ཆེ་པ་ཡོང་གི་ཡོད་པ་འཇིག་རྟེན་སྤྱི་གྲགས་ཤིག་རེད།
    འདི་ལ་དཔེར་མཚོན་གསོན་པོ་ཞུ་དགོས་ན་རྫོགས་རྒྱུ་མེད་པ་ངས་ཉམས་མྱོང་གིས་ཞུ་ཆོག
    དེ་བཞིན་”བོད་ཡིག་ཐེངས་གཅིག་དང་། དབྱིན་ཡིག་ཐེངས་གཅིག་བཅས་སློབ་ཚན་ཚར་གཉིས་བསླབ་པ་ཡིན་ན།”ཟེར་བ་འདི་ཚོ་ལག་ལེན་དངོས་ལ་ཡོང་ཐབས་མེད་པའི་སྐད་ཆ་ཞིག་རེད།

    Reply
  12. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ལགས། གོང་གི་བཅར་འདྲའི་མཇུག་ཏུ་༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽ ཞེས་བཀོད་ཡོད་པ་མཐོང་མ་བྱུང་ངམ། བཅར་འདྲི་དེ་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ནས་བོད་ཀྱི་དུས་བབ་ཚགས་ཤོག་སྟེང་བཀོད་དེ་འགྲེམས་སྤེལ་ཞུས་ཟིན་ཡོད། དེ་མ་མཐོང་བར་ཕྱི་ཟླ་ ༩ ཚེས་ ༣ ཉིན་སློབ་སྤྱི་ཚོ་ལྡི་ལིར་ཚོགས་སོང་བའི་གསར་འགྱུར་དེ་གང་ཞིག་ནས་མཐོང་སྟེ་དུས་བབ་རྗེས་ལུས་ཡིན་སྐོར་གསུངས་པ་དེ་ཡང་ཡ་མཚན་རེད། གང་ལྟར། ” ཤུགས་རྒྱབ ” ཟེར་བའི་སྐད་ཆ་དེ་གཅིག་པུས་མགུ་ནས་ཡོད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གསར་འགོད་པ་་་་བཀྲ་ཤིས་དོན་གྲུབ་དང་ཚེ་རྒྱམ་ལགས་་་་ཁྱེད་གཉིས་ཀྱིས་བཀའ་ཁྲི་ལ་བཀའ་དྲིས་ཞུ་པ་འདི་བདུན་གཅིག་གི་སྔོན་དུ་དྲིས་འདུག་པར་མ་ཟད་ཉིན་བཅུ་ལྷག་འགྲོ་གི་ཡོད་ཚད་འདུག

    བཀའ་ཁྲི་མཆོག་གིས།།
    ཤེས་ཡོན་ཡར་རྒྱས་ཆེད་ག་རེ་བྱ་དགོན་མིན་ཐད་གཏིང་ཟབ་མོའི་སྒོ་ནས་ཞིབ་འཇུག་བྱ་རྒྱུ་ཡིན། ཟླ་ ༩ ཚེས་ ༣ ཉིན་ལྡི་ལིར་སློབ་གྲྭ་ཁག་གི་བོད་པའི་སློབ་སྤྱི་ཁག་ཚང་མ་ཕེབས་རོགས་ཞུས་ཡོད། ཞེས་གསུངས་འདུག་པས་ཕྱི་ཟླ་༩་པའི་ཚེས་༣་གྱི་སྔོན་གི་སྐད་ཆ་རེད། དེ་རིང་སྤྱི་ཟླ་དགུ་པའི་ཚེས་དགུ་རེད།

    དུས་བབ་ཚང་གིས་༩པའི་ཚེས་༣་ཉིན་ལྡི་ལིར་སློབ་གྲྭ་ཁག་གི་བོད་པའི་སློབ་སྤྱི་ཚོས་འཚོགས་ཐོག་ཏུ་བཀའ་མོས་གང་བྱུང་ཡོད་མེད་གསར་འགྱུར་བཀོད་ཐུབ་ཀྱི་མེད་པ་རེད། དུས་བབ་རྗེས་ལུས་ཆགས་བཅུག་མ་ཡོང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།

    རྗེས་ལུས་ཀྱི་རྣམ་པ་མངོན་ཡོད་གི་འདུག གནས་ཚུལ་གསར་པ་རྣམས་དུས་ཐོག་བཀོད་ཐུབ་དགོས་པ་ནི་གསར་འགོད་པའི་ལས་འགན་རེད། ཤུགས་རྒྱོབ། རྗེས་ལུས་ཤོར་ན་ཡག་པོ་མ་རེད།།།

    Reply
  14. བརྩོན་རྒྱམ། says:
    ལོ་ 14 སྔོན།

    སྤྱིར་བོད་ཙམ་མ་ཡིན་པར་ལས་བྱེད་སུ་ཞིག་ཡིན་རུང་མི་ཚེ་གང་བོ་གཞུང་ལ་ཞབས་ཕྱི་གནང་མཁན་ཁག་པོ་ཡིན་གྱི་རེད།   འོན་ཀྱང་ལོ་ངོ་གཅིག་གཉིས་ཞིག་ལས་དགོང་པ་ཞུས་ནས་འགྲོ་མཁན་ཡོད་པ་དེ་ནི་ཕལ་ཆེར་རང་རོགས་གཉིས་ཀྱི་དཀའ་ངལ་ཞིག་གི་དབང་གི་ཡོང་པ་ཞིག་ཡིན་རྒྱུ་རེད།  གཞུང་ལ་དཔལ་འབྱོར་གྱི་དཀའ་ངལ་དང་དགེར་པ་རང་ཉིད་ལ་ཟླ་ཕོགས་ཅུང་ཙམ་ཡོད་པ་དེའི་འདང་མིན་སོགས་ཀྱི་དཀའ་ངལ་རེད།  གཙོ་བོ་དཔལ་འབྱོར་ལ་རག་ལས་པ་ཞིག་རེད་དྲན་སོང་།  འོན་ཀྱང་བོད་མིའི་ལས་བྱེད་ཞིག་ཡིན་དུས་ངེས་པར་བོད་མི་ཞིག་ལས་ཁུངས་སུ་ཡོང་སྐབས་བོད་སྐད་གཙང་མ་ཞིག་བཤད་ཀྱི་གལ་ཆེན་པོ་རེད།  བོད་ནང་དུ་རྒྱས་བཙན་འོག་ཏུ་ཡོད་ཀྱང་བོད་མིའི་སྐད་ཡིག་སྲུང་སྐྱབས་བྱེད་ཀྱི་ཡོད་པ་ཧ་གོ་ན་ཡག་པོ་རེད།  སྤྱིར་སྐད་རིགས་མང་པོ་ཤེས་ན་བཟང་ཡང་གཙོ་བོ་བོད་རང་གི་མི་ཞིག་ལ་འབྲེལ་བ་གནང་སྐབས་དབྱིན་ཇི་བཤད་དགོས་པ་གང་ཡང་ཡོད་པ་མ་རེད། ལར་བོད་ནས་དུས་དབང་ལ་ཡོང་མཁན་མང་པོ་ཞིག་བོད་མིའི་སྒྲིག་འཛུག་ལ་བལྟ་བར་་ཡོང་ངེས་རེད།  དེ་དུས་དབྱིན་སྐད་འདྲ་བཤད་པ་ཡིན་ན་ཁོང་ཚོ་བློ་ཕམ་ཡོང་གི་རེད།   ཐོག་མར་ལས་བྱེད་བསྡུ་སྐབས་བོད་མིའི་རིག་གཞུང་ལ་དུང་པ་ཡོད་མཁན་ཞིག་བསྡུ་རྒྱུ་གལ་ཆེན་མཐོང་།

    Reply
  15. སྒྲོལ་མ་མེ་ཏོག says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་བཟང་སེང་གེས་ཤེས་ཡོན་སྲིད་ཇུས་གསར་པའི་ཐོག་གདེང་ཚོད་སླེབས་མི་འདུག ཚན་རིག་དང་ཨང་རྩིས་ཀྱི་བརྡ་ཆད་དེ་ཚོ་དབྱིན་ཡིག་ནང་ཡོད་པ་དེ་མུར་འཇོག་པ་ལས། བོད་ཡིག་ནང་ཕབ་སྒྱུར་དང་། བོད་སྐད་ཐོག་འཇག་ཐབས་ཡོང་བའི་ཐབས་ཤེས་གནང་རྩིས་མི་འདུག བརྡ་ཆད་དང་ལྟ་གྲུབ་དེ་དག་བོད་སྐད་ནང་ཏག་ཏག་བསྡད་ཀྱི་ཡོད་མེད་ཧ་གོ་གི་མི་འདུག་ཅེས་ཁ་གཡར་ས་འཚོལ་གྱི་ཡོད། ཏག་ཏག་མ་བསྡད་ན་ཏག་ཏག་ཡོང་བའི་ཐབས་ཤེས་ག་རེ་འཚོལ་རྒྱུ་འདུག་བལྟ་དགོས་རེད། ཚན་རིག་དང་ཨང་རྩིས་སོགས་སོགས་སློབ་དེབ་ཆ་ཚང་བོད་སྐད་ཐོག་ཡོད་མེད་དང་། སློབ་གྲྭ་ཁག་ཇི་ཙམ་གྱིས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད། ཤེས་ཡོན་སྲིད་ཇུས་གསར་པར་གྲུབ་འབྲས་ཇི་ཙམ་ཐོན་ཡོད་མེད། ད་ལྟ་དཀའ་ངལ་ག་རེད་ཡོད་མེད། དགེ་རྒན་གྱི་གནས་སྟངས་གང་འདྲ་ཡོད་མེད་སོགས་ནི་བཀའ་ཁྲིས་སྲིད་ཇུས་ལག་བསྟར་མ་བྱས་གོང་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་རེད། འོན་ཀྱང་ད་ལྟ་བཀའ་ཁྲི་མཆོག་གིས་དེ་ཚོའི་ཐོག་གཞི་ནས་རྒྱུས་ལོན་བྱ་རྒྱུ་ཡིན་པས། བོད་རྒྱ་ཆེ་མི་མང་དང་གྲོས་ཚོགས་ཀྱིས་ཐག་གཅོད་བྱས་པའི་སྲིད་ཇུས་དེ། ལམ་སེང་འགྱུར་ཆོག་ཆོག་ཅིག་གཏན་ནས་མ་རེད་བསམ། གང་ལྟར་ཡང་བཀའ་ཁྲི་བློ་བཟང་སེང་གེས་ཤེས་ཡོན་ཐོག་ལས་དོན་ཤུགས་ཆེ་བསྒྲུབ་རྒྱུར་ཁས་ལེན་གནང་བ་ནི་ངོ་མ་དགའ་འོས་པ་ཞིག་ཡིན་མོད། དོད་དམ་བོད་ལ་མཁོ་བའི་ཤེས་ཡོན་པའི་སྡེ་ཁག་ཅིག་བསྐྲུན་ཐུབ་མིན་ནི། གདམ་ཁ་མ་ནོར་བའི་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུར་ཐུག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese