མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ “བོད་གཞུང” གི་མཚན་བྱང་བསྐྱར་གསོ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་འཆར་ཡོད་པའི་སྐབས་དང་བསྟུན་ཏེ། གཟའ་ལྷག་པ་སྟེ་ཕྱི་ཚེས་ ༡༣ ཉིན་ངྷ་ས་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་ཉེ་སྔོན་བཙན་བྱོལ་བོད་མིའི་མཚན་བྱང་འགྱུར་ཐེབས་པའི་ཐད་བགྲོ་གླེང་ཞིག་གནང་སྟེ། གཏམ་བཤད་པ་སྐོར་ཞིག་གིས་མཚན་བྱང་བསྐྱར་གསོ་དགོས་སྐོར་ཤུགས་ཀྱིས་གསུངས་སོང་།   

ཕྱི་ཟླ་ ༩ ཚེས་ ༡༤ ཉིན་གྱི་ཕྱི་དྲོར་དྷ་ས་ས་གནས་གཞོན་ལྷན་གྱིས་ཉི་མ་སློབ་གྲྭའི་ཚོགས་ཁང་དུ༼བཙན་བྱོལ་བོད་གཞུང་གི་མཚན་བྱང་བཅོས་བསྒྱུར་ཐད་ཀྱི་མི་དམངས་བགྲོ་གླེང་༽ཞེས་པ་ཞིག་གོ་སྒྲིག་གནང་ཐོག  སྤྱི་འཐུས་ཚོགས་གཙོ་ཟུར་བ་པདྨ་འབྱུང་གནས་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན། གཞོན་ལྷན་ཚོགས་གཞོན་དོན་འགྲུབ་ལྷ་དར། དགུ་བཅུ་གསུམ་ཚོགས་གཞོན་ཀླུ་མཁར་བྱམས་བཞི་གདན་འདྲེན་ཞུས་ཏེ། ཉེ་སྔོན་བཙན་བྱོལ་བོད་གཞུང་གི་མཚན་བྱང་འགྱུར་བ་ཐེབས་པའི་སྐོར་ལ་གཏམ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་རེད།

སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བཅའ་ཁྲིམས་ཀྱི་བརྒྱུད་རིམ་ཁྲོད་བཙན་བྱོལ་གཞུང་གི་མིང་བྱང་ལ་འགྱུར་བཅོས་ཅི་ལྟར་གནང་ཡོད་མེད་ཀྱི་བྱུང་རིམ་ངོ་སྤྲོད་དང་སྦྲགས་དང་། “བཅའ་ཁྲིམས་བསྐྱར་བཅོས་མ་གནང་གོང་དུ་༸གོང་ས་མཆོག་གིས་༼ རང་དབང་དམངས་གཙོའི་གཞུང་༽དང་༼རང་དབང་དམངས་གཙོའི་སྒྲིག་འཛུགས༽ཞེས་པའི་བཀའ་དེ་འདྲ་ཞིག་ཕེབས་པ་རེད། དེ་རྗེས་བཅའ་ཁྲིམས་བསྐྱར་བཅོས་གནང་པའི་སྐབས། བཀའ་འབྲེལ་ཡིན་ཟེར་ནས་ཡིག་ཐོག་ནས་ད་ལྟའི་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་ཆགས་པ་རེད།” ཅེས་བརྗོད་དེ། ཁོང་རང་ཉིད་ལ་མཚོན་ན་བོད་མིའི་སྒྲིག་འཛུགས་ཞེས་པ་དེ་ནི་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བསྐྱར་བཅོས་གནང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ལས།  སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བགྲོ་གླེང་གནང་སྟེ་ཐག་གཅོད་བྱུང་པ་ཞིག་ཡིན་བསམ་གྱི་མེད་པར་བརྟེན།  ༸གོང་ས་མཆོག་གིས་བཀའ་གནང་བཞག་པ་དེ་ཟླ་བ་གསུམ་གྱི་རྗེས་ལ་ཡང་བསྐྱར་འགྱུར་བ་གཏོང་གི་ཡིན་ཞེས་བརྗོད་སྐབས་ཁྱད་མཚར་ཞིག་ཏུ་མཐོང་གི་ཡོད་སྐོར་བརྗོད་སོང་།

 

དེ་བཞིན། ད་ལྟའི་མཚན་བྱང་བསྐྱར་དུ་བསྒྱུར་བཅོས་ཀྱི་གླེང་སློང་སླེབས་སྟངས་དེ་ནི་བཅའ་ཁྲིམས་བསྐྱར་བཅོས་གནང་ཚར་བའི་རྗེས་སུ།   སྤྱི་འཐུས་སྐབས་བཅོ་ལྔ་པས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་རྗེས་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་བཙུགས་ཏེ་ཁྲིམས་སྒྲིག་བསྐྱར་བཅོས་གནང་བཞིན་པའི་བར་སྐབས་དེར།   སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། ད་ལྟའི་བཀའ་ཁྲི་བློ་བཟང་སེང་གེ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གསུམ་༸གོང་ས་མཆོག་གི་ཕེབས་བསུར་བཅར་ཐེངས་ཤིག་ལ།  བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “བོད་མིའི་སྒྲིག་འཛུགས་ཞེས་པ་བཅའ་ཁྲིམས་ལེའུ་དང་པོའི་སྐབས་ཀྱི་དེ་རེད་མ་གཏོགས་སྤྱི་ཡོངས་ལ་གོ་བ་ཞིག་ཡིན་ས་མ་རེད། ༸གོང་ས་མཆོག་གི་དགོངས་པ་ཡང་དེ་ཡིན་ས་མ་རེད།” ཅེས་གསུངས་ཡོད་སྟབས།  ཚོགས་གཙོ་རྣམ་གཉིས་ཀྱིས་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་ནས་དེ་བསྒྱུར་བཅོས་གནང་རྒྱུའི་སྐོར་ལ་བཀའ་མོལ་གནང་བ་དང་། སྐབས་དེར་ཚོགས་ཆུང་གི་ངོས་ནས་ད་ལྟའི་ཚོགས་ཆུང་དེ་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་རྗེས་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་ཡིན་པ་མ་གཏོགས། བཅའ་ཁྲིམས་བསྐྱར་བཅོས་བཟོ་མཁན་མིན་པར་བརྟེན་དེ་འགྲིག་གི་མེད་སྐོར་གསལ་བཤད་ཞུས་ཡོད་པར་མ་ཟད།    སྐབས་དེར་ཚོགས་ཆུང་གི་ངོས་ནས་ “ ༸གོང་ས་མཆོག་གི་བཀའ་འདི་ཡིན་ས་རེད། ཕ་གི་ཡིན་ས་རེད་ཅེས་གསུངས་དེ་མི་སྡོད་པར། གང་ཡིན་པ་དེ་ང་ཚོར་གསལ་བོ་བཟོ་དགོས་ཀྱི་ཡོད། བཀའ་བློན་ཁྲི་པ་དང་ཚོགས་གཙོ་རྣམ་གཉིས་གང་ཡིན་ན་རེད། ཡང་བསྐྱར་༸གོང་ས་མཆོག་ལ་ཐུགས་མཇལ་ཞུས་ཏེ། དགོངས་སྐོར་ཞུས་ན་ཡག་པོ་འདུག་ཅེས་ཞུས་པ་ཡིན།” ཞེས་བརྗོད་སོང་། 

 

དོན་གྲུབ་ལྷ་དར་ལགས་ཀྱིས། ད་ལྟའི་བར་བོད་ཕྱི་ནང་ཚང་མས་དཀའ་ངལ་ཆེན་པོ་ཞིག་གི་ནང་ལོ་ ༦༠ ལ་བཙན་རྒྱལ་རིང་ལུགས་ཆེས་ཤོས་དེའི་ཁ་གཏད་ལ་སྲོག་བཏང་དེ་འཐབ་རྩོད་བྱས་བསྡད་པ་ལ་རེ་བ་ཡིད་ཆེས་གསུམ་ཡོད་པ་རེད། དང་པོ་དེ་འདས་པོའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ། གཉིས་པ་དེ་༸གོང་ས་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད། གསུམ་པ་དེ་བཙན་བྱོལ་སྤྱི་ཚོགས་འདིར་སོ་སོའི་སྲིད་གཞུང་ཞིག་ཡོད་པའི་ནུས་པ་དང་སྟོབས་ཤུགས་བཅས་ཡིན་པར་བརྟེན།   མ་འོངས་པར་བོད་རང་བཙན་སླར་གསོའི་ཕུགས་འདུན་དེ་བཙན་བྱོལ་བོད་གཞུང་གི་མིང་དང་དོན་གཉིས་ཀ་ཆགས་བསྡད་པའི་རྒྱུ་མཚན་གྱིས། མིང་དོན་གཉིས་ཀ་རྒྱུན་འཁྱོངས་བྱ་དགོས་པ་དེ་གནད་འགག་ཆགས་ཡོད་པ་གསལ་བཤད་དང་སྦྲགས། ཁོང་གིས་ “ འགྱུར་བ་བཏང་བའི་བརྒྱུད་རིམ་ཁྲོད་དབང་ལྡན་འགན་འཛིན་དང་མཐོ་རིམ་དབུ་ཁྲིད་ཚོས་བཀའ་མོལ་ལ་འགྱུར་བ་མང་པོ་ཕྱིན་ཡོད་པ་རེད། འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ཁ་གསལ་ཡོད་པ་མ་རེད། འགྱུར་ཕྱིན་པའི་བརྒྱུད་རིམ་ནང་མཚམས་རེར་གནས་ཡུལ་གཞུང་གི་གནོད་ཤུགས་ཡོད་སྐོར་བཀའ་མོལ་གནང་ཡོད་པ་རེད། གྱུར་བ་བཏང་ཚར་བའི་རྗེས་ལ་འགྱུར་བ་གཏོང་དགོས་པ་དེ་གནས་ཡུལ་གཞུང་གི་གནོད་ཤུགས་མིན་ཞེས་ལབ་ཡོད་པ་རེད།  དོན་གྱིས་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་དེ་ད་ལྟའི་ཆར་ཁ་གསལ་བོ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད།” ཅེས་བརྗོད་དེ།  དབུ་ཁྲིད་ཚོས་མི་མང་གི་མགོ་མ་འཐོམ་པ་བཟོ་དགོས་པ་དང་།  མི་མང་གི་དམིགས་ཡུལ་བརྟན་པོ་དང་ནུས་པ་གཅིག་གྱུར་ཡོང་ཆེད། ནང་ཁུལ་དམིགས་ཡུལ་དུམ་བུར་མ་སོང་པ་ཞིག་དང་། དམིགས་ཡུལ་གྱི་ཐོག་ལ་དོགས་པ་མ་སླེབས་པ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།

གཞན་ཡང་། ཁོང་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་འགྱུར་བ་བཏང་བའི་རྗེས་ཀྱི་ཟླ་བ་ཁ་ཤས་རིང་མཇུག་འབྲས་ག་རེ་བྱུང་ཡོད་མེད་ཐད། ངེས་པར་དུ་ཕྱོགས་བསྡོམས་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་།  ད་ལྟའི་ཆར་མི་སེར་དཀྱུས་མ་ཙམ་དུ་མ་ཟད། གཞུང་ཞབས་པའི་ནང་ལོགས་སུ་ཡང་བློ་ཕམ་དང་ཡིད་ཆད་ཀྱི་སེམས་ཚོར་བྱུང་སྟེ།  གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ་མཚན་བྱང་བསྐྱར་གསོའི་ཆེད་ཐབས་ཤེས་གནང་དགོས་པའི་འབོད་སྐུལ་ཞུ་མཁན་མང་པོ་བྱུང་པ་དང་།   དེ་བཞིན།  ད་ལྟ་བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་འགྱུར་བ་ཐེབས་པ་ལ་བརྟེན་ནས།  དྷ་རམ་ས་ལའི་རི་ཁུག་འདིར་མུ་མཐུད་སྡུག་རུས་བརྒྱབ་སྟེ་སྡོད་དགོས་པའི་རྒྱུ་མཚན་ཐད་མི་མང་སོ་སོའི་སེམས་ནང་དོགས་དྲི་སླེབ་བཞིན་ཡོད་སྟབས།    གལ་སྲིད་མི་མང་གི་སེམས་ནང་ཡིད་ཆད་དང་བློ་ཕམ་བྱུང་ཚེ་འཐབ་རྩོད་ལ་གནོད་པའི་སྐོར།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པའི་ཐོག་ལ་སྤྱི་མོས་གྲོས་ཆོད་བཞག་པ་ལྟར།  བཙན་བྱོལ་བོད་གཞུང་གི་མཚན་བྱང་བསྐྱར་གསོ་ཡོང་བའི་ཐད་གྲོས་ཚོགས་སུ་ཞུ་སྙན་ཕུལ་ཡོད་པ་དང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་ལྟའི་བར་ཡིག་ཆའི་སྟེང་བཙན་བྱོལ་བོད་གཞུང་ཞེས་བཀོད་ཡོད་ལ།  མ་འོངས་པར་ཡང་མུ་མཐུད་དེ་ལྟར་འགོད་རྒྱུ་ཡིན་པ་སོགས་བརྗོད་སོང་།

 

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ “སྐུ་སྒེར་དྲུང་ཆེ་བརྒྱུད་ནས་མར་བཀའ་ཞིག་ཕེབས་ཡོད་པ་རེད། དེའི་ནང་ལ་བཙན་བྱོལ་སྒྲིག་འཛུགས་གསུངས་དེ། ད་ལྟ་ང་ཚོའི་བཙན་བྱོལ་བོད་གཞུང་གསུང་ས་དེ་ལ་ཚིག་དེ་འདྲ་ཞིག་བྲིས་གནང་ཡོད་པ་རེད། མཐའ་མ་ཕུལ་བ་དེའི་ནང་ལ། བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ཕེབས་ཡོད་པ་དང་། གྲོས་ཚོགས་ནང་ལ་གླེང་སློང་ཤུགས་ཆེན་པོ་བྱུང་བའི་གནས་སྐབས་སུ། སྐབས་དེའི་བཀའ་བློན་ཁྲི་པ་ཡིས་ད་ལྟའི་བར་དུ་༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ཟེར་ནས་གསུངས་མ་མྱོང་བ་རེད་ཅེས་པའི་ཚིག་ཚུན་ཆད་བེད་སྤྱོད་བཏང་སྟེ།  ང་ཚོས་བཙན་བྱོལ་བོད་གཞུང་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་ཡིན་ན། ༸གོང་ས་མཆོག་གི་ཞལ་བཞེས་གནང་བ་ལ་དཀའ་ལས་ཁག་པོ་ཆགས་པ་རེད་གསུངས་པའི་གནས་སྟངས་མང་པོ་ཞིག་དང་། དེ་བཞིན་ང་ཚོའི་ངོས་ནས་ཀྱང་ད་ལྟ་བར་དུ་གོང་ས་མཆོག་གི་བཀའ་སློབ་རིམ་པའི་དགོངས་དོན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ཟེར་བ་དེ་ཏག་ཏག་སྡོད་ཀྱི་ཡོད་པ་ཞིག་དང་། དེ་ཡང་གོང་ས་མཆོག་གི་དགོངས་བཞེས་ཡིན་པ་གཅིག་རང་ལ་ངོས་འཛིན་བྱས་ཏེ་མཐའ་མའི་གཏན་འབེབས་གནང་སྟངས་དེ་འདྲ་ཞིག་རེད།” ཅེས་བརྗོད་དེ། ད་ལྟ་འགྱུར་བ་ཕྱིན་པ་དེ་མདོར་བསྡུས་ན་རྒྱ་གར་གཞུང་གིས་ཁས་ལེན་གྱི་ཡོད་པའི་དབྱིན་ཇིའི་ཚིག་དེ་དང་མཐུན་པ་ཞིག་བཟོས་པ་ཡིན་པར་ངོས་འཛིན་དང་། ༸གོང་ས་མཆོག་གིས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་ཚར་ཏེ་མཇལ་མོལ་གནང་སྐབས།  སྣང་མེད་བཏང་ན་འགྲིག་གི་མེད་པ་དང་། མང་པོ་ཞིག་ཕན་ཚུན་བསྟུན་དགོས་ཀྱི་ཡོད་པ་གསུངས་པའི་དགོངས་དོན་དང་མ་འགལ་བར་ཏག་ཏག་ཅིག་བསྡད་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར་བརྗོད་སོང་།  

 

ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས། “ སྤྱིར་གཞུང་ཟེར་བ་དེ་ནུས་པ་གཉིས་ཀྱི་སྒང་ལ་འཇོག་དགོས་པ་རེད། གཅིག་ང་ཚོས་གཞུང་དེས་དངོས་ཡོད་གནས་ཚུལ་ཐོག་ཁྲལ་དང་ཁྲིམས་ལུགས་ཀྱི་སྒང་ནས་མི་མང་ལ་མགོ་བསྡུ་རྒྱག་ཐུབ་ཀྱི་ཡོད་མེད་དེ་རེད། གཉིས་པ་དེ་གཞུང་དང་མི་མང་བར་སེམས་ཚོར་ཡོད་དགོས་པ་དེ་རེད། གཞུང་དང་མི་མང་གི་བར་གྱི་སེམས་ཚོར་དེ་བརླགས་པ་ཡིན་ན། དེ་ལས་བསླ་བོས་སླར་གསོ་བྱེད་ཐུབ་པ་ཞིག་མ་རེད། ང་ཚོ་བཙན་བྱོལ་བོད་གཞུང་དང་བོད་མི་མང་བར་གྱི་འབྲེལ་བ་དེ། ངས་བལྟས་ན་ཁྲིམས་ཁང་དང་དམག་མི། ཁྲལ་སོགས་ཀྱི་སྒང་ནས་གཞུང་ཞིག་གི་ཁྱབ་ཁོངས་ལ་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། ཚོར་བ་རང་གི་སྒང་ན་བསྡད་ཡོད་པ་རེད། ” ཅེས་བརྗོད་དེ།  བཙན་བྱོལ་བོད་གཞུང་གི་མཚན་བྱང་འགྱུར་བ་བཏང་བ་དེས་མི་མང་གི་ཚོར་བའི་སྒང་ལ་ཕོགས་ཐུག་འགྲོ་བཞིན་ཡོད་སྟབས།  མིའི་ཚོར་བའི་དཀའ་ངལ་དེ་ལས་སླ་བོས་བསྐྱར་གསོ་བྱ་ཐུབ་ཀྱི་ཡོད་པ་དང་། དེ་བཞིན།  རྒྱ་ནག་གཞུང་གི་འོག་ནས་བྲོས་ཡོང་དགོས་པའི་རྒྱུ་མཚན་དང་། དགའ་ལྡན་ཕོ་བྲང་གི་ཐམ་ཀ་དང་ལས་ཤོག་བསྣམས་ཏེ་ཁྱེར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱལ་ཁབ་ཅིག་གི་ངོ་བོ་ནས་ང་ཚོ་བྲོས་ཡོང་པ་ཡིན་སྟབས།  བཙན་བྱོལ་བོད་གཞུང་གི་མཚན་བྱང་རྒྱུན་འཛིན་དགོས་པ་དེ་ལོ་རྒྱུས་ཀྱི་གནད་འགག་རྩ་ཆེན་ཞིག་ཏུ་གྱུར་ཡོད་པས།  བཙན་བྱོལ་བོད་གཞུང་གི་མཚན་བྱང་དེ་ངེས་པར་དུ་ཕྱིར་བསྐྱར་གསོ་བྱ་དགོས་ཀྱི་ཡོད་པ་དང་། ཚོགས་འདུ་ཚོགས་དེ་གཏམ་བཤད་བྱ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་པ་བརྗོད་སོང་།  

གཞན་ཡང་། ཁོས་མང་ཚོགས་ཀྱིས་དྲི་བར་ལན་འདེབས་སྐབས། “ང་ཚོ་༸གོང་ས་མཆོག་གི་བཀའ་ག་རེ་གནང་པ་དེར་ཧང་སངས་བཞིན་མེད། ༸གོང་ས་མཆོག་གི་བཀའ་བརྩི་སྟངས་དེ་ལ་ང་ཚོ་ཧང་སངས་ཀྱི་ཡོད། ༸གོང་ས་མཆོག་གིས་བཀའ་རབ་དང་རིམ་པ་མང་པོ་གནང་ཚར་བ་རེད། ཡིན་ནའང་། ༸གོང་ས་མཆོག་གིས་ངའི་བཀའ་ཡིན་པའི་རྒྱུ་མཚན་གྱིས། དམངས་གཙོ་ཡང་བྱེད་མ་དགོས་པར་ཡིན་གཅིག་མིན་གཉིས་ལག་བསྟར་བྱ་དགོས་ཀྱི་ཡོད་ཅེས་གསུང་གི་མེད་པར།  ངོས་ཀྱི་དགོངས་འཆར་འདི་འདྲ་ཡིན་མི་མང་གི་བསམ་བློ་གཏོང་ཕྱོགས་ག་འདྲ་འདུག དམིགས་བསལ་ཚོགས་ཆེན་འཚོགས་དགོས་ཀྱི་འདུག་གམ། ཁྱོད་རང་ཚོས་ང་མེད་པ་ནང་བཞིན་སྒྲུབ་རོགས་ཞེས་བཀའ་འདི་ལྟར་གནང་གི་ཡོད་པ་རེད་བསམ་གྱི་འདུག  དེར་བརྟེན། འདི་དག་ ༸གོང་ས་མཆོག་གི་བཀའ་བརྩི་སྟངས་མ་རེད། མི་མང་གི་མངོན་འདོད་ཀྱང་སྒྲུབ་ཀྱིན་ཡོད་པ་མ་རེད། སོ་སོར་འཁྲབ་སྟོན་བྱེད་སའི་གོ་སྐབས་ཤིག་བཙལ་གྱི་ཡོད་པ་རེད། མི་མང་གི་རེ་བ་དང་མངོན་འདོད་ག་དུས་ཡིན་ཡང་སྒྲུབ་ཀྱི་མ་རེད། ” ཅེས་བརྗོད་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 6

  1. ཨ་ཁུ་སྟོན་པ། says:
    ལོ་ 14 སྔོན།

    ཉེ་ཆར་རྒྱལ་ཡོངས་ཚོགས་ཆེན་སྐབས་མི་མང་རྒྱ་ཆ་ ༨༠ ཙམ་གྱི་བཙན་བྱོལ་བོད་གཞུང་ལ་འདོད་པ་བྱུང་པ་དང༌། རྒྱ་ཆ་ ༢༠ ཙམ་མ་གཏོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་འདོད་པ་བྱུང་མེད་ཀྱང༌། སྔར་སྐུ་དྲག་གི་རིང་ལུགས་ལྟར་ཟམ་གདོང་བླ་མ་གཙོ་བོར་གྱུར་པའི་མི་ཆེན་འགའ་ཞིག་གིས་བཙན་པོ་དབང་ཡོད་དང་ཧམ་བཤད་ཀྱིས་བོད་མིའི་སྒྲིག་འཛུགས་ཞེས་གྱུར་བ་བཏང་བ་ཡིན། ༼མི་ཆེན་༧གོང་ས་མེད་དོ། ༧གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཞིག་ཡིན་པས། ཟམ་གདོང་བླ་མ་དང་སྐུ་སྒེར་ལས་ཁུངས་ནས་གང་ཞུས་ཞུས་ཡིན།༽ད་དུང་ཡང་ང་རང་ཚོའི་སྲིད་གཞུང་དེ་གྱུར་བ་མ་འགྲོ་བར་སྔར་བཞིན་ཡིན་ན་དེ་ལ་མང་གཙོ་ཞེས་པའི་ཐ་སྙད་གཏགས་པ་དེ་མི་མང་ལ་མགོ་སྐོར་བླུ་བྲིད་ཅན་ཞིག་གི་སྲིད་གཞུང་ཞིག་ཏུ་འགྱུར་བའི་ཉེན། བོད་མི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ཞེས་པ་ལ་སྒྱུར་བ་མ་གཏང་ན། ང་ཚོ་བོད་མི་བརྒྱ་ཕྲག་གཅིག་ཙམ་ནས་དུས་ད་ནས་ཟུང་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་སྤྲོད་རྒྱུ་མིན་པའི་ཁས་ལེན་བྱེད་ཀྱི་ཡིན་ནོ། །ང་རང་ཚོའི་རང་ཉིད་ཀྱིས་རང་མེད་པ་བཟོས་བཞིན་འདུག །དཔེར་ན་བོད་གཞུང་ནས་རྒྱ་ནག་ལ་རང་བཙན་མ་དགོས་ཞེས་པ་དང༌། དེ་བཞིན་བོད་གཞུང་ཞེས་མིང་མེད་པ་བཟོས་པ་སོགས་བྱ་ངན་མང་དག་ཞིག་སྤེལ་ཡོད། ཟམ་གདོང་བླ་མ་དྷ་རམ་ས་ལ་གཡས་གཡོན་དུ་མ་བཞུགས་རོགས་གནང༌། ༧གོང་ས་མཆོག་ད་ནས་ཟུང་ཆོས་སྲིད་གཉིས་ཐ་དད་ཡིན་ཞལ་དྲོ་མོ་ནས་ལན་མང་གསུངས་པ་དེ་སྤྱི་འཐུས་དང་བཀའ་ཤག་ཚོས་ཐོས་ཡོད་ས་མིན་འདུག་གང་དྲག །མ་འོངས་པར་བོད་གཞུང་གང་འདྲ་ཞིག་གྱུར་བ་དེ་སྤྱི་འཐུས་དང་སྲིད་འཛིན་དེ་བཞིན་དམིགས་བསལ་གྱི་ཟམ་གདོང་བླ་མ་ལ་འགན་ཡོད། མི་བྱེད་དགུ་བྱེད་གནང་མཁན་ཚང་མ་ཟམ་གདོང་བླ་མ་ཡིན། ཟམ་གདོང་བླ་མ་དྷ་རམ་ས་ལ་གཡས་གཡོན་དུ་མ་བཞུགས་རོགས་གནང༌།

    Reply
  2. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    བདེན་དོན་གྱི་ངོ་བོ་མི་ཉམས་ཕྱིར་བོད་ཡིག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཞེས་འདོག་དགོས་རྩོད་པ་བྱེད་ས་མེད། མ་ཟད་ཤེས་ལྡན་པ་དབྱིན་སྐད་མ་སྐད་དུ་སྨྲ་བ་འགའ་དང་གོ་བསྡུར་བྱས་པ་ལྟར་ན་ Central Tibetan Administration ཟེར་བ་ལས Tibet Council In Exile ཞེས་བཏག་ན་དོན་སྙིང་ཁྱད་དུ་འཕགས། གཞན་པ་དེ་དབྱིན་སྐད་མ་སྐདུ་སྨྲ་བའི་སྲིད་དོན་པ་དག་གིས་འོས་འཚམས་ཀྱི་མིང་ཞིག་མ་རེད་ཟེར། Administration ཟེར་ནི་་གཙོ་བོ་ལས་ཁུང་བདག་གཉེར་བ་ཞིག་གིས་མིང་ལས་དབུ་ཁྲིད་སམ་སྐུ་ཚབས་སོགས་གང་གི་མིང་མ་རེད་ཟེར། Central ཟེར་བ་ནི་ལ་དབྱིན་སྐད་ནང་དཀྱིལ་ཟེར་བ་ལས་དོན་ཅི་ཡང་མེད།
    Tibet Council In Exile ཟེར་བ་ནི་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་དངོས་ཞིག་ལ་གོ་ཆོག་ཅིང་། ཡང་མཐའ་གཅིག་དུ་གོ་མི་དགོས་པར་རྒྱལ་ཁབ་ཅིག་གིས་སྐུ་ཚབ་ལ་ཡང་གོ་ཆོག་པས་འོས་ཤིང་འཚམ། གང་ལྟར། སྔར་གྱི་ནོར་འཁྲུལ་ངོས་ཟིན་པ་དང་། མུ་མཐུད་དུ་མཛོ་སྐེ་གཡང་སྦྲེལ། ཨུ་ཚུགས་མཐའ་སྐྱལ། འཁངས་སེམ་ཞེ་བཅིང་སོགས་མི་བྱེད་པར་བག་ཡོད་བསྟེན་པའི་དུས་ལ་བབས། ད་དུང་དཔྱད་དགོས་འདོད་ན་སྐད་ཡིག་གང་ཞིག་གི་མ་སྐད་སྨྲ་བ་པོ་དག་དང་ཆེད་ལས་མཁས་པ་དག་དང་མཉམ་དུ་གོ་བསྡུར་གནང་དགོས་པ་ལས་རང་ཁར་ཚབ་ཚུབ་ཀྱིས་ཐག་མི་གཅོད་པ་གལ་ཤིན་ཏུ་ཆེ།
    ལྷག་པར་དུ་བོད་གཞུང་ཞེས་པའི་མིང་དེ་ནི། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ཀྱི་འཁྲི་ཤིང་དང་། ཚེ་སྲོག་གི་ཁ་ཆེམས་རེད། མ་འོངས་མི་རབས་རྗེས་མ་ཚོས་བདེན་དོན་འཐབ་རྩོད་ཀྱི་སྲོག་རྩ་རེད། འདི་ལ་སུ་ཞིག་གིས་རྨེག་མེད་ཀྱི་ལས་རྩོམ་པ་ཡིན་ན་དེ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཆེ་ཞིང་དོན་དངོས་དང་བདེན་པ་ལ་བརྩི་བཀུར་མེད་པའི་འཆལ་གཏམ་ཡིན། སུས་དེ་འདྲ་སུས་བྱས་ན་བོད་མི་རིགས་གི་སྐུ་འཚབས་བྱེད་མི་ཐུབ། །

    Reply
  3. གངས་ཐིགས། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་གི་མཚན་བྱང་དང་འབྲེལ་བའི་ཆབ་སྲིད་དཔྱད་བརྗོད་ཡག་པོ་ཞིག་གཤམ་གསལ་དྲ་བྱང་སྟེང་ན་འདུག

    http://phayul.com/news/article.aspx?id=29930&article=Some+Truths+about+the+Tibetan+Government%e2%80%99s+rebranding%3a+Deconstructing+official+fallacies+and+disingenuous+arguments&t=1&c=4

    Reply
  4. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བོད་མི་ཤི་གསོན་ཡོགས་ཀྱི་སླ་གནས་ས་གཅིག་བཙན་བྱོལ་བོད་གཞུང་ཟེར་བའི་མཚན་བྱང་དེ་ཡིན་དུས་
    ངེས་པར་དུ་་སྐྱར་གསོ་བྱེད་དགོས་

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    སྙིང་ཉེར་བའི་སྤུན་གྲོགས་ལྷ་དར་དང་ཀླུ་བྱམས་ལགས་་་་་བློ་སེང་གིས་་་བོད་དོན་བདེན་མཐའ་གསལ་ཐབས་ཆེད་རྒྱ་ཆེའི་མང་ཚོགས་དང་གྲོས་ཚོགས་གཉིས་ཀས་ཚད་ མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ མུ་མཐུད་རྒྱུན་འཛིན་གྱིས་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིགས་ཆགས་ཡོང་ཐབས་ བྱེད་རྒྱུའི་འབད་བརྩོན་བྱ་ཡིན་ཞེས་གསུངས་འདུག་པས་གསལ་པོ་ཆགས་སོང་ངམ།

    བོད་གཞུང་གི་མཚན་བྱང་སླར་གསོ་བྱེད་རོགས་མ་བྱེད་ན་ག་རེ་གནང་བརྩིས་ཡིན་ནམ། གཙོ་མང་ལ་བརྩི་བཀུར་མེད་པའི་གནང་སྟངས་འདི་ལ་བལྟས་པ་ཡིན་ན་བོད་རང་བཙན་ཟེར་བ་རྨི་ལམ་འདྲ་པོ་ཆགས་ཀྱི་མ་རེད་པས། ག་རེ་གནང་བརྩིས་ཡོད་དམ།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    པདྨ་འབྱུང་གནས་འདི་མི་ཁ་དྲོ་ཞིག་མ་རེད། ག་དུས་ཡིན་ན་ཁེ་བཟང་ཟ་མཁན་གྱི་ཕྱོགས་སུ་མ་གཏོགས་མང་ཚོགས་ཀྱི་ཕྱོགས་སུ་ལངས་ཡོད་པ་ཞིག་མཐོང་གི་མི་འདུག གཞན་གསུམ་སྙིང་རྗེ། དངོས་ཡོད་གནས་སྟངས་གསུང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese