ཤར་ཙོང་བདེ་ལྡན།
ད་ལོའི་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རྔ་པ་ཀིརྟི་དགོན་དུ་གྲྭ་རྐྱང་དཀྱུས་མ་གཉིས་ཀྱིས་བོད་མིའི་རང་དབང་གི་ཆེད་དུ་རང་ལུས་མཆོད་མེར་བསྒྲོན་ཏེ་དཀྱུས་མ་མ་ཡིན་པའི་རླབས་ཆེན་གྱི་ལས་དོན་ཞིག་ཡང་བསྐྱར་བསྒྲུབས་སོང་། གནས་ཚུལ་དེས་བོད་གཞིས་བྱེས་གཉིས་ལས་བརྒལ་ཏེ་གོ་ལ་ཧྲིལ་བོ་ཧ་ལས་སུ་བཅུག་ཅིང་། དམར་གཞུང་གི་དབང་འཛིན་པ་རྣམས་ཀྱང་སྐྱི་གཡའ་བའི་གནས་སུ་བསྐྱལ་ཡོད། རྒྱལ་ཁབ་དང་མི་རིགས་ཤིག་གི་དོན་དུ་འདི་ལས་ལྷག་པའི་རླབས་ཆེ་བའི་མཛད་རྗེས་ཤིག་གང་ན་ཡོད་དེ། འདི་ནི་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ནང་གསར་དུ་བསྣན་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་ཡིན་ལ། གནས་ཚུལ་འདི་མ་བྱུང་བའི་ཉིན་གསུམ་གྱི་སྔོན་ཏག་ཏག་ལ་དབང་འཛིན་པས་རྔ་པ་དང་འབར་ཁམས་ས་ཁུལ་དུ “ ཁྲིམས་ལུགས་སློབ་གསོ་སྦྱོང་བརྡར་གཏིང་ཟབ་བྱ་དགོས” ཞེས་བཙན་ཚུགས་ཀྱིས་སྐུལ་སློང་ཚོགས་ཆེན་ཞིག་འཚོགས་འདུག ཚོགས་འདུ་མགོ་འཛུགས་བྱས་ཏེ་ཉིན་གསུམ་ལས་མ་ཕྱིན་བར་ཚོགས་འདུའི་དམིགས་ཡུལ་ལས་ལྡོག་པའི་མཇུག་འབྲས་འདི་བྱུང་ཡོད།
དེ་ཡང་ཟླ་ ༩ ཚེས་ ༢༡ དང་ ༢༣ ཉིན་རྔ་བ་ཁུལ་དང་འབར་ཁམས་རྫོང་གཉིས་ཀྱིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གསོ་སྐྱོང་སྦྱོང་བརྡར་དགོས་པའི་སྐུལ་སློང་ཚོགས་ཆེན་ཚོགས་འདུག་ལ། ཚོགས་ཐོག་ཏུ་སྲིད་གཞུང་གི་མགོ་ཁྲིད་པས། གྲྭ་བཙུན་ཚོས་རྔ་པ་རྫོང་གི་ ༣།༡༦ གྲྭ་པས་རང་བསྲེགས་དོན་རྐྱེན་དང༌། ལྷིང་འཇགས་སྲུང་སྐྱོང༌། ཁ་བྲལ་ལ་ངོ་རྒོལ་བཅས་ཀྱི་ཐད་རིག་པ་དྭངས་གསལ་ཀྱི་གོ་རྟོགས་དགོས་སྐོར་བརྗོད་འདུག ཚོགས་ཞུགས་པ་རྣམས་ལ་ད་དུང་༼ རྔ་པ་རྫོང་གི་ ༣།༡༦ གྲྭ་པས་རང་བསྲེགས་དོན་རྐྱེན་དཔེ་མཚོན་སློབ་གསོ་བརྙན་ཕབ ༽ ཅེས་པར་ཡང་ལྟ་རུ་བཅུག་འདུག གལ་གནད་ཆེ་བའི་ས་ཁུལ་དང༌། གལ་གནད་ཆེ་བའི་དགོན་པ། གལ་གནད་ཆེ་བའི་མི་ཚོགས་དག་དམིགས་ཡུལ་དུ་བཟུང་སྟེ་ཁྱོན་ཡོངས་ནས་བྱེད་ཐབས་ལག་བསྟར་དང་དུས་ཐོག་རྗེས་འདེད་བྱེད་དགོས་ཚུལ་བཤད་ཡོད་པ་དང༌། ཁྲིམས་ལུགས་གཞིར་བཟུང་ཐོག་ཞིང་འབྲོག་མང་ཚོགས་ལ་ ༣།༡༦ གྲྭ་པས་རང་བསྲེགས་དོན་རྐྱེན་ཞེས་པ “ཁྲིམས་འགལ་ཉེས་བསགས” ཀྱི་སྤྱོད་ཚུལ་ཡིན་ཚུལ་ཞིབ་གསལ་འགྲེལ་བཤད་བརྒྱབ་སྟེ། མགོ་ཁྲིད་དང་མང་ཚོགས། གྲྭ་བཙུན་རྣམས་ཀྱིས་དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་དགྲ་འཛིན་སྟོབས་ཤུགས་ཀྱིས་བོད་ཁུལ་གྱི་དར་རྒྱས་གོང་འཕེལ་ལ་གཏོར་བརླག་དང༌། སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ལ་གནོད་སྐྱོན་བཏང་བའི་ཁྲིམས་འགལ་བྱ་སྤྱོད་ལ་སྔར་ལས་ལྷག་པར་མཚང་འབྱིན་དགག་རྒྱག་བྱ་དགོས་ཚུལ། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་མེས་རྒྱལ་གཅིག་གྱུར་གྱི་ངེས་ཤེས་བརྟན་པོ་བསྐྲུན་དགོས། ཞེས་དང༌། ད་དུང་མིའི་བབ་དང་བསྟུན་ནས་སློབ་གསོ་བྱ་དགོས་པ་དང༌། ༢༠༡༡ ལོའི་རྔ་པ་རྫོང་དུ་ ༣།༡༦ གི་གྲྭ་པས་རང་བསྲེགས་དོན་རྐྱེན་གྱི་ཁྱོན་ཡོངས་ལ་ཉམས་ཞིབ་བྱས་ཏེ། ཁྲིམས་ལུགས་སློབ་གསོ་གཏིང་ཟབ་བྱ་རྒྱུ་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་ཞིང་། ཁྲིམས་ལུགས་ཀྱི་ངེས་ཤེས་གོང་མཐོར་གཏོང་བ་ནི་ཛ་དྲག་གི་ལས་དོན་ཡིན་པ་བཅས་ཀྱི་སྟེང༌། ཞིང་འབྲོག་དང་གྲྭ་བཙུན་རྣམས་ཀྱིས་ཁྲིམས་ལུགས་མི་སྦྱོང་བ་དང༌། མི་ཤེས་པ། མི་སྲུང་བ་བཅས་ཀྱི་གནད་དོན་རྩ་བ་ནས་གཏན་འགོག་བྱས་ཏེ། བོད་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱ་དགོས། ཞེས་གཏམ་རྙིང་བསྐྱར་ཟློས་ཡང་ཡང་བྱས་འདུག
“ བོད་མི་རྣམས་ཀྱི་ཁྲིམས་ལུགས་མ་ཤེས་པའི་དབང་གིས་རང་ལུས་མེར་བསྲེགས་པ་རེད ” ཅེས་པའི་རྒྱ་ནག་གཞུང་གི་གཏན་ཚིགས་རིག་པ་འདི་ནི། མཁྱེན་ལྡན་རྣམས་ལ་ཇི་འདྲའི་དགོད་བྲོ་བ་ཞིག་རེད་ཨང༌། དེ་ལྟར་ན་གདོད་མའི་སྤྱི་ཚོགས་སུ་ད་ལྟ་བཞིན་ཁྲིམས་ལུགས་རྣམ་གྲངས་མང་པོ་མེད་པ་མ་ཟད། ཁྲིམས་ལུགས་ཤེས་མཁན་དེ་བས་ཀྱང་མེད་སྟབས། སྐབས་དེའི་མི་ཚང་མས་རང་ལུས་མེར་བསྲེགས་གཏོང་དགོས་པའི་སྡོམ་ཚིག་ཅིག་བཀོད་ཡོད། ཡིན་ནའང་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་དཔེ་མཚོན་འདི་ལྟ་བུ་གང་དུའང་མཐོང་ཐོས་མ་བྱུང་ལ། རྒྱལ་ཁབ་བམ་སྲིད་དབང་ཞིག་གི་ཁྲིམས་ལུགས་མ་ཤེས་པའི་དབང་གིས་རང་ལུས་མེར་བསྲེགས་པ་དེ་རྒྱུ་མཚན་ཡང་དག་ཡིན་ན། དེང་སང་རྒྱལ་ཁབ་ཅིག་ནས་རྒྱལ་ཁབ་གཞན་ཞིག་ལ་གནས་སྤོ་བྱ་རྒྱུ་ནི་རྒྱུན་ལྡན་ཡིན་པ་ལྟར། གནས་སྤོ་བས་གནས་སྤོ་ཡུལ་གྱི་ཁྲིམས་ལུགས་ལ་རྒྱུས་མངའ་མེད་པར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རྒྱུན་ལྡན་ཡིན་དགོས་ཀྱང་། ཁྲིམས་མ་ཤེས་པས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཞིག་ད་སྔ་མ་ཐོས་ལ་ད་ཕྱིན་ཡང་ཐོས་སྐལ་དབེན།
ཏ་ཟིག་ཨི་རག་དང་ཨབ་གྷན་སོགས་ཀྱི་རྒྱལ་ཁབ་ནང་རྟུལ་ཕོད་ཅན་གྱི་མི་རིགས་རིང་ལུགས་པ་རྣམས་ཀྱིས་རང་ཉིད་ཀྱི་དད་མོས་དབང་གིས་མི་ལུས་འགས་མདེལ་བྱས་ཏེ། ཚེ་སྲོག་གིས་མཐའ་མཇུག་གི་དམིགས་ཡུལ་མངོན་འགྱུར་བྱེད་ཀྱི་ཡོད། ཡིན་ནའང་ཨ་རིའི་གཞུང་གིས་དེ་རྣམས་ལ་ཨ་རིའི་ཁྲིམས་ལུགས་མ་ཤེས་པའི་དབང་གིས་མི་ལུས་འགས་མདེལ་བྱས་རབས་བརྗོད་མྱོང་མེད་ལ། དོན་དངོས་ཐོག་ཏུའང་རང་ལུས་མེར་བསྲེགས་པ་ནི་ཁྲིམས་ལུགས་མ་ཤེས་པ་ཞིག་གཏན་ནས་མིན། དེ་ལས་ལྡོག་སྟེ་ལག་ལེན་གསེར་གྱི་ཐིགས་པ་དང༌། ཁ་བཤད་ཆུ་ཡི་ཝུ་བ་ཟེར་བ་བཞིན། ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་གཉིད་དུ་ཡུར་བའི་མི་རིགས་ཤིག་རྨོངས་གཉིད་ལས་སད་མགོ་ཚུགས་ཏེ། མི་རིགས་རང་ལ་དབང་དགོས་པའི་རང་དབང་དང༌ཐོབ་ཐང༌། འདྲ་མཉམ། ལ་རྒྱ། མདུན་ལམ་སོགས་ཀྱི་སླད་དུ་དབང་སྒྱུར་པ་རྣམས་ལ་བསྒྲགས་པའི་ཐ་ཚིག་ཅིག་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་མོས་པ་སྐྱེ་བཞིན་པའི་མངོན་རྟགས་ཤིག་ཆགས་ཡོད།
གལ་ཏེ “ ཁྲིམས་ལུགས་མ་ཤེས་པའི་དབང་གིས་བོད་མི་དག་གིས་རང་ལུས་མེར་བསྲེགས་བཏང ” ཞེས་པ་དེ་རྒྱུ་མཚན་ཡང་དག་ཡིན་ན། རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་དང་ཁྲིམས་ལུགས་སློབ་གསོ་སྦྱོང་བརྡར་ཞེས་བོད་ཁུལ་ཡོངས་སུ་ལོ་ནས་ཟླ་བསྟུད་དེ་ལས་འགུལ་འདི་སྤེལ་དང་སྤེལ་བཞིན་ཡོད། ཡིན་ནའང་དོན་རྐྱེན་བྱུང་བ་སྔར་ལས་ཇེ་མང་ནས་ཇེ་དྲག་ཏུ་འགྲོ་བཞིན་ཡོད། དེ་ཡང་སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༤ ཚེས་ ༢༩ ཉིན་འདི་ག་རྒྱ་གར་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་མི་རིགས་ཀྱི་དོན་དུ་རང་ལུས་མེ་བསྲེགས་བཏང་བ་ནས་བཟུང༌། དེའི་ཤུགས་རྐྱེན་བོད་ནང་ཐེབས་ཏེ་སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༧ ཉིན་བཀྲ་བྷེ་མཆོག་གིས་རང་ལུས་མེར་བསྲེགས་བཏང་ཞིང་། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ ཉིན་གྲྭ་ཕུན་ཚོགས་མཆོག་གིས་རང་ལུས་མེར་བསྲེགས། ༢༠༡༡ ལོའི་ཟླ་ ༨ ཚེས་ ༡༥ ཉིན་ཚེ་དབང་ནོར་བུ་མཆོག་གིས་རང་ལུས་མེར་བསྲེགས། ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ ཉིན་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱི་དུས་མཉམ་དུ་རང་ལུས་མེར་བསྲེགས། ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༣ ཉིན་སྐལ་བཟང་དབང་ཕྱུག་གིས་ཀྱང་རང་ལུས་མེར་བསྲེགས་སྐབས་ལམ་ལྷོང་མ་བྱུང་བ་བཅས་ཀྱི་ངོ་མཚར་བའི་གནས་ཚུལ་འདི་དག་བྱུང་ཡོད། ལྷག་པར་དུ་སྤྱི་ལོ་ ༢༠༡༡ ལོ་གཅིག་པུར་གངས་ཅན་ལྗོངས་ཀྱི་དཔའ་བོ་བཞིས་བསྟུད་མར་རང་མི་རིགས་ཀྱི་རང་དབང་དོན་དུ་གཅེས་སྲོག་ཕུལ་བ་འདི་ཁྲིམས་ལུགས་མ་ཤེས་པའི་རྐྱེན་ཞིག་ག་ལ་ཡིན།
མཁས་པའི་དབང་བོ་ཐེ་ཀོར་གྱིས། “ མི་བུའི་རྟག་གཏན་གྱི་བདེ་སྐྱིད་ནི་དངོས་བོ་ཅི་ཙམ་ཐོབ་པ་དེ་མ་ཡིན་པར་རང་གི་ཚེ་སྲོག་ལས་རླབས་ཆེ་བའི་ལྟ་བའི་ཕྱིར་དུ་རང་ཉིད་བསྔོ་བ་གནང་རྒྱུ་དེ་ཡིན་པ་རེད ” ཅེས་གསུངས། རང་རེའི་མི་རིགས་འདིར་རང་དབང་གི་དོན་དུ་འཕག་འཚག་གི་བརྒྱུད་རིམ་ཤིན་ཏུ་རིང་ནའང་གོང་སྨྲས་མཁས་དབང་ཐེ་ཀོར་གྱིས་གསུངས་པ་བཞིན། སྦས་གསང་མེད་པར་དྲང་པོར་ཞུས་ན་རང་ཅག་རྣམས་ལ་ཆབ་སྲིད་ཀྱི་ཕྲ་ཕུང་ཅུང་དཀོན་པ་ལས་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཆོད་སེམས་ཀྱིས་མ་འདང་ས་མེད། དུས་ནམ་ཡང་རང་ཉིད་ཀྱི་ལྟ་བའི་ཕྱིར་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་གྲ་སྒྲིག་དང་མི་རྟག་འཆི་བའི་ཆོས་ཉིད་ཀྱི་བློ་སྦྱོང་གི་གོམས་བྱང་ཡོད། འདི་ནི་གཞན་མི་རིགས་ལ་མེད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་ཞིང་། ད་ལྟ་གནས་བབ་ཛ་དྲག་གི་སྐབས་འདིར་བོད་མི་རིགས་ཀྱིས་འདི་ལྟར་རང་གི་ལུས་སྲོག་ལེགས་སྐྱེས་སུ་ཕུལ་བ་ནི། རྒྱུ་མཚན་གཞན་ཅི་ཡང་མིན་པར་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ཕྱོགས་གཅིག་ནས་ལོ་རྒྱུས་ཐོག་རང་མི་རིགས་ལ་དབང་པའི་རང་གི་གནས་ཡུལ་དུ་མེས་པོ་རྣམས་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོང་དང༌། ས་གཙང་ཞིང་ཆུ་དྭངས་པའི་ཁྱད་པར་ཅན་གྱི་ཡུལ་ཁམས་སྲུང་སྐྱོང༌། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོང་བཅས་ཀྱི་སླད་དུ་ཡིན་ལ། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། སྨྲ་བརྗོད་ཀྱི་རང་དབང་དང༌། རང་ཐག་རང་གཅོད་ཀྱི་ཐོབ་ཐང་། ཆོས་ལུགས་དད་མོས་ཀྱི་རང་དབང༌། རྩོམ་འབྲི་དཔེ་སྐྲུན་གྱི་རང་དབང༌། འདུ་འཛོམས་ཤོག་སྒྲིལ་གྱི་རང་དབང༌། མནོ་སེམས་བསམ་གཞིག་གི་རང་དབང༌། རྒྱུ་ནོར་ལོངས་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འཐོབ་རེ་ཡི་འབོད་སྒྲ་རེད། མདོར་ན་བོད་མི་རིགས་ཀྱི་རང་དབང་དོན་དུ་མགོ་རུལ་རྣ་བས་མི་ཚོར་པའི་དབང་སྒྱུར་པ་རྣམས་ལ་ལུས་སྲོག་རིན་དོད་དུ་བཏང་སྟེ་ཡང་ཡང་ཐ་ཚིག་སྒྲོག་གི་ཡོད།
དེ་བཞིན་ཐ་ཚིག་སྒྲོག་སྟངས་དེ་ཡང་མི་རིགས་གཞན་དང༌། ལྷག་པར་དུ་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་རིགས་ཐལ་སྐྱོད་པའི་བྱེད་ཐབས་ལྟ་བུའི་ཁྱོད་ཤི་ང་གསོན་དང༌། མི་ལུས་འགས་མདེལ་བྱས་ཏེ་རང་གཞན་ཚང་མ་སྐད་ཅིག་ཏུ་རྩ་མེད་བཟོ་བ་ལྟ་བུ་སོགས་མ་ཡིན་པར། དུས་དང་ནམ་པ་ཀུན་ཏུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ྋརྒྱལ་བ་ཐམས་ཅད་མཁྱེན་པའི་འཚེ་མེད་ཞི་བའི་དགོངས་དོན་ལས་མ་བརྒལ་བར། ཚེ་སྲོག་གི་མཐའ་མཇུག་ཏུ་བསླེབས་ཀྱང་མི་གཞན་ལ་གནོད་རྐྱེན་སྤུ་ཙམ་མི་བཟོ་བར་རང་ཉིད་ཀྱི་གཅེས་སྲོག་ཁོ་ནས་དབང་འཛིན་པ་རྣམས་རྨོངས་གཉིད་ལས་དཀྲོགས་ཐབས་བྱས་པ་རེད། ང་ཚོས་འདི་ལྟར་བསམ་གཞིག་བྱས་ཚེ། དེང་དུས་གངས་ཅན་ཡུལ་གྱི་དཔའ་བོ་འདི་དག་ནི་ཇི་འདྲའི་རླབས་ཆེན་དང་གུས་བཀུར་ཞུ་འོས་པ་ཞིག་རེད་ཨང༌། དགོད་བྲོ་བའི་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་མི་དམངས་ཀྱི་འདོད་བློ་དང་མི་རིགས་ཀྱི་གནད་དོན་བཅས་ལ་ཅི་མི་སྙམ་དུ་བཞག་སྟེ། ད་དུང་བོད་མི་ཚོས་ཁྲིམས་ལུགས་མ་ཤེས་པས་རང་ལུས་མེ་བསྲེགས་གཏོང་གི་ཡོད་ལུགས་བརྗོད་དེ། བོད་རིགས་རྣམས་ལ་བཙན་དབང་གིས་ཁྲིམས་ལུགས་སྦྱོང་བརྡར་བྱེད་དུ་འཇུག་བཞིན་པ་ནི་བླུན་རྟགས་ “ རང་རྣ་བཀབ་ནས་དྲིལ་བུ་རྐུ་བ ”ཞེས་པའི་དཔེ་ལས་མ་འདས་སོ།།
༢༠༡༡ ལོའི་ཟླ་ ༡༠ ཚེས་ ༠༣ ཉིན།
ཡག་པོ་བྲིས་འདུག
རྒྱ་གཞུང་གི་བསམ་སྦྱོར་ངན་པ་མྱུར་དུ་ཞི་འགྱུར་ཅིག །
ཤར་ཙོང་བདེ་ལྡན་ངོ་མ་ཁྱེད་ཀྱི་གསུང་རྩོམ་ལ་བྲོ་བ་འདུག ད་དུང་རྒྱ་ནག་དམར་ཤོག་གི་བྱེད་གཏེ་ཚོས་གོ་ཚོར་མེད་མདོག་གིས། དོན་རྐྱེན་ཞིག་བྱུང་ནས་བཟུང་གློག་འཕྲིན་ཡོད་ཚད་ཀྱི་ཕྲིན་བརྡ་བཀག་པ། དྲྭ་འབྲེལ་བཀག་པ། བཙན་བཤད་ཀྱིས་གླ་པས་བརྔན་པའི་བོད་མི་ཞིག་ལ་བཟང་རབ་དགའ་རབ་ཀྱི་ཕྱི་དྲིལ་བྱེད་དུ་བཅུག་པ། མེ་མདའ་དང་བཙོན་ཁང་གི་སྐྲག་སྣང་བསྐུལ་ནས་བྱིའུ་ཆུང་ཐོག་ལ་ལྕགས་ཀྱི་མདའ་མོ་གཟིར་བ། འདས་ཟིན་བོད་མིའི་བྱུང་རབས་གླེང་ནས་གསར་སྐྱེས་རྣམས་ཀྱི་བློ་ཁ་བསྒྱུར་ཐབས་བྱེད་པ། ས་གཙང་ཆུ་གཙང་གི་རང་བྱུང་གཏེར་ཁ་གཏོན་པའི་ཡོང་འབབ་ཡོད་ཚད་སྐུང་ནས་ཁྲ་ཁྲ་ཟིང་ཟིང་གི་ས་ལས་རྡོ་ལས་ཀྱིས་བོད་མི་མགོ་བསྐོར་བཏང་པ། མི་མང་གསར་རྗེ་མི་མང་ཀུང་ཧྲེ་སོགས་ཀྱི་ཁྲག་དྲི་མི་སྣོམ་བཞིན་དུ་མེས་རྒྱལ་ཞེས་ངོ་ཚ་མེད་པའི་རང་བསྟོད་རྒྱང་བསྒྲག་བྱེད་པ། དམར་ལུགས་མགོ་ཁྲིད་པ་ཡོད་ཚད་རྐུབ་གཏུག་ནས་རུལ་སུང་འཛམ་གླིང་ནང་བྱུང་མྱོང་མེད་པ་དག་ལ་སུས་ཀྱང་སྐྱོན་བརྗོད་བྱེད་མི་ཆོག་པ་སོགས་ཀྱིས་བྱེད་སྟང་འདི་ཚོ་ལ་གཞིག་དུས། སྲིད་ཇུས་མི་ཤེས་པ་དེ་དམར་པོའི་མགོ་བྱེད་པ་ཚོ་ལས་བོད་མི་རྣམས་དུས་ཡང་མིན་པའི་འབྲས་རྟགས་གསལ་པོ་རེད། དོན་རྐྱེན་ཡོད་ཚད་ཁོ་རང་ཚོའི་བྱེད་སྟང་མི་འགྲིགས་པའམ་མ་ཤེས་ནས། བཙན་བྱོལ་གཞུང་དང་༧གོང་ས་ཡིད་བཞིན་ནོར་བུ་ལ་འགེལ་རྐྱང་བྱེད་པ་འདི་དག་ནི། སྒེ་ཁུང་ཤར་ལ་གཏོད་ནས། ཕུར་མ་ནུབ་ཏུ་གཡོག་པ་དང་གཅིག་མཚུངས་རེད། བོད་མི་གཞིས་བྱས་གཉིས་ཆར་ལ་དགོས་རྒྱུ་མཐུན་སྒྲིལ་དགོས་ཀྱི་གཏོར་གཤིག་གཏན་ནས་མི་དགོས། རང་ལུས་མཆོད་པའི་མེ་སྒྲོན་དུ་སྦར་བ་འདི་ཚོ་ཡོད་ཚད་ཀྱི་མཐུན་སྒྲིལ་དུ་མཐུད་དགོས་པའི་བསམ་ཚུལ་ག་ཚོད་བཏོན་ཀྱང་། དམར་པོའི་མགོ་བྱེད་ཚོ་ལ་བཤད་པས་མ་གོ བོད་མི་རིགས་འདི་ལ་རང་དབང་བདེན་དཔང་ནང་ནས་རྙེད་པའི་ཆོད་སེམས་ཡོད་ཀྱང་ཚིག་ཤར་ཅིག་ཀྱང་བཤད་མི་ཆོག་པར། མཐར་འུ་ཐུག་གེ་ཟད་ཀྱིས་དོན་རྐྱེན་སྤེལ་བ་འདི་ཚོ་ད་དུང་སྲིད་ཇུས་མི་ཤེས་པར་བསྒྱུར་བ་ནི་ངོ་ལག་པས་བཀབ་ནས་ང་མི་མཐོང་བའི་དཔེ་དང་ཀུན་ནས་མི་མཚུངས་སམ། གང་ལྟར་དམར་པོའི་དབང་འཛིན་པ་རྣམས་ཀྱིས་ངེས་པར་དུ་བསམ་བློ་གཏོང་དགོས་པའི་གནས་སུ་གྱུར་འདུག
སྐུ་ཞབས་བདེ་ལྡན་གྱིས་ཚད་ལྡན་བྲིས་འདུག བཙན་བྱོལ་སྒྲིག་འཛུགས་ནང་གི་རྒྱ་སྐད་ལ་མཚུངས་ཟླ་མེད་པ་དེས་བཞེངས་བཞག་ཡོད་ཀི
བོད་ནས་ད་བར་བོད་རང་དབང་རང་བཙན་གྱི་ཆེད་དུ་རང་ལུས་མེར་བསྲེགས་མཁན་གྱི་དཔའ་བོ་ལྔ་བྱུང་སོང་ལ། སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཁོངས་ནས་ཀྱང་ད་བར་རང་ལུས་མེར་བསྒྲོན་མཁན་ལྔ་བྱུང་བ་རེད་ཟེར། ཨོ་དེ་ཚོ་བོད་རང་དབང་གི་ཆེད་དུ་མ་རེད། ལྔ་ལས་གསུམ་ཤི་ཚར་འདུག མེར་བསྲེགས་གཏོང་མཁན་ཐ་མ་དེ་མདངས་དགོངས་རང་རེད། བུ་མོ་ཆུང་ཆུང་ཞིག་གིས་རང་ལུས་མེར་བསྒྲོན་ནས་ལུས་ཀྱི་བརྒྱ་ཆ་དྲུག་ཅུ་ཙམ་འཚིག་འདུག་ཟེར། མེར་བསྒྲོན་དོན་ནི་ཕ་མ་གཉིས་ཀྱིས་བཟའ་འཁོན་བྱས་པར་བརྟེན་ཡིན་འདུག བཟའ་འཁོན་བྱེད་སྐབས་མོ་རང་གིས་ཁྱིམ་མཚེས་གཡས་གཡོན་ནས་ས་སྣུམ་གཡར་ནས་རང་ལུས་བསྒྲོན་པ་རེད། སྙིང་རྗེ་མོ་ད་ལོ་འཛིན་གྲ་བཅུ་གཉིས་ཐོན་ཚར་ཙམ་རེད།
ཚར་གཅིག་བཀླགས་ཡིན། ཡག་པོ་བྲིས་འདུག མུ་མཐུད་དུ་་་་་་་་་་་་་་་