བོད་
རང་དབང་གི་ཆེད་དུ་བོད་མི་ས་ཡ་གཉིས་ལྷག་གི་ཚེ་སྲོག་ཤོར། རང་དབང་གི་ཆེད་དུ་རྩ་དོན་འཐབ་རྩོད་ཀྱི་དབུགས་རྔར་འཇུས་ཏེ་གཞིས་བྱེས་གཉིས་སུ་གྱེས། རང་དབང་གི་ཆེད་དུ་བོད་མི་ཆིག་འབུམ་ལྷག་འདས་པའི་དུས་རབས་ཕྱེད་ལྷག་རིང་ཕྱི་ཡུལ་ལ་གྱར་ཏེ་དཀའ་སྡུག་གི་འཚོ་བ་བསྐྱལ། འོན་ཀྱང་ད་དུང་ང་ཚོར་རང་དབང་ཐོབ་མེད་ལ། ཐོག་མའི་རང་དབང་གི་དགོས་འདུན་དེ་ཡང་ད་ལྟ་རིམ་བཞིན་ངྷ་རམ་ས་ལ་དང་བཙན་བྱོལ་སྤྱི་ཚོགས་ནང་རབ་རིབ་དང་མག་མོག་གི་ངོ་བོར་འཐིམ་བཞིན་ཡོད། རང་དབང་གནམ་ནས་ཟགས་རྒྱུ་དང་ས་ནས་སྐྱེ་རྒྱུར་ངང་སྒུག་གིས་དལ་ཅག་གེར་ཁུ་སིམ་མེར་ཕྱི་བཤོལ་ནས་ཡང་བཤོལ་བྱས་ཏེ། ད་ནི་ཕན་ཚུན་ལ་ལེ་བདའ་དང་འཁང་ར་བྱེད་པའི་མྱུ་གུ་ཞིག་ཀྱང་འབུས་མགོ་ཚུགས་ཡོད།
ཉིས་སྟོང་ལོ་ཡས་མས་ལ་བོད་ནང་གི་ས་ཆ་ག་གེ་མོ་ཞིག་ན་བོད་དོན་གྱི་སྦྱར་ཡིག་བཀྲམས་འདུག དགོན་པ་ག་གེ་མོ་ཞིག་ལ་རྒྱ་གཞུང་གིས་རྒྱལ་གཅེས་སློབ་གསོ་སྤེལ་འདུག་ཟེར་དུས། བཙན་བྱོལ་ནང་གི་གསར་འགྱུར་ཚ་ཤོས་དང་། ངྷ་རམ་ས་ལའི་དྲིལ་བསྒྲགས་ཀྱི་གནད་དོན་འགངས་ཆེན་ཡིན་ལ། བོད་རྒྱ་འབྲེལ་མོལ་ལ་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་འོག་གསུམ་དུས་སྐད་འབོད་ཀྱི་ངར་ཤུགས་གནོན་མེད་དེ་ཡང་ཡིན་མོད། དེ་རིང་བོད་ནང་གི་དགོན་པ་ག་གེ་མོའི་དགེ་འདུན་པ་ཆེ་གེ་མོས་རང་ལུས་མེར་བསྲེགས་བཏང་སོང་ཞེས་ཛ་དྲག་གི་གནས་ཚུལ་བསྟུད་མུར་འབྱོར་སྐབས། དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྨང་ནས་བྲལ་ཏེ། སྲོག་གི་དབང་བོས་བཏང་བའི་བེམ་རོ་བཞིན་ཁ་གདང་ཞིང་མིག་ཅེར་ནས་སྡོད་ལ། ཟ་དང་ཟུར་རེ་ན་འཚེ་བའི་ལས་སུ་འགྲོ་མིན་དང་གྲུབ་འབྲས་ཡག་པོ་འབྱུང་མིན་ལ་རྩོད་གླེང་བྱེད།
བོད་ནང་གི་བོད་མི་ཚོས་གློ་སྙིང་མཆིན་གསུམ་བྱེས་ལ་བཅོལ་ཞིང་། རེ་བའི་མིག་འབུར་བྱེས་ལ་གཏད་དེེ། མེ་མདའ་དང་ལྕགས་སྒྲོག་གི་སོ་བར་ནས་མི་ལོ་ལྔ་བཅུར་རང་དབང་དང་དམངས་གཙོའི་འབོད་སྒྲ་མ་ཆད། རྩ་དོན་འཐབ་རྩོད་ཀྱི་སྙིང་སྟོབས་མ་ཞུམ། གཞིས་བྱེས་ལྷན་འཛོམས་ཀྱི་མཛའ་བརྩེ་མ་ལྷོད། འཚེ་མེད་ཞི་བ་ཡི་རྒྱ་ལས་མ་བརྒལ་བར་གཅིག་རྗེས་གཉིས་མཐུད་དུ་སྔོན་མོ་ཆུ་ལ་མཆོང་གིན་ཡོད། དམར་པོ་མེ་ལ་མཆོད་ཀྱིན་ཡོད། རྣོན་པོའི་མཚོན་ལ་ལྕེབ་བཞིན་ཡོད། དྲ་མུན་བཙོན་ལ་འཚང་གིན་ཡོད་ལ། ཁ་སང་དེ་རིང་མེ་དང་སྲོག་གི་ཉོ་ཚོང་འདིའི་སྐབས་ལ་ཡང་། ངྷ་རམ་ས་ལའི་གཞུང་གིས་ད་དུང་ཅི་ཞིག་ལ་སྒུག་ཡོད་པ་བཞིན། པེ་ཅིན་གཞུང་ལ་ཛ་དྲག་གི་གྲོས་མགོ་ཙམ་ཡང་མི་འདོན་པར་བསྔོ་སྨོན་མཆོད་འབུལ་རེ་དང་། གནས་ཚུལ་བསྐྱར་ཟློས་ཀྱི་གསར་འགོད་གསལ་བསྒྲགས་རེ་སྤེལ་ཏེ་ལྷོད་ཀྱིས་བཞུགས།
གྲོས་ཚོགས་ཚོགས་དུས་སྔ་མ་ཞིག་ལ་རང་ལུས་མེར་བསྲེགས་གཏོང་བ་དེ་འཚེ་བའི་ལས་ཡིན་མིན་ལ་རྩོད་གླེང་བྱུང་ཡོད་ལ། མཁྱེན་མཛངས་ཀྱི་གོ་མིང་ཡོད་པ་རེ་ཟུང་གིས་འཚེ་བའི་ལས་སུ་བགྲངས་ཏེ་འགྲེལ་བཤད་རིང་པོ་རེ་ཡང་བརྒྱབ་ཡོད། ཐེངས་འདིའི་གྲོས་ཚོགས་ནང་རྔ་པ་ཀིརྟི་དགོན་པའི་གྲྭ་ཕྲུག་གཉིས་ཀྱིས་སྐུ་ལུས་མཆོད་མེར་བསྒྲོན་པའི་གནས་ཚུལ་མེ་དྲོད་མ་ཡལ་བ་ཞིག་སྙན་གསེང་ཞུས་སྐབས། ནམ་རྒྱུན་མ་ཎི་བཞིན་བགྲང་གིན་པའི་ཐ་སྙད་༼ གདུང་སེམས་མཉམ་སྐྱེད༽ཀྱི་གྲོས་ཆོད་ཅིག་ལས་མ་བྱུང་ལ། མེ་མདའ་དང་ལྕགས་སྒྲོག་མེད་ས་ནས་སྤྱི་མོས་བྱུང་བའི་གྲོས་ཆོད་དེའི་ནང་དུ་ཡང་། “ ཐོབ་ཐང་རྣམས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་གྱི་རྒྱ་ལས་མ་འགོངས་པར་རྩོད་ལེན་ཞུ་རྒྱུ་གལ་འགངས་ཆེ་བའི་གཞེན་སྐུལ་ནན་ཏན་ཞུ ” ཞེས་བཀོད་འདུག་པ་བཀླགས་ན། ཇི་འདྲའི་འཇིགས་ཡེར་བ་ཞིག་དང་སྐྱི་གཡའ་བ་ཞིག་རེད་ཨང་།