འཇིགས་མེ་ཚེ་རིང་།
ལོ་འདིར་བསྟུད་མར་བདེན་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་ནང་དོན་གཅིག་པའི་ངོ་རྒོལ་སྐད་འབོད་བྱས་ཏེ་ཁ་ཤས་སྐུ་ཚེ་འཕེན་པ་རྫོགས་སོང་། ཕྱི་ཟླ་དགུ་པའི་ནང་འཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཐད་”གདུང་སེམས་མཉམ་བསྐྱེད་”ཀྱི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། གྲོས་ཆོད་དེའི་ནང་བྱེད་འོས་པའི་ཆེ་བསྟོད་མང་དག་ཅིག་བྱས་ཡོད། དེའི་རྗེས་སུ་བཀའ་སྤྱི་གཉིས་མཉམ་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ་ཕྱི་ཟླ་༡༠ ཚེས་ ༡༩ཉིན་འཛམ་གླིང་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་དང་མཆོད་འབུལ་སྨོན་ལམ་བྱེད་དགོས་པའི་འབོད་སྐུལ་གནང་འདུག ལོས་ཡིན། ང་ཚོ་ནི་འཐབ་རྩོད་པ་ཡིན་ཞིང་། དེ་ལས་ཀྱང་བདེན་དོན་དང་རང་དབང་འཐབ་རྩོད་པ་ཡིན། སྐད་ཆ་འདི་ཐད་ཀར་བཤད་ན་ཆོས་ཀྱིས་སེམས་རྒྱུད་ཡོངས་སུ་བརླན་པའི་འུ་ཚོར་བཤད་མ་བདེ་བ་ཞིག་ཡིན་རུང་། གཉའ་གནོན་འོག་དཀའ་སྡུག་མྱང་བཞིན་པའི་བོད་མི་རྣམས་ལ་དེ་ལས་གཞན་གྱི་བྱ་ཐབས་མེད་པ་མ་ཟད། མེར་བསྲེགས་མུ་མཐུད་ནས་ཡོང་རྒྱུ་ཡིན་པའང་གསལ་བོ་རེད།
འོན་ཀྱང་། འཇིགས་སུ་རུང་བའི་དོན་རྐྱེན་གྱིས་ང་ཚོར་བདའ་འདེད་གཏོང་བ་བཞིན་ཡོད་ཅིང་། “རང་བསྲེགས་ནས་གཞན་གསོད་”ཀྱི་ལམ་ཁའང་ཧ་ཅང་ཐག་ཉེ་ཡིན་པ་འདྲ། དོན་རྐྱེན་འདི་འདྲ་ལ་ཚོད་དཔག་བྱས་རྗེས་རང་བསྲེགས་འདི་ནི་དངོས་ཡོད་ཀྱི་འཚེ་མེད་ཅིག་ཡིན་པ་གསལ་བོར་ཤེས་ནའང་བོད་མི་རིགས་ཀྱི་ཕྱོགས་ངོས་གཞན་དང་གཞན་ལ་ལྟོས་ཚེ་རང་བསྲེགས་འདི་གཞན་གསོད་ཀྱི་གོམ་སྟོབས་སུ་འགྱུར་བར་རྒྱུ་རྐྱེན་ཁ་ཤས་ཡོད་པ་གྲྭ་བ་ནས་མི་སྐྱའི་སྡེ་རུ་མཆེད་པའི་ལས་འགུལ་གྱིས་གོ་བརྡ་སྤྲོད་པ་རེད།
བོད་ཀྱི་ལོ་རྒྱུས་ནང་དུ་”ཕར་རྒོལ་གཏན་ནས་མི་བྱེད་ཅིང་། ཚུར་རྒོལ་ཡན་པོར་མི་གཏོང་བ་”དཔའ་བོའི་གཤིས་ཀ་ཡིན་པའི་ངོས་འཛིན་ཡོད་པ་མ་ཟད། འདི་ནི་འཇིག་རྟེན་མི་ཆོས་དང་འགལ་མེད་པའི་ལྟ་ཚུལ་ཡོད། བོད་མི་རྣམས་དཔའ་བོར་ཧ་ཅང་དགའ་བའང་བོད་མིའི་སེམས་གཤིས་ཀྱིས་ལོ་ངོ་སྟོང་ཕྲག་ལ་ཉར་ནས་སླེབས་ཡོད། ད་དུང་སྤྱི་ཚོགས་ནང་དུ་འཇིགས་སུ་རུང་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་པ་ནི་”དགྲ་ཤ་ལེན་པའི་”གཤིས་ཀ་འདི་ཡིན། དགྲ་ཤ་ལེན་པའི་གཤིས་ཀ་འདིས་བོད་ཡུལ་སྟོད་སྨད་བར་གསུམ་ལ་ཁྱབ་ཡོད་པ་ང་ཚོས་བོད་ཀྱི་དེང་རབས་སྒྲུང་གཏམ་གཉིས་ལས་གསལ་བོར་ཧ་གོ་ཐུབ་སྟེ། <<དགྲ་ཤ་ལེན་པ་>>དང་། <<བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་>>ཅེས་པའི་སྒྲུང་གཏམ་འདི་གཉིས་ཀྱིས་དགྲ་ཤ་ལེན་པ་བོད་མི་རིགས་ཀྱི་གཤིས་ཀའི་ནང་ཡོད་མྱོང་བ་གསལ་བོར་བསྟན་ཡོད་པ་མ་ཟད། དཀའ་ངལ་ལྷུར་ལེན་གྱིས་བསྐྲུན་པའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གློ་བུར་འཇིག་པ་དང་། མི་རབས་གསུམ་ལ་ཤ་འཁོན་གྱིས་ཕ་བསད་བུ་ལ་ཐུག་པའི་བྱུང་བ་བརྗོད་ཡོད།
ད་དུང་རྒྱུ་རྐྱེན་གཞན་ཞིག་ཡོད་པ་རིག་གནས་ལྟ་བའི་ཐོག་ནས་ཡིན་ཏེ། དམར་པོའི་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བོད་ཀྱི་མི་རབས་གསར་བའི་སེམས་ངོས་སུ་”འདྲ་མཉམ་”ཞེས་པ་ནི་”ང་རྒྱལ་ཁྱོད་རྒྱལ་དང་། ང་ཕམ་ཁྱོད་ཕམ་”ཞིག་ཡིན་པར་ངོས་འཛིན་བྱེད་པ་དེ་རེད། ལྟ་བ་འདིའི་ཤུགས་རྐྱེན་འོག་མེར་བསྲེགས་གཏོང་མཁན་གྱི་བློས་གཏོང་མཁན་ཞིག་གིས་མཛད་རྗེས་བླ་མེད་ཀྱི་མའོ་ཙེ་ཏུང་གི་དམར་ཤོག་དམག་ཕྲུག་ཅིག་སེམས་སུ་འཆར་ན་མ་ཆོག་པ་མེད་པས་འདིའང་མེར་བསྲེགས་རྗེས་ཀྱི་འཇིགས་སྣང་ཞིག་ཡིན། བོད་ལའང་མའོ་ཙེ་ཏུང་གི་དམར་ཤོག་དམག་མི་ཞིག་བྱུང་རྗེས་རྒྱ་ནག་གཞུང་ཕྱོགས་ནས་མགྱོགས་མྱུར་ངང་འཇིགས་སྐུལ་བར་བསྙད་འདོགས་ལས་ཆེ་མོད། ང་ཕམ་ཁྱོད་ཕམ་གྱི་གནས་ཚུལ་ཐབས་སྡུག་འདིའི་ནང་དུ་སུ་ཞིག་འཇིགས་སྐུལ་བ་ཡིན་མིན་གྱི་སྐད་ཆ་མེད་པར། དོན་དངོས་ཀྱི་འུ་ཐུག་ཐབས་ཟད་ཅིག་ཡིན་པ་བཤད་མ་དགོས་པ་རེད།
ང་ཚོ་ཆུང་ཆུང་སྐབས་སུ་”འཇར་འགོག་དམག་འཁྲུགས་”ཞེས་པའི་གློག་བརྙན་ལ་བལྟས་ཏེ་སེམས་པའི་གཏིང་དུ་གསར་བརྗེ་དམག་དང་རྒྱལ་དམངས་ཏང་གི་དམག་མི་གང་ཡིན་མི་ཤེས་མོད། གང་ལྟར་རྒྱ་དམག་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་གིས་ཕར་རྒོལ་བྱས་པར་བསྟོད་བསྔགས་ཕུལ་ཡོད། ཀླུང་གི་ཞིང་བ་ནས་འབྲོག་གི་ཕྱུགས་ལས་པའི་བྱིས་པ་ཡོངས་ཀྱིས་གློག་བརྙན་འདི་ལྟ་བུའི་སློབ་གསོ་མྱང་མ་མྱོང་མཁན་གཅིག་ཀྱང་མེད་པ་ངས་ཁག་ཐག་བྱེད་ཐུབ། ལྷག་པར་ཏུ་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་ཀྱི་སློབ་དེབ་ཁག་གི་ནང་དུ་པཱ་ལོའུ་དམག་(八路军)ལ་བསྟོད་གླུ་དང་སློབ་སྦྱོང་བྱེད་པར་སྐུལ་མ་བཏང་བ་ནི་བོད་ཕྲུག་རྣམས་ལ་མ་ཎིའི་ཕན་ཡོན་གྱི་བག་ཆགས་བཞག་པ་ལས་ལྡབ་ཁ་ཤས་ཀྱིས་ཆེ་བ་མེད་ནའང་ཉུང་ཉུང་ཞིག་ཁྱོན་ནས་མ་ཡིན། དེ་དང་མཉམ་དུ་བོད་མི་རྣམས་ཀྱིས་རྒྱ་མིའི་འཁྲིས་ནས་རིགས་ཞེན་གྱི་ལ་རྒྱ་ལའང་སློབ་སྦྱོང་བྱས་ཡོད་པ་དང་། “གནམ་ལ་ཉི་མ་རང་ཤར།། ས་ལ་སྲོང་བཙན་རང་སྐྱེས།། ”ཞེས་གནོན་དཀའ་བའི་ཚོར་བ་འཕར་བའི་དུས་སྐབས་ཤིག་ལ་སླེབས་ཡོད།
ངས་བསམ་ན་འདི་དག་ནི་རྒྱ་ནག་གཞུང་འཛིན་པས་བོད་ཕྲུག་རྣམས་ལ་སློབ་གསོ་སྤྲད་པ་ལས་བྱུང་བའི་མཇུག་འབྲས་ཀྱི་མ་བསམ་ས་ཞིག་ཡིན་ཡང་། འཐབ་རྩོད་ཀྱི་ངོ་བོ་མི་སྒེར་གྱི་ཞེ་འཁོན་དུ་གྱུར་ཏེ་རྒྱ་བོད་འཁྲུག་པའི་དོན་རྐྱེན་བྱུང་བར་རྒྱུ་ཚོགས་གྲངས་ཚང་གི་དུས་སྐབས་མངོན་དུ་བྱེད་པའི་བརྡ་དོན་ཡང་གསལ་བོ་ཞིག་ཡིན་པ་འདྲ།
༢༠༡༡།༡༠།༡༨ཉིན།
གཞིས་ལུས་མི་མང་གི་ཆེས་མཐར་ཐུག་གི་རེ་བ་དང་འབོད་སྐུལ་བྱེད་སྟངས་གཏོང་ཕོད་ཅན་ཞིག་རེད། བྱེས་པ་རྣམས་ཀྱིས་ག་ལེར་ལྷོད་མ་ཡོང་རོགས།
ཀ་ཉག་ཚེ་རིང་ལགས། དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ། ངའི་མཆན་སྔོན་མ་དེའི་ནང་ལ་ཏོག་ཙམ་བཤད་ཡོད། ཞི་བ་དང་འཚེ་བ། གཙེ་བ་བཅས་ཀྱི་ཁྱད་པར་ཞིག་བཤད་ཡོད།
ངས་ནི་འདི་འཚེ་བ་ཡིན་པར་ངོས་འཛིན་དང་དེར་གུས་བཀུར་ཡང་བླ་ན་མེད་པ་ཞིག་བྱེད་ཀྱིན་ཡོད། ད་ནི་རྒྱ་ནག་གིས་ཕྱིར་ཅི་ཟེར་ཡོང་བསམ་ནས་སྐྲག་སྡོད་པའི་དུས་ཀྱང་མ་རེད། རྒྱ་བོད་གཉིས་ཀྱིས་གནའ་ནས་ད་བར་འཚེ་བའི་ལས་ཤ་སྟག་གི་སྟེང་ནས་དམག་འཁྲུག་གྲངས་མེད་ཅིག་བརྒྱབ་པ་རེད། དེ་རྒྱ་བོད་གཉིས་ཀར་གསལ་གསལ་ཐིང་ཐིང་ཡིན་ནི་རེད། ད་སྐབས་བོད་པ་ཚོས་འཚེ་བ་ཞེས་པའི་ཐ་སྙད་ཙམ་ལ་ཡང་འཛེམས་སོན་བྱེད་པ་དང་། དེའི་རིགས་བྱམས་སྙིང་རྗེ་ལ་སྦྱོར་ཐབས་བྱེད་པ་འདི་ནི་ཡག་རྟགས་ཤིག་ཡིན་མིན་བཤད་ཁག་པོ་རེད།
ཁ་ཉིན་ངོ་དེབ་སྟེང་ལ་མཆོད་མེ་འཇོག་དུས་ཀྱང་རང་ཉིད་ནི་དེ་ལ་འཐད་པ་མེད་མཁན་དང་། དེ་ལས་མི་ལུས་མེར་སྲེག་གི་པར་ངོ་མ་འཇོག་པར་འཐད་མཁན་ཞིག་ཡིན།
སྔོན་ཆད་ཝེ་ཐུ་ནམ་ནས་དགེ་འདུན་པ་ཚོས་རང་ལུས་མེར་སྲེག་རྗེས། འདི་ནི་ནང་བའི་དགེ་འདུན་པ་དག་གི་བྱེད་སྟངས་ཤིག་ཡིན་ཚུལ་གླེང་བཞིན་འདུག་ཀྱང་། བོད་ལ་ནི་སྔོན་ཆད་སྡེ་གཟིར་དང་དམག་འཁྲུག་སོགས་སྣ་ཚོགས་བྱུང་མྱོང་ཡང་། རང་ལུས་མེར་སྲེག་གི་རིགས་འདི་ནི་བྱུང་མྱོང་མེད་པ་འདྲ། དེ་ཡང་གཅིག་བྱས་ན་མི་རིགས་རང་གི་རིག་གཞུང་ལ་འགལ་གྱི་ཡོད་པས་ཡིན་སྲིད། འདི་དག་ནི་ང་རང་གི་རྨོངས་འཆར་ཡིན།
ངང་པོའི་ལྷ་སྲས་ལགས། སྟག་མོར་ལུས་སྦྱིན་གྱི་བར་དུ་འགྲོ་དགོས་དོན་ཨེ་ཡོད། བོད་མི་རིགས་ལ་རྒྱ་དམར་གཞུང་གིས་བཙན་གནོན་དང་མནར་གཅོད་ཚད་མེད་བཏང་བ་མ་བཟོད་པར་ཨུ་ཐུག་ནས་རང་ལུས་མེ་རུ་སྦར་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་འདི་ལ་འགྲེལ་བཤད་དེ་རྒྱག་དགོས་དོན་ཨེ་ཡོད།
ངས་ནི་ད་རེབ་ཀྱི་འཚེ་བའི་ལས་དེ་མ་རུང་བ་དང་མི་དཔེ་བ་ཞིག་རེད་ཟེར་གི་མེད། དེ་ལས་ལྡོག་སྟེ། གནས་སྟངས་གང་ཡིན་པ་དེ་གསལ་གསལ་ཐིང་ཐིང་བྱས་ནས་སྒྲོག་དགོས་པ་རེད་ཟེར་གི་ཡོད།
འོ་ན། ཁྱེད་ཀྱིས་ད་ལོའི་རང་ལུས་མེར་སྲེག་འདི་དག་སྟག་མོར་ལུས་སྦྱིན་དང་སྦྱར་ནས་འཛམ་བུའི་གླིང་ལ་སྒྲོག་དང་། གསར་ལམ་ཁག་ནས་ཅི་ཟེར་བར་ཉོན་དང་། ཧ་ཅང་ཐལ་དྲག་ན་སྐྱོན་དུ་འགྲོ་ཡང་སྲིད་པ་རེད་ཅེས་ཕྱིར་སྐུ་ཉིད་ལ་བརྗོད་འདོདབྱུང་།
མྱི་ནག་ཚང་ལ་ཞུ་རྒྱུར། ཁྱོད་རང་གིས་དེ་ལྟར་བསམ་པ་ལ་ནི་ཁྱད་པར་གང་ཡང་མེད། དེ་མིན་བོད་ཀྱི་རིག་གཞུང་གི་ངོས་སམ། ནང་པའི་ཆོས་ཀྱི་ངོས་ནས་བལྟས་ན་འཚེ་མེད་ཞི་བའི་ལས་འགུལ་གྱི་རྒྱ་ལས་རྒལ་ཚར་བ་རེད་ཟེར་ནས་ཐག་གཅོད་གནང་བ་ཐལ་དྲགས་འདུག་ཟེར་བ་ཡིན། མ་མཐའ་ཡང་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་སོགས་ལ་རྗེས་དཔག་ཙམ་གྱིས་ནི་འདི་ཡིན་དེ་མིན་གྱི་དབྱེ་བར་མེད་པར་དེ་འཚེ་བ་དང་འདི་མི་འཚེ་བ་ཟེར་ནས་རྣམ་གཞག་འབྱེད་པ་མི་འཐད་པར་མཐོང་བ་ཡིན།
མི་ནག་ཚང་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་ཁྱེད་རང་བོད་པའི་རིག་གཞུང་གི་བྲོ་བ་དེ་རྩ་བ་ནས་ཤེས་ཀྱི་མིན་འདུག དོན་ཡང་ཧ་གོ་ཡི་མིན་འདུག དཔེར་ན་བཅོམ་ལྡན་འདས་ཀྱི་སྐྱེ་བ་སྔོན་མ་སྟག་མོ་ལུས་སྦྱིན་ཞེས་པ་དེ་ཡང་འཚེ་བའི་ལས་སུ་ཐལ། རང་སྲོག་རང་གིས་བཅད་པའི་ཕྱིར། ཁྱབ་པ་དགུ་འགྲིགས།
རང་ཉིད་གཅིག་པུའི་དོན་དུ་རང་སྲོག་བཅད་ན་འཚེ་བའི་ལས་སུ་འགྲོ་སྲིད། ཡིན་ནའི་སེམས་ཅན་གཞན་གྱི་དོན་དུ་རང་ཉིད་ཀྱི་སྲོག་བཅད་ན་དེ་ཡི་བྱང་ཆུབ་པའི་སྤྱོད་པ་རེད། ཤེས་སོང་ངམ།
ཀ་ཉག་ཚེ་རིང་དང་ངང་པའི་ལྷ་སྲས་གཉིས་ལ་ཞུ་རྒྱུར། སྐད་ཆ་འདིའི་རིགས་བཤད་མཁན་གང་ཟག་གི་ངོས་ནས་ཐལ་ཆ་ཤོར་ཡོད་ན་མི་ཤེས། ང་མ་ཡིན་པར་སྐྱེ་ཆེན་དམ་པ་ཞིག་གིས་གསུངས་ཡོད་དུས་དེའི་ཐལ་ཆ་མི་མཐོང་ཡང་སྲིད།
ང་རང་གི་བསམ་པར། ལས་དེ་རང་གཞན་གཉིས་ཀའི་ཚེ་སྲོག་དང་བཅས་པར་མི་གནོད་ཚེ་དེ་ལ་ཞི་བའི་ལས་ཟེར་བ་དང་། ཞི་བའི་ལས་འགུལ་ཡང་འདི་འད྄་ཞིག་ལ་ཚད་འཛིན་དགོས་པ་མིན་འག྄ོ། དེ་ནས་རང་གཅིག་པུ་དང་། ཡང་ན་རང་་གཞན་གཉིས་ཀར་གནོད་ཀྱི་ཡོད་ཚེ་འཚེ་བའི་ལས། རང་ལ་མི་གནོད་པར་གཞན་གཅིག་པུའི་སྲོག་ལ་གནོད་པའི་ལས་དེ་གཙེ་བའི་ལས་ལྟ་བུ་ཞིག་མིན་ནམ་སྙམ།
ཨ་རོགས་མི་ནག ང་ཚོའི་རིག་གནས་སམ་རིག་གཞུང་ནས་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་བསད་པ་དེ་བྱང་ཆུབ་སེམས་པའི་ཁྱད་ཆོས་སུ་དྲངས་པ་མ་རེད་དམ། ཡང་ན་ཁྱེད་རང་ཉིད་བདག་ཚོའི་ཕུམ་གསུམ་ཚོགས་པའི་རིག་གནས་འདི་ལ་ཆ་རྒྱུད་རྩ་བ་ནས་ཡོད་ས་རེད། དཔེར་ན་ཁྱེད་ཀྱི་ཆོ་མེད་ཀྱི་སྐད་ཆ་འདིར་༼ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་རེད།༽ ལྟོས་དང།
རྒྱུ་མཚན་ཡོད་ན་ཁྱེད་ཀྱིས་ཚད་མེད་ཞི་བའི་ལས་འགུལ་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་འགྲེལ་བཤད་ཞིག་རྒྱོབས་དང།
རྩོམ་བྲིས་འདི་ནི་མི་བདེན་པ་ལས་རབ་ཏུ་རྒལ་འདུག་ཡོངས་སུ་རྒལ་འདུག
རྩོམ་པ་པོའི་གསུང་དང་ངའི་འཆར་ཡན་གཉིས་ཆུ་ལ་ཆུ་བསྣན་གྱི་རང་བཞིན་དུ་གྲུབ་འདུག
ཁ་དཔེ་ར„སྡུག་ཐུག་ན་ཆོས་གོས་གཡག་ལ་འགས„ཟེར་བ་ལྟར་ང་ཚོ་ཡང་སྡུང་ཐུག་ན་རང་གཞན་
མཉམ་འཆི་བྱེད་ངེས་ཞིག་རེད། འདི་ནི་རྒྱ་གཞུང་གིས་ང་ཚོར་སྤྲད་པའི་འདམ་ཁ་ཞིག་རེད་འདུག་ལ།
འདི་ནི་རྒྱ་གཞུང་གིས་ང་ཚོར་སྤྲད་པའི་ལམ་ཁ་ཞིག་ཡང་རེད། རང་རིགས་དང་རང་རིགས་རྣམས་ཀྱི་
ཆེད་དུ་རང་སྲོག་འབུལ་དང་འབུལ་བཞིན་པ་དག་གིས་འགས་གཏོར་ཡིད་ལ་དྲན་བཞིན་དུ་ཕེབས་ཡོད་རྒྱུ་རེད།
ཤ་འཁོན་སེམས་ལ་བཅང་བཅང་ལ་གཤེགས་ཡོད་རྒྱུ་རེད། ད་དུང་དེ་དེའི་རོ་སྐྱིན་བསམ་མཁན་མང་དག་
ཞིག་བང་སྒྲིག་ཡོད་ན་ཡང་ཐང་། འདི་དག་ལ་བསམ་གྱིན་བསམ་གྱིན་ཅི་བྱེད་འདི་བྱེད་མི་ཤེས་ཚོད་དུ་སླེབས་ཐལ། རྩོམ་པ་པོས་གསུང་བ་ལ་བདེན་ཁ་སྟེར་མི་ཐུབ་ས་ཤིག་ཡོད་ནོ་(ངས་བསམ་ན་འདི་དག་ནི་རྒྱ་ནག་གཞུང་འཛིན་པས་བོད་ཕྲུག་རྣམས་ལ་སློབ་གསོ་སྤྲད་པ་ལས་བྱུང་བའི་མཇུག་འབྲས་ཀྱི་མ་བསམ་ས་ཞིག་ཡིན་ཡང་།) „བཟང་ལན་ལ་བཟང་མ་བྱས་ན་བཟང་བྱེད་ནི་ཇེ་ཉུང་དང་། ངན་ལན་ངན་ལ་མ་བྱས་ན་ངན་བྱེད་ནི་ཇེ་མང་„ཟེར་བ་འདི་ཡང་ང་ཚོའི་ངག་རྒྱུན་ལ་བྱང་བར་མ་ཟད་གཤིས་རྒྱུད་ལ་ཡང་འབྱར་ཡོད་ན་ཐང་། དེས་ཕྱིར་རྒྱ་ནག་གི་སྤྲད་པའི་སློབ་གསོ་ཞིག་ཡིན་རྒྱུ་མ་རེད་འདོད། („ཕར་རྒོལ་གཏན་ནས་མི་བྱེད་ཅིང་། ཚུར་རྒོལ་ཡན་པོར་མི་གཏོང་བ་„ དཔའ་བོའི་གཤིས་ཀ་ཡིན་པའི་ངོས་འཛིན་ཡོད་པ་མ་ཟད། འདི་ནི་འཇིག་རྟེན་མི་ཆོས་དང་འགལ་མེད་པའི་ལྟ་ཚུལ་ཡོད) གསུང་བ་འདི་ངེད་གཉིས་ཀྱི་བསམ་སྟངས་སྒོམ་སྟངས་གཉིས་འཛིན་ཞིག་མེད་པ་རེད་མོད། བདེན་ཁ་སྟེར་མི་ཐུབ་པ་གཞན་ཞིག་ནི་„དེ་དང་མཉམ་དུ་བོད་མི་རྣམས་ཀྱིས་རྒྱ་མིའི་འཁྲིས་ནས་རིགས་ཞེན་གྱི་ལ་རྒྱ་ལའང་སློབ་སྦྱོང་བྱས་ཡོད་པ་དང་„ཞེས་གསུང་བ་འདི་ལ་ཡང་ཅུང་ཐལ་ཆ་ཞིག་མེད་དམ་སྙམ། གང་ཡིན་ཟེར་ན འདི་ཡང་རྒྱ་མིའི་འཁྲིས་ནས་སློབ་པ་ཨེ་ཡིན་ནམ་སྙམ།
མི་ནག་ཚང་ལ་འདྲི་རྒྱུར་་་་ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་ཡིན་པར་ཇི་ལྟར་ལྟ་དགོས་པ་རེད།
སྐད་ཆ་འདི་ཅུང་ཐལ་དྲགས་མི་འདུག་གམ།
ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་རེད། ཡིན་ཡང་། རང་ལ་འཚེ་བ་ལས་གཞན་ལ་འཚེ་བའི་གོམ་པ་དེ་ད་དུང་སྤོས་མི་འདུག
ཁྱེད་ཀྱིས་གསུངས་པ་བཞིན་ང་ལའང་སེམས་ཁྲལ་དེ་འདྲ་ཞིག་གིས་མནན་བསྡད་འདུག གཅིག་བྱས་ན་ཚོར་སྣང་དང་སེམས་ཀྱི་སྟ་གོན་འདི་འདྲ་ཞིག་བོད་མི་ཚང་མར་ཡོད་སྲིད་པ་རེད། རྩོམ་ཡིག་འདི་བྲིས་པར་ཐུགས་རྗེ་ཆེ།
རྩོམ་པ་པོ་འཇིགས་མེད་ཚེ་རིང་གིས་བདེན་དོན་ལ་གཟས་པའི་སྐད་ཆ་རྣལ་མ་ཞིག་བཤད་འདུག སྤྱིར་འགྲོ་བ་མི་སུ་ཞིག་ཡིན་ནའང་། འུ་ཐུག་ཐབས་ཟད་དང་གྲོགས་མེད་ནུས་མེད་དུ་གྱུར་དུས་ལས་ཀ་ཅི་ཞིག་ཡིན་ཡང་བསྒྲུབ་བསམ་པ་རེད། གཞིས་ལུས་བོད་མིའི་སེམས་ཁོང་དུ་གནོན་མི་ཐུབ་པའི་སྡུག་བསྔལ་དང་མནར་གཅོད་ཀྱིས་ཁེངས་དུས་རང་ཉིད་ཀྱི་རྩ་ཆེ་བའི་ཚེ་སྲོག་གིས་བདེན་དབང་བྱེད་ཀྱི་ཡོད་པ་རེད།