གསལ་བཤད།
གཤམ་གསལ་འདི་ནི་ཕྱི་ཚེས་༡༣ཉིན། ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང་གིས་ཉེ་ཆར་བོད་ནས་ཉམས་ཞིབ་རྗེས་ཕྱིར་ཕེབས་མ་ཐག་པའི་བོད་རིག་པ་བ་ལྕམ་སྐུ་ཁྰ་ཐི་ཡ་བྷོ་ཧྥུ་ཐིར་ལགས་སུ་ད་ལྟའི་རྔ་བའི་ཛ་དྲག་གི་གནས་སྟངས་དང་། དེ་བཞིན་བསྟུན་མར་བྱུང་བའི་དགེ་འདུན་པའི་རང་ལུས་མེར་སྲེག་གི་ལས་འགུལ་འདི་དག་ལ་གོ་བ་ལེན་སྟངས་སམ། ཡང་ན། བོད་པ་ཚོས་བོད་དོན་འཐབ་རྩོད་ལས་འགུལ་དེ་ད་ལྟ་ཐབས་ལམ་གཞན་ཞིག་ཐོག་འགྲོ་གི་ཡོད་མེད་སོགས་ཀྱི་ཐད་བཅར་འདྲི་བྱས་པ་ཞིག་རེད། རྩོམ་མིང་བཅར་འདྲིའི་ནང་དོན་ལྟར་སྒྱུར་བ་པོས་བཏགས་པ་ཡིན།
རླུང་འཕྲིན་ཁང་། ཉེ་ཆར་བྱུང་བའི་དགེ་འདུན་པའི་རང་ལུས་མེར་སྲེག་གི་དོན་རྐྱེན་ཕལ་ཆེ་བ་རྔ་བ་ཀིརྟི་དགོན་པ་དང་འབྲེལ་བ་ཡོད་པ་རེད། འདི་གནས་ཚུལ་གྱི་སྟབས་ཀ་འགྲིག་སྟངས་སམ་སྟེས་དབང་འདྲ་རེད་དམ།
ཁྰ་ཐི་ཡ། རེད་རེད། ཕྱི་ཟླ་༩ ནས་བཟུང་། ས་གནས་དེར་མི་ལྔས་རང་ལུས་མེར་སྲེག་གི་ལས་གཞི་བརྩམས་པ་རེད། ཁོང་ཚོ་ཚང་མ་ཀིརྟི་དགོན་པའི་ལོ་གཞོན་དགེ་འདུན་པའམ། ཡང་ན་དེ་སྔ་དགོན་པ་དེར་གྲྭ་བ་བྱས་མྱོང་བ་རྐྱང་རེད། ཕྱི་ཟླ་༩ ནང་མི་གཉིས་དང་། གཞན་གསུམ་ཕྱི་ཟླ་༡༠ ནང་རེད། འོན་ཀྱང་། དེ་སྔོན་དཀར་མཛེས་ཁུལ་གྱི་དགོན་པ་ཞིག་ནང་ཡང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་མྱོང་ཡོད་པ་རེད།
རང་ལུས་མེར་སྲེག་གི་དོན་རྐྱེན་ཐེངས་དང་པོ་དེ་ད་ལོའི་ཕྱི་ཟླ་༣ ནང་ལ་རེད། སྐབས་དེའི་གནས་ཚུལ་ཐོན་གསལ་ལ། ཁོང་མ་གྲོངས་པའི་སྔོན་ལ་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་ཡོད་འདུག དེར་བརྟེན། མེར་སྲེག་དོན་རྐྱེན་གྱི་རྗེས་ཏག་ཏག་དེར་ངོ་རྒོལ་རྔམ་སྟོན་བྱུང་བ་རེད། སྲིད་གཞུང་གིས་དམག་མི་བཏང་ནས་དྲག་གནོན་དང་། དགོན་པར་དམ་དྲག་ཤུགས་ཆེན་བྱས་འདུག
ད་ལོ་ང་ཨ་མདོའི་ཁུལ་ལ་ཉམས་ཞིབ་ཏུ་འགྲོ་སྐབས། རྔ་བ་ཁུལ་དུ་སོང་མྱོང་བའི་ཡུལ་སྐོར་བ་ཞིག་དང་འཕྲད་སོང་། ཁོས་ཀིརྟི་དགོན་པའི་ཉེ་འཁོར་ནས། ཕྱེ་སྒྱེས་འཛིང་རག་བརྩིགས་པའི་ནང་མེ་མདའ་བཟུང་བའི་དམག་མིས་བཀག་འདོམ་བྱེད་བཞིན་པ་མཐོང་འདུག ངས་གོ་ཐོས་ལ་ཕལ་ཆེར་དམག་མི་སུམ་ཁྲི་ནས་བཞི་ཁྲི་ལྷག་ཡོད་ཚུལ་འདུག ཀིརྟིའི་དགོན་པའི་དགེ་འདུན་པ་འགས་ང་ལ་དགོན་པའི་གནས་སྟངས་གསུང་སྐབས། ཁོང་ཚོ་ཧ་ཅང་གི་ཞེད་སྣང་སྐྱེ་གི་འདུག་ཟེར། ཕྱི་ལོག་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཤེས་རྟོགས་བྱུང་ན་ལོ་བཅུ་ལྷག་གི་ཁྲིམས་གཅོད་གཏོང་གི་རེད་ཟེར། ཁོ་ཚོས་བཤད་རྒྱུར། ཕྱི་ཟླ་༣ ནས་བཟུང་། དགེ་འདུན་པ་ཕལ་ཆེ་བ་དགོན་པ་ནས་ཕྱིར་ཕུད་བྱས་སོང་། ཀིརྟི་དགོན་པར་དེ་སྔ་དགེ་འདུན་པ་ཉིས་སྟོང་བརྒྱད་བརྒྱ་ལྷག་ཡོད་པའི་ནང་། རང་ལོ་བཅོ་བརྒྱད་མ་ལོན་པའི་དགེ་འདུན་པ་ཚོ་ཕྱིར་རང་ཁྱིམ་དུ་ལོག་བཅུག་ཡོད་པ་རེད། རྒྱ་ནག་གི་ཁྲིམས་ལུགས་ནང་གྲྭ་བའི་ལོ་ཚོད་རང་ལོ་བཅོ་བརྒྱད་ལ་གཏན་འབེབས་བྱས་ཡོད་འདུག གཞན་དགེ་འདུན་པ་ཆིག་སྟོང་ལྷག་ས་གནས་གཞན་ནས་ཕེབས་པའི་སློབ་གཉེར་པ་རེད། ཁོ་ཚོ་ཕྱིར་རང་གི་ས་གནས་སུ་ལོག་དགོས་པའི་རེ་འདུན་བཏོན་པ་རེད། དགེ་འདུན་པ་མང་པོ་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་རེད། བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར་བ་རེད། ཁོང་ཚོས་ད་དུང་ང་ལ་གསུངས་རྒྱུར། སྲིད་གཞུང་གིས་ཕྱིར་སྐྱ་སར་འབབ་མཁན་ཚོར་རྒྱ་སྒོར་༤༠༠ སྤྲོད་རྒྱུ་དང་། དེ་ལ་ངོས་ལེན་མི་བྱེད་མཁན་རྣམས་བཙོན་འཇུག་བྱེད་རྒྱུ་ཡིན་ཟེར། སོང་ཙང་། དགེ་འདུན་པ་མང་ཤོས་ཀྱིས་ཆ་རྐྱེན་དེ་ཁས་ལེན་བྱས་པ་རེད། ཡིན་ནའང་བཞི་བཅུ་ལྔ་བཅུ་ཞིག་གིས་ངོས་ལེན་མ་བྱས་པ་རེད། ཁོ་ཚོའི་ནང་ནས་འགའ་ཤས་བཀག་ཉར་དང་། ཁ་ཤས་ཕྱིར་དགོན་པར་ལོག་བཅུག་འདུག་ཟེར།
དགེ་འདུན་པ་ཚོས། སྲིད་གཞུང་ལ་ཁོ་ཚོར་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་དགོས་པའི་རེ་འདུན་བཏོན་པ་རེད། སྲིད་གཞུང་གིས་ཕྱིར། ཁོ་ཚོར་རྒྱ་ནག་གཞུང་གིས་བོད་ལ་ཁྱེར་ཡོང་བའི་དཔལ་འབྱོར་འཕེལ་རྒྱས་དང་བདེ་སྐྱིད་ངོས་འཛིན་ཐུབ་ཀྱི་མེད་པའི་ལན་སྤྲད་པ་རེད། དེ་བཞིན་དགེ་འདུན་པ་ཚོ་གྲོང་ཁྱེར་ཡར་རྒྱས་ཀྱི་རྣམ་པ་མཐོང་ཆེད་ལྟ་སྐོར་དུ་འཁྲིད་རྒྱུའི་གྲོས་གཞི་བཏོན་པ་རེད།
ང་ཐུག་མྱོང་བའི་དགེ་འདུན་པ་འགས་ད་དུང་བཤད་རྒྱུར། དགེ་འདུན་པ་ཚོ་དགོན་པའི་ནང་དམ་དྲག་དང་བཀག་ཉར་བྱས་རྗེས། ཕྱི་ལོག་ལ་འགྲོ་དགོས་ཚེ་ཕྱི་བསྐྱོད་ལག་འཁྱེར་ལེན་དགོས། འོན་ཀྱང་ལག་འཁྱེར་དེ་རིགས་ལས་ཁུངས་གཉིས་ནས་མ་གཏོགས་རེག་ཐབས་མེད་པ་དང་། དེ་ཡང་ས་གནས་རང་གི་དགེ་འདུན་པ་ལ་མ་གཏོགས་སྤྲོད་ཀྱི་མེད་འདུག ཁོ་ཚོས་ད་དུང་བཤད་རྒྱུར། དམག་མིས་བྱ་སྤྱོད་ཧ་ཅང་གི་དྲག་པོ་དང་གདུག་རྩུབ་རེད་ཟེར། དམག་མི་ཚོ་དགོན་པའི་ནང་འཛུལ་ནས་དགེ་འདུན་པ་སྒེར་གྱི་རྒྱུ་དངོས་བཙན་འཁྱེར་བྱེད་ཀྱི་འདུག དགེ་འདུན་པ་ཚོས་དེ་སྐོར་ཞུ་གཏུག་བྱས་ནའང་སྒང་ནས་དམག་མི་དེ་དག་གི་མིང་བཤད་དགོས་ཚུལ་བཤད་དེ་བདག་སྤྲོད་བྱེད་ཀྱི་མི་འདུག སོང་ཙང་། དམག་མི་སུ་ཞིག་ལའང་ཉེས་ཆད་ཕོག་ཡོད་པ་མ་རེད་ཟེར།
གཞན། དྲག་པོས་དམ་དྲག་བྱས་པ་དེས། དགོན་པའི་ནང་ཟས་རིགས་མ་འདང་བའི་དཀའ་ངལ་ཚབས་ཆེན་བྱུང་ཡོད་འདུག
རང་ལུས་མེར་སྲེག་གི་ངོ་རྒོལ་དོན་རྐྱེན་ཕལ་ཆེ་བ་ཀིརྟི་དགོན་པ་དང་འབྲེལ་བའི་སྐོར་ལ། ང་ཚོས་ཤེས་དགོས་པ་ཞིག་ནི། ཀིརྟི་དགོན་པ་ནི་གནའ་ནས་ད་བར་དུ། བོད་ཀྱི་ནང་བསྟན་ཆོས་ལུགས་དང་། བོད་པའི་རིག་གཞུང་ལ་མཐའ་གཅིག་ཏུ་འགན་སྲུང་བྱེད་མཁན་གྱི་དགོན་སྡེ་ཞིག་རེད། ཕྱི་ལོ་ ༢༠༠༨ལོར། དགོན་པ་འདིའི་ནང་ངོ་རྒོལ་ལས་འགུལ་བྱུང་མྱོང་བ་མ་ཟད། ངོ་རྒོལ་ལས་འགུལ་དེའི་ནང་བོད་མི་འགའ་ཤས་འདས་གྲོངས་སུ་ཡང་གྱུར་ཡོད་པ་རེད།
རླུང་འཕྲིན་ཁང་། རང་ལུས་མེར་སྲེག་གི་ལས་འགུལ་དེ་དག་ལ་འགྲེལ་བཤད་གང་འདྲ་བྱེད་དགོས་པ་རེད། སྤྱིར་བཏང་བོད་པ་ནི་ཞི་བདེའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དོན་རྐྱེན་འདིས་བོད་པ་ཚོས་འཐབ་རྩོད་ལས་འགུལ་དེ་ཐབས་ལམ་གཞན་ཞིག་ནས་མགོ་འཛུགས་བཞིན་པ་མཚོན་གྱི་ཡོད་དམ།
ཁྰ་ཐི་ཡ། གང་ལྟར། ཀིརྟི་དགོན་པའི་ནང་། དགེ་འདུན་པ་ཚོ་རྦད་དེ་རེ་ཐག་ཆད་པ་རེད། གནས་སྟངས་མུ་མཐུད་ནས་སྡུག་ནས་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། གནས་སྟངས་འདི་རིགས་ལ་སྲིད་གཞུང་གི་ཐབས་ལམ་ཉག་ཅིག་ནི་དྲག་གནོན་རེད། ད་ལོ་ཕྱི་ཟླ་༣ ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་རྗེས། འདས་གྲོངས་སུ་འགྲོ་མཁན་ཁོང་གི་ཨ་ཁུ་ལ་ལོ་༡༡ གི་ཁྲིམས་ཐག་བཅད་པ་རེད། མེར་སྲེག་མཁན་གྱི་སྐུ་ཕུང་སྦས་ནས་དུས་ཐོག་སྨན་བཅོས་ལ་འགོག་རྐྱེན་བཟོས་པའི་ཉེས་མིང་བཙུགས་པ་རེད། སྲིད་གཞུང་གི་བྱེད་སྟངས་འདི་རིགས་ཀྱིས་གནས་སྟངས་ཛ་དྲག་དང་སྡུག་ཕྱོགས་སུ་སྐྱེལ་བཞིན་ཡོད་པ་རེད། ངས་གོ་གསལ་ལ། ས་གནས་དེར་སྦྱར་ཡིག་བཀྲམས་པའི་ནང་། གལ་སྲིད་མུ་མཐུད་ནས་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་མེད་ཚེ། ད་དུང་དགེ་འདུན་པ་གང་མང་ཞིག་གིས་རང་སྲོག་གཏོང་འཆར་ཡོད་ཚུལ་བཀོད་ཡོད་འདུག
བདེན་པ་རེད། སྲོལ་རྒྱུན་གྱི་ངོས་ནས་བཤད་ན། བོད་པ་ཚོར་རང་ལུས་མེར་སྲེག་གི་ལུགས་སྲོལ་ཡོད་པ་མ་རེད། མ་ཟད། ནང་པའི་ཆོས་ལུགས་ཀྱི་ངོས་ནས་ཀྱང་རང་སྲོག་གཅོད་རྒྱུར་གནང་བ་ཡོད་མ་རེད། གསོན་པོ་ཚོའི་ཕན་བདེའི་ཆེད་བྱ་བཞག་སྒྲུབ་རྒྱུ་དེ་ནང་བའི་ཚད་མཐོ་བའི་རེ་སྙེག་ཅིག་རེད། ཕྱི་ལོ་ ༡༩༩༨ ལོར། བཙན་བྱོལ་བོད་མི་ཞིག་གིས་རང་ལུས་མེར་སྲེག་གནང་སྐབས། ཏྰ་ལའི་བླ་མས་ཞལ་གསལ་བོའི་ཐོག་ནས་བྱ་སྤྱོད་འདི་རིགས་ལ་ཁོང་གིས་ངོ་རྒོལ་གནང་གི་ཡོད་ཚུལ་གསུངས་ཡོད་པ་རེད། འོན་ཀྱང་། བོད་མི་འགས་ཁོང་གི་དགོངས་ཚུལ་ལ་ཉན་འཇོག་བྱས་ཡོད་པ་མ་རེད། ངས་བོད་ནང་ནས་གང་མཐོང་བ་དང་གང་ཐོས་པ་ནི། ཀིརྟི་དགོན་པའི་དགེ་འདུན་པ་ཚོ་རྦད་དེ་རེ་ཐག་ཆད་ཚར་ཡོད་པ་དེ་ཡིན།
རླུང་འཕྲིན་ཁང་། དེས་ན། ས་གནས་རང་གི་བོད་པ་ཚོས་ལས་འགུལ་འདི་ལ་ལྟ་སྟངས་གང་འདྲ་འདུག
ཁྰ་ཐི་ཡ། ང་རྔ་བའི་ས་ཆར་འགྲོ་མྱོང་མེད། སོང་ཙང་། རྔ་བ་རང་གི་མི་དང་ཐུག་ནས་ཁ་བརྡ་བྱས་མྱོང་མེད། ཡིན་ནའང། ཐུག་ནས་ཁ་བརྡ་བྱས་མྱོང་བའི་ས་གནས་གཞན་གྱི་བོད་མི་སུ་ཞིག་ཡིན་ཡང། ཚང་མར་ཧ་ཅང་གི་བརྡབ་གསིག་ཐེབས་འདུག ཧ་ཅང་གི་སེམས་ལ་རྨ་ཁ་བཟོས་འདུག མི་སུ་ཞིག་གིས་ཀྱང་རང་ལུས་མེར་སྲེག་གི་ལས་འགུལ་འདི་མ་འགྲིག་པ་བཤད་པ་ངས་གོ་མ་སོང་། ངས་གང་གོ་ཐོས་བྱུང་བ་ནི། ཚང་མས་གསོན་རེ་ཆད་པའི་མི་ཞིག་གི་བྱེད་སྟངས་ལ་དེ་འདྲིའི་སེམས་འགུལ་དང་སེམས་སྡུག་མྱོང་བཞིན་པ་རྐྱང་རེད།
ཨ་རབ་དཔྱིད་ཀའི་ལས་འགུལ་གྱིས་བོད་པ་ཚོར་ཤུགས་རྐྱེན་ཐེབས་པའམ། ཡང་ན། ཉེ་ཆར་པེ་ཅིན་སྲིད་གཞུང་དང་ཏྰ་ལའི་བླ་མའི་བར་ཡོང་བཞིན་པའི་ཁོང་གི་ཡང་སྲིད་རྩོད་རྙོག་གི་གནད་དོན་གྱིས་ཡིན་ནམ། དེ་ངས་གསལ་བོ་མི་ཤེས། གང་ལྟར། བོད་མིའི་གནད་དོན། མ་མཐར་ཡང་རྔ་བ་ཁུལ་གྱི་དགེ་འདུན་པ་ཚོར་མཚོན་ནས་བཤད་ན། ཕལ་ཆེར་འཕེལ་རིམ་གསར་བ་ཞིག་ནང་འཛུལ་ཚར་ཡོད་པ་རེད།
ཟླ་བ་ཚེ་རིང་གིས་བསྒྱུར། འགྱུར་ཡིག་ལ་དོགས་པ་ཡོད་ན་http://www.chinese.rfi.fr/ གཟིགས་རོགས།
གཙོ་བོ་དྲ་ཚིགས་སྣ་བརྒྱུད་བོད་ཨ་མདོ་རྔ་བའི་སྐོར་ལ་བསམ་ཞིབ་མང་སེ་ཞིག་བྱས་པ་ཡིན་པ་མ་ཟད། ད་རུང་སློབ་གྲོགས་དྲ་རོགས་རྣམ་པ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་གང་མང་བྱས་པ་ཡིན་མོད། བཙན་བྱོལ་ནང་གི་མི་ཁག་ཅིག་གིས་ཆེད་དུ། རྒྱ་གཞུང་གི་དགོས་དོན་འགྲུབ་ཀྱིན་འདུག དཔེར་ན། བོད་ནང་གི་མེར་བསྲེགས་ཆོད་སེམས་དེ་བོད་མི་རིགས་ཀྱི་དོན་དག་མིན་པར་དགེ་ལུགས་པའི་ཆོས་རྒྱུད་ཀྱི་དོན་དག་འདྲ་བོ་ཡིན་པ་ཁ་བརྡ་དྲ་ངོས་སུ་མང་དག་ཅིག་འདུག
ཡང་ཁ་ཤས་ཀྱིས། མ་བྱས་མ་བརྟག་པའི་སྒོ་ནས་འུར་འགྲོགས་བྱས་ནས། ད་ལོའི་བོད་ནང་གི་དོན་རྐྱེན་དེ་༸རྒྱལ་བ་རིན་པོ་ཆེ་སྐུ་དབང་ཤོར་བས་ཡིན་ཚུལ་བརྒྱུད་བསྒྲགས་བྱེད་མཁན་འདུག
ཁག་ཅིག་གིས ཕྲག་དོག་དང་མ་དགའ་བ་རྒྱུ་མཚན་དུ་བྱས་ནས། ད་ལོའི་དོན་རྐྱེན་གྱི་མགོ་བོ་གསུབ་ཐབས་ལ་འབད་མཁན་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་རེད། མ་ཟད་ལས་འགུལ་གང་ཞིག་སྤེལ་ཡང་མཉམ་ཞུགས་སོགས་ཀྱི་རྣམ་འགྱུར་སྣ་གཅིག་ཀྱང་མི་སྟོན་མཁན་འདུག
རེ་འགས་སྙིང་རྗེ་ཟེར་བ་ཙམ་ལས་བོད་རྒྱའི་དཀའ་རྙོག་འདི་སེལ་ཐབས་ལ་འབད་བསྒྲུབ་རྩ་བ་མི་བྱེད་མཁན་ཆེས་ཤིན་ཏུ་མང་པོ་ཞིག་འདུག
དངོས་གནས་སྙིང་ན་བ་ཞིག་ལ་ད་ལོའི་བོད་ནང་གི་དོན་རྐྱེན་ནི། ཡུལ་ལུང་བྱེ་བྲག་པ་ཞིག་གིས་དོན་དག་ཡིན་པ་ལས་བོད་སྤྱི་བའི་དོན་དག་མི་ཚུལ་གླེང་མཁན་མི་ཉུང་བ་ཞིག་བྱུང་སོང་
ད་ཡིན་ན འདི་འདྲས་ཁུངས་སྐྱེལ་བཙན་པོ་ཞིག་བྱས་ཡོད་དུས། ཁག་ཅིག་གི་དོགས་པ་སེལ་ན་ཆོག་གི ཡང་རེ་ཤས་ཀྱིས་བསྐྱར་ཞིབ་བྱས་ན་འགྲིགས་ཀི ཡིན་རུང་། ཕྲག་དོག་ཅན་གྱིས་ནམ་ཞིག་ཡིན་རུང་མིག་གཉིས་ཡོད་རུང་། བལྟ་དུས་མིག་གཅིག་གི་མ་གཏོགས་མི་བལྟ་བས་ན། དེ་ཚོའི་རིགས་ཀྱིས་ནམ་ནམ་ཞར་ཞར་དུ་དངོས་ཡོད་ཅིག་མཐོང་གི་མ་རེད།
དམག་དཔུང་གིས་བསྐོར་ནས་དྲག་གནོན་བྱས་མེད་ཚེ། རྔ་བའི་ཞི་རྒོལ་འདིའི་རྔ་སྒྲས་བོད་གངས་ཅན་གྱི་རི་ལུང་ཡོད་ཚད་བསྒུལ་ངེས་ལ་དེའི་མཚུངས་གངས་ཅན་པ་རྣམས་ཀྱང་རྔ་དང་བསྟུན་པའི་བྲོ་ཁྱད་པར་བ་ཞིག་འཁྲབ་ཡོད་པ་ཐག་ཆོད་ཡིན། དེ་ནི་༢༠༠༨ལོའི་དཔེ་མཚོན་དེས་གསལ་བོར་རྟོགས་ནུས།
གཅིག་རྗེས་གཉིས་མཐུད་བྱས་ནས་རང་ལུས་རིན་ཆེན་མེ་ལ་སྒྲོན་པ་འདི་དཀའ་སྡུག་ཞིག་གིས་མནར་བ་མ་ཡིན་ནམ། གཅེས་བུའི་ཚེ་སྲོག་མེ་ལ་སྒྲོན་པ་འདི་རྒྱ་ནག་དམར་གཞུང་གི་དྲག་པོས་དབང་འོག་ཏུ་བཙུར་ནས་འདུག་མི་བཟོད་པ་བྱས་པ་གསལ་བོ་རེད། འཛམ་གླིང་མིང་མང་ལ་མིག་ཡོད་ན་བོད་མིའི་སྡུག་བསྔལ་མཐོང་ངེས་རེད། འཛམ་གླིང་མཉམ་འབྲེལ་རྒྱ་ཚོགས་འདི་ཉམས་ཆུང་གི་མགོན་སྐྱབས་ཡིན་ན་མཐོང་རན་རེད།