རང་ལུས་མར་མེར་ཕུལ་བ་ལ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་བརྗོད་མཛད་པ།
ཁང་གསར་རྡོ་རྗེ།
༅༅།། ཉིན་ཁ་ཤས་ཀྱི་སྔོན་དུ། ང་རང་ཉི་ཧོང་གི་དགེ་འདུན་པ་འགའ་ཞིག་དང་འཕྲད་ཅིང་། ཁོང་ཚོ་ཚང་མས། ཉེ་ལམ་བོད་ནང་དུ་བོད་ཀྱི་གྲྭ་པ་དང་བཙུན་མས་རང་གི་བླ་མ་དང་། རང་གི་ཆོས་ལུགས། རང་གི་མི་རིགས་ཀྱི་ཆེད་དུ་རང་ལུས་མར་མེར་ཕུལ་བ་ནི། ང་ཚོ་ནང་པ་ཡོངས་ཀྱིས་བསྔགས་བརྗོད་དང་གུས་ཞབས་འོས་པ་ཞིག་རེད་ཅེས་གསུངས། བཀའ་མོལ་དེ་ཁོང་ཅག་གིས་ཚུར་གསུངས་པ་དེས། ང་རང་དགའ་བོ་བྱུང་། ངས་ཉེ་ཆར་རྒྱ་ནག་གཞུང་གིས། བོད་ནང་གི་དགེ་འདུན་པའི་རང་ལུས་མེར་བསྲེགས་ཀྱི་བྱེད་སྟངས་དེ། ནང་ཆོས་དང་འགལ་བ་ཡིན་ཚུལ་བཤད་འདུག་པས། དེ་ལ་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པ་ཡིན།
ཁོང་རྣམ་པས། དེ་ནི་ཡོངས་སུ་འཁྱོག་བཤད་བྱས་པ་ཞིག་རེད། རང་ལུས་མར་མེའི་ཚུལ་དུ་ཕུལ་བ་ལ་སངས་རྒྱས་ངོ་མས་བསྔགས་བརྗོད་གནང་ཡོད་ཅེས་གསུངས་བྱུང་། གཏམ་དེ་གོ་བ་དང་ང་རང་ཡ་མཚན་ནས། སངས་རྒྱས་ངོ་མས་བསྔགས་བརྗོད་ཇི་ལྟར་གནང་བ་རེད། ཅེས་དྲིས་པ་ཡིན། ཁོང་རྣམ་པས། ཉི་ཧོང་གི་སྐད་དུ་བཞུགས་པའི་ཕྱག་དཔེ་ཞིག་ང་ལ་བསྟན་ཏེ། དེའི་ནང་སངས་རྒྱས་ཀྱིས་རང་ལུས་མར་མེར་ཕུལ་བ་ལ་བསྔགས་པ་མཛད་ཡོད་གསུངས་བྱུང་། ངས་ཕྱག་དཔེ་དེ་འདྲ་ཞིག་བླུ་ཡོན་ཞུས་ཏེ། ཉི་ཧོང་གི་སྐད་དང་དབྱིན་སྐད་གཉིས་ཀར་མཁས་པའི་གྲོགས་པོ་ཁ་ཤས་ལ་འབྲེལ་བ་བྱས་པ་ཡིན། ཐ་མ་ཉི་ཧོང་སྐད་ཀྱི་ཕྱག་དཔེ་དེ་ནི་དབྱིན་སྐད་དུ་བསྒྱུར་ཟིན་ཅིང་། དབྱིན་སྐད་ཀྱི་མིང་དུ་ (Lotus Sutra)༼ པདྨའི་མདོ ༽ཟེར་བ་ཤེས། མདོ་འདི་རྒྱ་ལུགས་ནང་ཆོས་ནང་གྲགས་ཧ་ཅང་ཆེན་པོ་རེད་འདུག
དེ་རྗེས་ངས་བོད་པའི་དགེ་བཤེས་ཁ་ཤས་དང་འབྲེལ་བ་བྱས་ཏེ་རྩད་གཅོད་བྱས་པ་བརྒྱུད། དབྱིན་སྐད་ཀྱི་པདྨའི་མདོ་ཟེར་བ་དེ་ནི། དོན་དུ་བོད་སྐད་ཀྱི་བཀའ་འགྱུར་ནང་བཞུགས་པའི་<<དམ་པའི་ཆོས་པད་མ་དཀར་པོ་>> ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་དེ་ཡིན་པ་ཤེས་རྟོགས་བྱུང་། རྒྱ་སྐད་ནང་བཞུགས་པའི་མདོ་དེ་དང་བོད་སྐད་ནང་བཞུགས་པའི་མདོ་དེའི་དབར་ལེའུ་མང་ཉུང་ལ་ཁྱད་པར་འདུག་ཀྱང་། རང་ལུས་མར་མེའི་ཚུལ་དུ་ཕུལ་བ་ལ་སངས་རྒྱས་ཀྱིས་བསྔགས་པ་མཛད་པའི་དུམ་བུ་དེ་གཉིས་ཀར་གསལ་འདུག
དེ་ཡང་བཀའ་འགྱུར། སྡེ་དགེ་པར་མའི་ནང་འཁོད་པའི། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོདྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་སྣ་ནམ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་མདོ་<<དམ་ཆོས་པད་དཀར་>>གྱི་ལེའུ་ཉི་ཤུ་རྩ་གཉིས་པ་<སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་པ>ཞེས་པའི་ནང་། “དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་༌༌རང་གི་ལུས་ལྷའི་རས་ཀྱིས་ཀུན་ཏུ་དཀྲིས་ནས་འབྲུ་མར་གྱིས་ཞེན་པར་བྱས་ཏེ་༌༌དེ་བཞིན་གཤེགས་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོད་པའི་ལས་ཀྱི་ཕྱིར་བདག་གི་ལུས་ལ་མེ་འབར་པར་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་ཀྱི་མར་མེ་འབར་བ་དེའི་འོད་ཀྱིས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བརྩོན་འགྲུས་རྩོམ་པ་ཡང་དག་པའོ།། འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་ཆོས་ལ་མཆོད་པ་ཡང་དག་པ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱིས་མཆོད་པ་དང་། ཟང་ཟིང་གིས་མཆོད་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོས་མཆོད་པ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་སྦྱིན་པ་འདི་ནི་མཆོག་སྟེ། རྒྱལ་སྲིད་ཡོངས་སུ་གཏོང་པའི་སྦྱིན་པ་ནི་དེ་ལྟ་མ་ཡིན་ནོ།། བུ་དང་ཆུང་མ་ཕངས་པ་ཡོངས་སུ་གཏོང་བའི་སྦྱིན་པ་ཡང་དེ་ལྟ་མ་ཡིན་ནོ།། རིགས་ཀྱི་བུ་གང་བདག་གི་ལུས་གཏོང་བའི་ཆོས་ཀྱི་མཆོད་པ་འདི་ནི་མཆོད་པ་ཁྱད་པར་ཅན་ནོ། །དམ་པའོ། །མཆོག་གོ། །ཕུལ་ལོ། །གྱ་ནོམ་པའོ། །༌༌༌སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཚིག་དེ་སྐད་ཅེས་གསུངས་ནས་དེ་ནས་ཅང་མི་གསུར་པར་གྱུར་ཏོ།།” ཞེས་གསུངས་འདུག
གོང་གསལ་བོད་དང་རྒྱ་ནག ཉི་ཧོང་སོགས་སུ་དར་ཆེ་བའི་མདོ་ཚིག་གི་ནང་། སངས་རྒྱས་དང་ཆོས་ལ་མཆོད་པ་འབུལ་ཕྱིར་རང་ལུས་མར་མེའི་ཚུལ་དུ་ཕུལ་བ་དེ། བརྩོན་འགྲུས་རྩོམ་པ་ཡང་དག་པ་དང་། མཆོད་པ་ཡང་དག་པ། སྦྱིན་པའི་མཆོག་ཡིན་པར་སངས་རྒྱས་ཀུན་གྱིས་བསྔགས་པ་བརྗོད་ཡོད་ན། རང་རེའི་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པའི་བདག་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ། བསྟན་པ་འཛིན་སྤེལ་གནང་མཁན་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་ལུས་མར་མེའི་ཚུལ་དུ་ཕུལ་བ་ནི། དེ་བས་ཀྱང་བསྔགས་བརྗོད་དང་ཡི་རང་གི་གནས་ཡིན་པ་ཧ་ཅང་གསལ་པོ་ཡིན།
གོང་གསལ་གྱི་མདོ་འདི་དབྱིན་སྐད་དང་རྒྱ་ནག་པའི་སྐད་དུ་གཟིགས་ན། གཤམ་གསལ་དྲྭ་ཐག་གཉིས་ནས་གཟིགས་ཐུབ། དབྱིན་སྐད་དང་རྒྱ་སྐད་ཀྱི་ལེའུ་ཉེར་གསུམ་པའི་ནང་གོང་གསལ་གྱི་བསྔགས་བརྗོད་དེ་གསལ་འདུག
དབྱིན་སྐད། http://www.buddhistdoor.com/oldweb/resources/sutras/lotus/sources/contents.htm
རྒྱ་ནག་གི་སྐད། http://book.bfnn.org/books/0875.htm
ཁང་གསར་གྱི་དཔྱད་གཏམ་མང་དག་གཅིག་སྔར་ནས་བཀླགས་མྱོང་ལ། ད་རེས་ཀྱང་ངོས་ནས་བཀླགས་པ་ཡིན། དཔྱད་པ་ཡག་པོ་བྱེད་འདུག རང་སྲོག་བློས་གཏོང་གི་ལས་འགུལ་འདི་ལ་བཀའ་ཁྲི་ཟམ་གདོང་བླ་མས་སྔར་ལས་འགུལ་འདི་དྲག་པོའི་ལས་འགུལ་ཞིག་ཡིན་རབས་གསུངས་མྱོང་པ་དྲན་སོས་ཀྱི། ལས་འགུལ་འདི་ལ་ཐུབ་བསྟན་ལུང་རིགས་ཀྱིས་ཀྱང་དགག་པ་བསྐྱོན་པ་དྲན་ཀྱི། ཁོ་བོས་བལྟས་ན་ལས་འགུལ་འདི་དྲག་པོའི་ལས་འགུལ་ཞིག་གང་ཡང་མཐོང་གིན་མིན་འདུག དེང་སང་རྒྱལ་སྤྱིའི་ནང་དུ་དྲག་པོའི་འགུལ་ཟེར་སྐབས་གཞན་ལ་གནོད་པའི་ཆ་ནས་བརྩིས་པ་ཞིག་ལས་རང་ལ་གནོད་པའི་ལས་ལ་དྲག་པོའི་ལས་ཟེར་བ་ཞིག་ད་ལྟ་བར་དུ་གོ་མྱོང་མེད། མ་གཞི་ནང་ཆོས་ཀྱི་ནང་དུ་དེ་འདྲ་ཡོད་ཤས་ཆེ། ནང་ཆོས་ཀྱི་ནང་དོན་དེ་གོ་བ་ཡག་པོ་ལེན་མ་ཐུབ་ཚེ་འགྲེལ་བཤད་ལོག་པ་ཞིག་ཏུ་འགྲོ་ཉེན་ཆེ།
གྲྭ་པ་དང་གྲྭ་ལོགས་བཙུན་མ་གང་རུང་ལ་མ་གཏོགས་རང་ལུས་མེར་མཆོད་འབུལ་བའི་སྙིང་སྟོབས་མེད་པ་གང་ཡིན་ནམ།
ཁང་གསར་རྒད་པོ་འདི། གློ་བུར་དུ་གཉིད་སད་སྟངས་ལ་བལྟས་ན། ཉམས་མྱོང་ཞིག་ཐོབ་ཡོད་པ་འདྲ། སྔོན་མ་ཡིན་ན། ཁྱོད་རང་ཡིན་རུང་ནང་འཛང་ལ་ཕྱོགས་མཁན་ཞིག་ཡིན་མོད། དེང་སང་ཁྱོད་ཉིད་འགྱུར་སྟངས་ལ་བསམས་ཡོང་ན། བཙན་བྱོལ་བའི་ནང་གི་ཆབ་སྲིད་པ་ཡག་པོའི་གྲས་ཡིན་པར་མངོན་འདུག
གང་ལྟར། ཁྱོད་ཀྱི་མཇུག་གི་བསླབ་བྱ་དེ་དང་ལེན་བྱེད་ན་འདོད་བྱུང་། ངས་ཀྱང་ད་ནས་བཟུང་ནས། ཁྱོའི་ཁ་དང་ངའི་སྣ་ཟེར་བའི་བསམ་ཚུལ་སྤུངས་ཕྱོགས་དེ་སྤངས་པར་བྱ་རྒྱུ་ཡིན་ནོ།
དྲ་གྲོགས་འཇིག་བསྟན་ལ།
སྤྱིར་ན། བཙན་བྱོལ་བའི་དྲ་བའི་རིག་གནས་དེ་ཡར་རྒྱས་དང་འཐུས་ཚང་དུ་འགྲོ་དགོས་ན། དྲ་བའི་རིག་གནས་ཤིག་གསར་གཏོད་བྱོས་དང་། དེ་ནས་ལམ་ཞིག་ཡོད་པར་གྱུར་བས་ན། དེ་ནས་བཟུང་ཁྱོད་ཀྱི་ཨུ་ཐུག་ཐབས་ཟད་ཀྱི་ཨག་སྐད་ཅིག་ཤོར་དགོས་དོན་ཡོད་མ་རེད།
རྒྱ་གཞུང་དང་དེའི་སྲིད་བྱུས་ལ་ཉམས་ཞིབ་བྱེད་མཁན་དང་མ་ཟད། ལག་ལེན་གྱི་གསལ་སྟོན་བྱེད་ཐུབ་མཁན་ཞིག་ཡོད་ན་དགའ་བསུ་ཞུ། ཡིན་རུང་། ཁྱོད་ཀྱིས་བཤད་པ་ལྟར་རྒྱ་གཞུང་གི་སྤྱོད་སྟངས་ཀྱི་རྗེས་སུ་ཟིན་མཁན་ཞིག་བོད་མི་ཞིག་ཡོད་དམ། མེད་ན། ཁྱོད་ཀྱིས་མཚུངས་བསྡུར་བྱེད་སའི་གཞི་ཞིག་མེད་པའི་ཕྱིར་རོ།། ཡོད་ན། དཔེར་མཚོན་གསོན་པོའི་སྒོ་ནས་ཅིག་ཞོགས་དང་དཔྱད་བསྡུར་བྱས་ན་འགྲིགས་ཀི་རེད།
༥༽ མཇུག་ཏུ་གལ་ཆེ་བ་ཞིག་ནི། རང་ཅག་སྨྱུ་གུ་འཛིན་པ་ཚོས། སྨྱུག་ཁ་དེ་བོད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་དང་གཏོང་བཞིན་པ་ཚོའི་དམིགས་ཡུལ་དང་མཐུན་པར་བེད་སྤྱོད་གནང་དགོས་པ་ལས། བྲིས་ཚད་ནང་འཛིང་དང་བཤད་ཚད་ཁྲོན་པའི་སྦལ་བའི་གཏམ་དུ་སོང་ན། བྲིས་པ་ལས་མ་བྲིས་པ་ལེགས་ཤིང་། བཤད་པ་ལས་མ་བཤད་ན་ཕན་ཆེ་བ་ཡིན། ད་ལྟ་རང་ཅག་གིས་གང་དང་ཅི་བྲིས་པར་ཕ་རོལ་བོས་བལྟ་བཞིན་ཡོད་པས། ཁྲོམ་གཞུང་དུ་ཤོར་ནས་མཛུབ་མོ་ཞིག་བསྲེགས་མ་ཐུབ་རུང་། ནང་ལ་བསྡད་དེ་འཐབ་རྩོད་ལ་ཕན་པའི་མཆན་རེ་འབྲི་ཐུབ་ན། གཞིས་བྱེས་གཉིས་ཀྱི་ལག་གདང་གཅིག་ཏུ་བསྒྲིལ་འདུག་ཅེས་ཅུང་ཟད་བསམས་དགོས་པའི་རྐྱེན་འདྲ་ཆགས་སྲིད་པ་ཡིན། དེ་མིན། རང་རེ་བོད་གཞིས་བྱེས་གཉིས་དང་། ལྷག་པར་བོད་ནང་གི་མི་མང་གིས་དམར་པོའི་སྲོག་བཏང་སྟེ་བསྐྲུན་པའི་ཟིལ་ཤུགས་ཏེ། བཙན་བྱོལ་ནང་གི་ཁ་ནག་ཁ་ཤས་ཀྱིས་གང་བྱུང་ཅི་བྱུང་བྲིས་ཏེ་ནག་སུབ་ཏུ་སོང་ན། ཤིན་ཏུ་ནས་འགྱོད་དགོས་པའི་གནས་ལགས། ད་བསླབ་བྱ་འདྲ་བོ་ཞིག་ཐལ་སོང་། དགོངས་དག
༤༽ འཚེ་བ་ཡིན་མིན་དེ་ཡང་། ཆོས་ཕྱོགས་ཀྱི་བཤད་སྟངས་དང་སྤྱིར་ཡོངས་གྲགས་ཀྱི་བཤད་སྟངས་གཉིས་མཉམ་བསྲེ་བྱེད་མི་རུང་། ད་ལྟ་ང་ཚོས་འཚེ་མེད་ཞི་བ་ཞེས་བཤད་བསྡད་པ་དེ་འཛམ་གླིང་ནང་།Nonviolence དུ་འབོད་པ་དེ་རེད། Nonviolence ལ་ དྲག་པོ་མིན་པའི་གོ་དོན་ཡོད་པ་ལས། རང་ལ་འཚེ་དང་གཞན་ལ་འཚེའི་སྐད་ཅ་ཡོད་མ་རེད། འདི་ངས་སྔོན་དུ་བཤད་ཟིན། Nonviolence ཞེས་པ་དེ་བོད་སྐད་དུ་འཚེ་མེད་ཞི་བར་བསྒྱུར་བ་ནི། སྐབས་རེ་གོ་དོན་ཟབ་ཏུ་བཏང་བ་ལྟ་བུ། སྐབས་རེ་ནོར་ནས་བསྒྱུར་བ་ལྟ་བུ་ཞིག་རེད། Nonviolence ལ་བརྟེན་ནས་གཞན་ལ་འཚེ་བའི་སྐབས་ཡོད་པ་དེ་ཤེས་དགོས། མདོར་ན། Nonviolence ཡིན་མིན་གྱི་སྐད་ཆ་དེ་ཞི་བ་ཡིན་མིན་གྱི་སྐད་ཆ་རེད་མ་གཏོགས། དེས་གཞན་ལ་གནོད་མ་གནོད་ཀྱི་སྐད་ཆ་མ་རེད། འདི་མགོ་ཚོས་དགོས་པ་དེ་གནད་འགག་ཅིག་རེད་དྲན།
༣༽ ཀརྨ་རྡོ་རྗེས་༼བྱུང་ན་རང་ལ་ཡང་འཚེ་མེད་པའི་ཐབས་ཅིག་ཡོད་ན་དེ་ཉིད་བཟང་བ་རེད་ལགས།༽ཞེས་གསུངས་པ་དེ་གནད་འགག་རེད། སྤྱི་ཡོངས་ནས་བསམས་ན། རང་ལུས་མེར་བསྲེགས་འདི་བློས་གཏོང་ཆེ་ཡང་། བློས་གཏོང་དེ་ལ་གཞིགས་པའི་ཕན་འབྲས་ཐོན་དཀའ་ཙམ་རེད། དེ་ནི་གཅིག་ནས་འཛམ་གླིང་གི་དོ་སྣང་དེ་ད་ལྟ་ང་ཚོའི་ཕྱོགས་སུ་མེད་པ་དང་། གཉིས་ནས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་ལ། བོད་ནང་གི་གནད་དོན་དེ་རྒྱལ་སྤྱིའི་ནང་སྐྱེལ་ཐུབ་པའི་ནུས་པ་མི་འདུག རྒྱ་ནག་གིས་བོད་ནང་རང་ལུས་མེར་བསྲེགས་གཏོང་བ་དེ་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངན་སྐུལ་བྱས་པར་སྙོན་འཛུགས་བྱེད་བཞིན་ཡོད་ཀྱང་། མེར་བསྲེགས་ཀྱི་གནས་ཚུལ་ཚང་མ་ད་ཕན་བོད་ཀྱི་ལུང་ཁུག་ཏུ་བྱུང་བ་དེ་ཀས་གནས་ཚུལ་དེ་ས་གནས་རང་ནས་བྱུང་བ་གསལ་བོ་སྟོན་གྱི་ཡོད། གཞན་གྱིས་བྱུས་བཀོད་བྱས་པ་ཡིན་ཚེ། ས་གནས་པེ་ཅིང་ལྟ་བུ་དང་། དུས་ཚོད་ཀྱང་གནད་འགག་ཡོད་པ་ཞིག་བདམས་ངེས་རེད། ངས་ག་རེ་བཤད་ཀི་ཡོད་ཟེར་ན། ཀརྨ་རྡོ་རྗེས་བཤད་པ་ལྟར་སྤྱིར་བཏང་རང་སྲོག་དོར་མ་དགོས་པའི་ལམ་ཞིག་འདེམས་ཐུབ་ན་ཡག་ཤོས་རེད།
ཡིན་ནའང་། ངས་བོད་ནང་གི་དཔའ་བོས་རང་ལུས་མེ་རུ་བསྒྲོན་པའི་འདྲ་པར་དེ་ཚོ་མདུན་ཅོག་སྒང་ལ་བཤམས་ཏེ། དེ་ཚོ་དམར་ལམ་ལམ་དུ་འཚིག་བཞིན་པ་དང་། འཚིག་བཞིན་པའི་སྡུག་བསྔལ་དྲག་པོ་དེ་བསྲན་ནས་བོད་རང་དབང་རང་བཙན་དང་། ༸གོང་ས་མཆོག་བོད་དུ་ཕེབས་དགོས་པའི་འབོད་ཚིག་སྒྲོག་པ་དེ་ཚོ་བློ་ལ་ཤར་བའི་སྒོ་ནས་བསམ་གཞིགས་བྱས་ན། ངའི་ཁ་ནས་སྐད་ཆ་ཐོན་གྱི་མི་འདུག ངས་ག་རེ་བཤད་དགོས་རེད། ང་ཚོས་ག་རེ་བཤད་པ་ཚང་མ་སོ་སོའི་བསམ་ཚུལ་དང་ངོས་འཛིན་བསྲེས་པའི་འགྲེལ་བརྗོད་རེད། ཁོང་ཚོས་ག་རེ་བསམ་པ་དང་ག་རེ་དྲན་པ་དེ། རང་ལུས་མེ་རུ་བསྲེགས་ནས་གསལ་པོ་བཟོས་པ་རེད། དེ་ལ་ནོར་འདུག དུས་ཚོད་རན་མི་འདུག ས་གནས་འོས་འཚམས་མ་རེད་ཅེས་བཤད་པ་ནི། ཤོད་མཁན་རང་ཉིད་ཨུ་མ་ཐུག་པར་བརྟེན། ཨུ་ཐུག་ཐབས་ཟད་ཀྱི་མིའི་གནས་སྟངས་བསམ་ཤེས་མ་ཐུབ་པའི་རྟགས་རེད།
ད་ཁྱེད་རང་ཚོས་འདྲ་མ་འདྲ་ཞིག་བྲིས་བཞག་པ་དེ་ལ། ངས་ལན་ཁྲ་ཁྲ་ཞིག་ལས་འདེབས་ཤེས་ས་མ་རེད།
༡༽ ངས་འདི་ན་འཚེ་བ་ཡིན་དང་མིན་གྱི་སྐད་ཆ་དེ་གླེང་མེད། ལུང་རིགས་རྒྱལ་སོགས་ཀྱིས་གླེང་སློང་གནང་བ་རེད། དེ་ལའང་བསམ་ཚུལ་ཞིག་ཞུས་ཡོད། བསམ་ཚུལ་དེ་ཞིབ་འདང་བརྒྱབ་ནས་བཤད་པ་ཞིག་མིན་ཞེས་ཞུས་ཡོད།
༢༽ ད་ཕན་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚང་མ་གྲྭ་བཙུན་བྱེད་མྱོང་བ་ཤ་སྟག་རེད། རྒྱབ་ལྗོངས་དེའི་ཆ་ནས་ཆོས་དང་མཐུན་མིན་གྱི་གནད་དོན་དེ་རང་བཞིན་གྱིས་གླེང་ཡོང་གི་ཡོད་རེད། ཆོས་དང་མཐུན་མི་མཐུན་དེ། རིག་པའི་ལམ་ནས་བརྡར་ཤ་གཅོད་རྒྱུ་ཞིག་དང་། ལུང་གི་ཐོག་ནས་བསྒྲུབ་དགོས་པ་བཅས་རྣམ་པ་གཉིས་ཡོང་གི་རེད། འདིར་ངས་དྲངས་པ་དེ། ད་ཕན་བོད་པའི་སྤྱི་ཚོགས་ནང་སུས་ཀྱང་མ་དྲངས་པའི་ལུང་ཞིག་རེད། ལུང་ནང་གི་རང་ལུས་མེར་བསྲེགས་གནང་མཁན་དེ་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་གསལ་པོ་རེད། ཡིན་ནའང་། བྱང་ཆུབ་སེམས་དཔས་མེར་བསྲེགས་ཆོག་ལ། གཞན་གྱིས་མི་ཆོག་པ་ཞིག་སངས་རྒྱས་ཀྱིས་གསུངས་ཡོད་ན། འདི་ན་གསུངས་འདུག་ཅེས་སྟོན་དགོས་པ་རེད། དེ་བཞིན་དུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་དེ་ཚོ་བྱང་ཆུབ་སེམས་དཔའ་མིན་པ་སུས་ཤེས་པ་རེད། སུས་ཐག་བཅད་པ་རེད།
ནམ་རྒྱུན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་ལ་སློབ་དགོས་ཟེར། ད་བསླབས་ཏེ་ལག་ཏུ་བླངས་ཡོང་དུས། ཆོས་ཀྱི་ཉམས་ལེན་དེ་དཔོན་ཆེན་གྱི་རྟ་ནང་བཞིན། དཔོན་གྱིས་བཞོན་ཆོག་པ་ལས་གཡོག་གིས་བཞོན་མི་ཆོག་ཟེར་ན། ག་རེ་ཆགས་ས་རེད།
དྲ་གྲོགས་རང་དབང་རྒྱལ་མིང་ཅན་ལགས།
གུས་པས་”དྲ་རྒྱའི་གཙོ་བདག་ཁག་གི་ངོས་ནས་ཟིན་བྲིས་པ་དང་གཅིག སྨྱུག་མིང་དང་དངོས་མིང་འོག་གི་མཆན་བུ་འདེབས་མཁན་ཚོ་སུ་ཡིན་དྲ་རྒྱ་བདག་གཉེར་བས་ངོས་ཟིན་པ་དགོས་པ་དང་གཉིས། དྲ་རྒྱ་དང་གསར་ལམ་ཁག་རང་འདོད་ཀྱི་ཕྱོགས་སུ་མ་ལྷུང་པར་གནས་ཚུལ་སྤེལ་ཐབས་བྱེད་དགོས་པ་དང་གསུམ་གྱི་རྩ་དོན་རྒྱུན་འཁྱོངས་ཡོང་ཐབས་བྱེད་དགོས་པའི་རེ་སྐུལ་ཞུ་འདོད་བྱུང་། དེ་མིན་དྲ་འབུ་མང་པོ་ཞིག་གིས་དོན་གྱི་བགྲོ་གླེང་ཙམ་ཡང་བྱེད་མི་འདོད་པ་ཞིག་བཟོ་བཞིན་པ་འདི་སྨྲ་བརྗོད་རང་དབང་གི་རྒྱན་ཡིན་དང་འགལ་རྐྱེན་ཡིན་ངེས་པར་བསམ་བློ་གཏོང་དགོས་པ་རེད་ཅེས་བརྗོད་འདོད་བྱུང་།”ཅེས་བསམ་ཚུལ་སྤེལ་བར།
ཁྱོད་རང་གིས་ལན་འདེབས་འདི་འདྲ་ཞིག་གནང་འདུག དེ་ཡང་ཁྱོད་རང་གིས་”འཇིགས་བསྟན་ཟེར་བ་འདིས། འབོད་སྐུལ་རབ་དང་རིམ་པ་བྱེད་སྟངས་ལ་བལྟས་ན། ཐབས་ཇུས་མེད་མཁན་ཞིག་ཏུ་འཁུམས་སོང་། དེང་སང་གི་འབོད་སྐུལ་ཙམ་གྱིས་ཡོང་ས་མེད་པར་གསལ་བོ་མ་རེད་དམ། གལ་སྲིད། འབོད་སྐུལ་ལ་སྟོབས་ཤུགས་ཡོད་ན། རྒྱ་གཞུང་འདི་སྔར་ཞིག་ནས་འགྱུར་ཚར་ཡོད་པ་རེད་དེ། ད་རུང་རྒྱ་གཞུང་དང་དེའི་སྲིད་བྱུས་སྔར་ལས་སྲ་བརྟན་དུ་འགྱུར་གྱིན་པ་མ་ཡིན་ནམ།”ཅེས་གསུངས་འདུག བསམ་ཚུལ་དེ་ལ་ངའི་ངོས་ནས་གཤམ་འཁོད་གོ་བ་དེ་བླངས་པ་ཡིན། དེ་ཡང་གུས་པས་བརྗོད་དོན། “དྲ་གྲོགས་རང་དབང་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་རྒྱ་དམར་གུང་ཁྲན་གྱི་བྱེད་སྤྱོད་དང་སྦྱར་ནས་གསུངས་འདུག་པས་གང་འདྲ་ཡིན་ནམ་བསམ་བྱུང་། གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་བོད་མིའི་དྲ་ལམ་གྱི་གླེང་སློང་གིས་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འདིས་ཁྱོད་རང་གིས་བཤད་པ་ལྟར་མིན་པ་དེ་གསལ་པོ་ཆགས་ཡོད་རེད།”ཅེས་བྲིས་ཡོད།
དེ་ལ་ཁྱོད་རང་དགོངས་འཚོམ་ཧ་ཅང་ཆེན་པོ་བྱུང་ནས་ང་ལ་གཤེ་གཤེ་གང་ཡོང་བཏང་འདུག ཁྱོད་རང་གིས་བཤད་པ་དེའི་བརྗོད་དོན་གུས་པའི་མ་གོ་བ་ཡིན་པ་འདྲ། གང་འདྲ་རེད། གསུངས་རོགས་གནང་།
བྱུང་ན་རང་ལ་ཡང་འཚེ་མེད་པའི་ཐབས་ཅིག་ཡོད་ན་དེ་ཉིད་བཟང་བ་རེད་ལགས།
མ་གཞི་ངས་རྒྱ་གཞུང་གི་རིག་གནས་དང་ངོས་འཛིན་ལ་ནང་ཆོས་རིག་གནས་ཀྱིས་འདིས་གསལ་འདེབས་བྱེད་ས་འགྲོ་གི་ཡོད་མེད་སྐོར་ཞིག་བཤད་པ་ཡིན་མོད། འཇིག་བསྟན་ཟེར་བ་འདིས་གོ་བབ་མེད་ས་ཞིག་ནས་གོ་བ་ཞིག་བླངས་ནས་རྒྱ་གཞུང་དང་བྱེད་ལས་དང་མཚུངས་བསྡུར་བྱེད་སྟངས་འདིས། ཁོ་རང་གི་ཀུན་སློང་ནག་པོ་གསལ་སྟོན་བྱས་པ་ཞིག་མ་ཡིན་ནམ། སྤྱིར་ན། མི་འདིའི་རིགས་ལ་གནས་ལུགས་ཅི་ཙམ་བཤད་ཀྱང་བརྡར་ཡང་རུང་། དེ་ནི། རང་འདོད་ལྟར་འཇོག་རྒྱུ་ལས་གནས་ལུགས་རང་ངོས་ལ་བརྩི་འཇོག་བྱེད་རྒྱུའི་གོམས་གཤིས་དང་བསམ་སྤྱོད་ཅིག་མེད་པ་ཡིན་དུས། ཨུ་ཚུགས་ཀྱིས་ཁོའི་རིགས་ལ་གསལ་འགྲེལ་བྱས་རུང་ཕན་ནུས་མི་ཐོན་པས་སོ།།
འཇིག་བསྟན་ཟེར་བ་འདི་ཡང་ཆེས་མི་གུ་དོག་ཅིག་རེད། རང་དང་བསམ་ཚུལ་མི་མཐུན་པ་རྣམས་ལ་ནམ་ཞིག་ཡིན་རུང་རྒྱ་གཞུང་གི་རྒྱུགས་ཁྱི་ལ་སོགས་པའི་མིང་འདོགས་སྣ་ཚོགས་ཤིག་བྱེད་མཁན་ཞིག་ཡིན་པ་ལྷུང་ལ་ཇེ་འབུད་རེད། ཁ་སྔོན་ཡང་《ཤོག་བུའི་སེངྒེ་》ཞེས་པའི་རྩོམ་ཡིག་ཅིག་ཁ་བརྡ་ནང་དུ་བཀོད་འདུག་མོད། དེའི་མཇུག་ཏུ་མཆན་བུ་སྣ་ཚོགས་ཤིག་བཏབས་པའི་ནང་ནས་ཆེས་སྐྱུགས་བྲོ་བའི་མཆན་བུ་ཡོད་པ་ནི། འཇིགས་བསྟན་ཟེར་བ་འདིས་མཆན་བུ་དེ་རེད། དེ་དུས་ཡང་རྩོམ་ཡིག་རྩོམ་མཁན་དེ་རྒྱ་གཞུང་གིས་མངགས་པའི་གསང་ཉུལ་བ་ཡིན་པ་ཤེས་མདོག་མདོག་བྱེད་ཀྱིན་འདུག
དོན་ངོ་མ་ཡིན་ན། ཁྱོད་ལ་འདི་མ་གཏོགས་པའི་རྣམ་དཔྱོད་དང་བྱ་ཐབས་མ་ཡོད་པ་ཡིན་ན། ད་ནས་བཟུང་། ཁྱོད་རང་རིག་སོང་། ཤེས་སོང་། གང་ཡིན་ཟེར་ན། རང་དང་བསམ་ཚུལ་མི་མཐུན་པ་སུ་ཞིག་ཡིན་རུང་དེ་ལ་བསྙོན་འཛུགས་བྱས་ནས་གསང་ཉུལ་བ་དང་རྒྱ་གཞུང་གི་རྒྱུགས་ཁྱི། རྒྱལ་ཚོང་བ་སོགས་ཀྱི་ཉེས་འཛུགས་བྱས་དང་བྱེད་ཀྱིན་པའི་རྣམ་འགྱུར་ནི། རྒྱ་གཞུང་དང་དེའི་སྲིད་བྱུས་སྲ་བརྟན་སྤེལ་རྒྱུའི་ཆེད་དུ། ཁ་བྲལ་བ་དང་རྒྱལ་ཁབ་གཏོར་བརླག་གཏོང་མཁན་སོགས་ཀྱི་མིང་འདོགས་སྣ་ཚོགས་ཀྱིས་སྤེལ་གྱིན་པའི་སྲིད་བྱུས་དང་གཅིག་པ་གཅིག་རྐྱང་རེད།
དྲ་བའི་རིག་གནས་འདི། འཐུས་ཚང་དང་ཡར་རྒྱས་འགྲོ་དགོས་ན། དགག་སྒྲུབ་དང་དོགས་སློང་དགོས་པ་ནི། མ་མཐའི་ཆ་རྐྱེན་ཞིག་མ་གཏོགས་བསམ་ཚུལ་གཅིག་དང་ལྟ་བ་གཅིག ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་གི་ནང་དུ་འགྲོ་དགོས་ཚུལ་ནི། དྲ་བའི་རིག་གནས་འདི་གུ་དོག་ཅན་དུ་བསྒྱུར་གྱིན་མ་ཡིན་ནམ། གང་ལྟར་དྲ་བའི་རིག་གནས་འདི་ལ་སྟོབས་ཤུགས་ཤིག་དགོས་ན། དགག་སྒྲུབ་སྙིང་སྟོབས་དང་གནས་ལུགས་རྩོད་གླེང་གི་རྣམ་འགྱུར་ཤུགས་ཆེན་པོ་ཡོད་ན། དྲ་བའི་རིག་གནས་འདི་འཐུས་སྒོ་ཇེ་ཚང་ཇེ་ལེགས་སུ་འགྲོ་བ་ལས་མི་ཁག་ཅིག་བཤད་རྒྱུན་ལ་ཉན་བསྡད་པ་དང་བསམ་བསྡད་པ་ཙམ་གྱིས་འགྲིགས་ཀི་མ་རེད།
ཁྱོད་ཀྱིས་ཟེར་རྒྱུ་ཡིན་ན། ཁང་གསར་རྒོད་པ་མ་གཏོགས་དྲ་བའི་རིག་གནས་འདི། གོང་འཕེལ་དང་ཡར་རྒྱས་གཏོང་ཐུབ་མཁན་མེད་པར་འདོད་པའི་བསམ་བློ་འདི། ཕྱོགས་རིས་ཅན་གྱི་བསམ་ཚུལ་ཞིག་ཡིན་པ་ལས། ཁང་གསར་རྒོད་པ་ཡང་དྲང་ཚུགས་ཅན་ཞིག་མཐོང་མ་སོང་། འདི་ལ་རྒྱུ་མཚན་མང་པོ་ཡོད་དེ། དགོས་གལ་ཐུག་དུས་གསེད་བཀྲོལ་བྱེད་ངེས་སོ།། མ་གཞི་ཁྱོད་རང་ཡིན་རུང་། ཅིག་མ་འཁྱོངས་རུང་འཁྱོངས་མདོག་བྱེད་མཁན་ཞིག་ཡིན་པས་ན། ངས་ཀྱང་ཁྱོད་ལ་གསལ་འདེབས་ཀྱི་ཚུལ་དུ་ད་ནས་བཟུང་། བསམ་བློ་རྣལ་དུ་ཕབས་ནས་བསམ་ཚུལ་བཤད་རོགས་མ་གཏོགས། འདི་འདྲའི་མཆན་བུ་འདེབས་ཕྱོགས་ཀྱི་ཁྱོད་རང་གི་བློ་རྒྱ་མཐོང་གི་འདུག་ལ། ཁྱོད་རང་གི་རང་རློམ་རང་ཆེ་ཡང་མངོན་གྱིན་པ་རེད།
གང་ལྟར། ངས་ནི། ནམ་ཞིག་ཡིན་རུང་། ཁང་གསར་དང་ཁྱོད་སུ་ཞིག་ཡིན་རུང་། སྔར་གང་ཟིན་པའི་དོན་དག་གི་སྒང་ལ་གནས་ཀྱིན་འདུག་གམ་མི་འདུག དེ་རྨང་གཞིར་བཞགས་ནས་བསམ་ཚུལ་བརྗོད་ཀྱིན་པ་ལས་དོན་མེད་གསག་འདྲི་དང་དགོས་མེད་བསྙོན་འཛུགས་ཀྱི་ལས་སུ་ཞུགས་པ་མིན་ནོ།།
མུ་མཐུད་ནས་བགྲོ་བར་བྱའོ།།
ཁང་གསར་ལགས། དམ་པའི་ཆོས་པདྨ་དཀར་པོའི་ནང་བསྟན་པའི་རང་ལུས་མེར་བསྲེགས་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཛད་སྤྱོད་རྣམ་པར་ཐར་པ་ཞིག་ཡིན་ཞིག་པར་བསྟན་པ་ལས་སྐྱེ་བོ་ཕལ་པ་རྣམས་ཀྱིས་རང་ལུས་མེར་བསྲེགས་ཚད་ཐམས་ཅད་ལ་སངས་རྒྱས་ཀྱི་བསྔགས་བརྗོད་ག་ལ་མཛད་དམ།
སྤྱིར་འཚེ་བ་ཟེར་བ་དེར་དབྱེ་ན་གཞན་ལ་འཚེ་བ་དང་རང་ལ་གཉིས་སུ་བཞག་དགོས། བོད་མིས་ཚོས་རང་ལུས་མེར་བསྲེགས་པའི་བྱ་བ་དེ་ནི་གཞན་ལ་འཚེ་བའི་བསམ་ངན་དང་སྦྱོར་བ་ཞིག་མིན་ནའང་རང་ཉིད་ཀྱིས་རང་ལ་འཚེ་བའི་བྱ་བ་ཞིག་ཡིན་པ་བཤད་མི་དགོས།
སྤྱིར་རང་ཅག་ནང་པ་སངས་རྒྱས་པ་ཞིག་གི་ངོས་བརྗོད་ན་དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་པོ་ཆེ་ཐེངས་གཅིག་ཐོབ་པ་དེ་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་དང་གངས་ཅན་པཎ་ཆེན་མང་པོས་ཀྱང་དལ་འབྱོར་དོན་ཆེན་ཆེ་ལ་རྙེད་པ་དཀའ་ཞིང་འཇིགས་བའི་སྒོ་ནས་ཆེས་རྩ་ཆེའི་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པའི་ཆེ་བ་བརྗོད་ཡོད།
སྒོས་སུ་རང་གཞན་ཀུན་ལ་འཚེ་བའི་བྱ་བ་ཐ་དག་ཐ་མ་ལས་ཀྱི་འབྲས་བུར་རང་ཉིད་ཕུང་བའི་རྒྱུ་རུ་བསྟན་ཡོད།
ཡང་སྒོས་སངས་བསྔགས་རྡོ་རྗེ་ཐེག་པའི་ལུགས་ལྟར་ན་རང་གི་ཕུར་པོར་བརྙས་མི་བྱ་ཞེས་རང་ཉིད་དང་རང་གི་ཕུར་པོར་ཐ་ན་བརྙས་པ་ཙམ་གྱིས་ཉེས་པ་གསོག་པ་མ་ཟད་རང་ཉིད་རང་གིས་ལྕིབས་ན་རྩ་བལྟུང་ཡང་ཕོག་པ་ཡིན།
རང་ལུས་ཡི་དམ་རྒྱལ་བའི་དྐྱིལ་འཁོར་གྱི་ལྷ་ཚོགས་ལའང་མ་དད་པའི་དབང་གིས་ཉེས་པ་གསོག་པའི་རྒྱུ་རུ་འགྲོ།
ད་དུང་རང་ཉིད་རང་གིས་བསད་ན་ཚེ་རབས་སྐྱེ་བ་ལྔ་བརྒྱར་རང་ཤི་བརྒྱབ་དགོས་པའི་ལས་ངན་གསོག་པའི་རྒྱུ་ཡིན་པ་ནང་ཆོས་ནང་བསྟན་ཡོད།
དཔེར་ན། ཡི་དམ་གྱི་ལྷ་ཙོགས་ལའང་ཞི་བ་དང་ཁྲོ་བོ་ཞེས་ཡི་དམ་ཞི་ཁྲོའི་སྐོར་ལས་ལྷ་ཚོགས་དྲག་པོ་རྣམས་ཕལ་ཆེ་བ་མེ་འཔུང་རབ་ཏུ་འབར་བའི་དཀྱིལ་དུ་བཞུགས་ཡོད། ཞི་བའི་ལྷ་ཚོགས་རྣམས་ཕལ་ཆེ་བ་པདྨའི་སྟེང་དུ་བཞུགས་ཡོད།
མེ་སྤོར་བ་དང་། མེ་འབར་བ། མེ་དཔུང་གིས་བསྲེགས་པ་སོགས་ནི་སྤྱིར་འཚེ་བ་དྲག་པོའི་ལས་སུ་ངོས་འཛིན་དགོས། དཔེར་ན། གཤིན་འདྲེ་དང་། གདོན་འདྲེ། མི་ཤི་འདྲེ་སྐྱེས་སོགས་དྲག་པོའི་ལས་ཀྱིས་བསྲེགས་སྦྱོར་གནང་བའི་སྐབས་སུ་མེའི་ནང་དུ་སྣུམ་ཀྱིས་བསྲེགས་པའི་ལས་སྦྱོར་བྱེད་པའི་ཚུལ་ལས་རྟོགས་ཐུབ།
ཁང་གསར་ལགས་དང་ཤྰ་ཀྱའི་བུ་སོགས་མང་དག་གཅིག་གིས་གཞི་བཞུགས་བོད་མིས་ཚོས་རང་ལུས་མེར་རུ་བསྒྲོན་པ་དེར་སངས་རྒྱས་པའི་ལུགས་དང་སངས་རྒྱས་ཀྱིས་བསྔགས་པའི་བྱ་བ་བཟང་པོ་ཞིག་ཡིན་ཚུལ་བརྗོད་བཞིིན་འདུག
དེས་ན་ང་ཚོ་གཞི་བྱེས་ནང་པ་སངས་རྒྱས་པ་ཚོས་དམ་པའི་ཆོས་པདྨ་དཀར་པོའི་ལུགས་ལྟར་རང་ཉིད་བྱང་ཆུབ་སེམས་དཔར་རློམ་ནས་རང་ལུས་མེ་རུ་བསྒྲོན་ཏེ་འཚེ་མེད་ཞི་བའི་ལས་འགུལ་མུ་མཐུད་གང་མང་སྤེལ་དགོས་སམ།
ད་ལྟའི་དུས་ཚོད་ཆེས་ཛ་དྲག་གི་སྐབས་འདི་འདྲ་ཞིག་ཏུ་ང་ཚོས་གཞུང་ལུགས་གང་ཡང་རུང་བ་ཞིག་གིས་བློས་གཏོང་གི་འཆི་གསོན་ལ་འགྲེལ་བཤད་བྱེད་པའི་དུས་ཤིག་མིན་པར་འདོད། དེ་ནི་སྐུ་གཤེགས་དཔའ་བོའི་མཛད་རྗེས་ལ་ལྟ་སྟངས་ཤིག་བཟུང་བ་ཙམ་ལས་ཆེས་ཛ་དྲག་གི་སྐབས་འདིར་ང་ཚོར་མཁོ་བ་ནི་གཞུང་ལུགས་མིན་ལ། ང་ཚོར་མཁོ་བ་ནི་མ་འོངས་པར་མུ་མཐུད་དུ་རང་སྲོག་གཅོད་པའི་ཤུགས་རྐྱེན་དེ་དག་ཁྱབ་བརྡལ་དུ་སོང་ཚེ་སྔོན་འགོག་གི་ཐབས་ལམ་ཡོད་མིན་དང་། ད་ལྟ་ནས་ཁྱབ་བརྡལ་དུ་མི་འགྲོ་བའི་བྱེད་ཐབས་མང་པོར་འབད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དུས་ལ་བབ་པའི་ལས་དོན་ཞིག་ཏུ་འདོད།
ཁང་གསར་ལགས་ཀྱིས་གསུང་པ་ཤིན་ཏུ་བདེན
བྱང་ཆུབ་སེམས་པས་མེ་གདོང་ནང་འཆོང་བའི་ལོ་རྒྱུས་ཀྱང་འདུག་གོ
དེ་བཞིན་བྱང་ཆུབ་སེམས་དཔས་ཚོང་དཔོན་ལྔ་བརྒྱའི་ཆེད་དུ་མི་ནག་གདོང་ཐུང་བསད་བའི་ལོ་རྒྱུས་འདུག་གོ་
བྱང་ཆུབ་སེམས་དཔས་ལྟག་མོར་ལུས་བྱིན་པའི་ལོ་རྒྱུས་འདུག་གོ་
བྱང་ཆུབ་སེམས་དཔས་ལུས་ལ་གཟེར་སྟོང་བཙུགས་པའོ་ལོ་རྒྱུས་འདུག་གོ
བོད་གནང་གི་དཔའ་བོ་ཚོས་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེར་སྲེག་པ་དེ་འཚེ་བ་ཡིན་ན་སྔ་མ་དེ་རྣམས་ཀྱང་འཚེ་བ་ཡིན་པའི་ཅི་མི་ཁྱབ་སྟེ་འཚེ་བ་ཡིན་པའི་ཕྱིར་
ཐོག་སྒྲ་ལགས། རྗེས་ཕྱོགས་བཀའ་མོལ་གནང་དུས་དང་པོ་མི་དེའི་ལས་གནས་དེ་ཚོ་ཁྱོད་རང་གིས་བརྗོད་བཞིན་པ་དེ་བཞིན་ཨེ་ཡིན་ཞིབ་དཔྱོད་བྱོས། དེ་ནས་་་་་
དྲ་གྲོགས་ཐོག་སྒྲ་ལགས། ང་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མི་མ་རེད། ཡིན་ནའང་འདི་ལོ་བཀའ་སྤྱིའི་འོས་བསྡུའི་སྐབས་བཀའ་ཁྲིའི་འོས་མི་ཚོས་དབུ་མའི་ལམ་གྱི་ལྟ་ཚུལ་གང་འདྲ་ཡོད་མེད་ཐད་སྤྱི་ཚོགས་ནང་རིན་ཐང་ལྡན་པའི་ཤོག་བུ་ཞིག་མང་ཚོགས་ནང་བཀྲམས་སོང་བ་དེ་ང་ཡིན་པར་ངོས་འཛིན་བྱས་པ་འདིའི་ཐོག་ནས་ང་གང་ཡང་མི་ཤེས་མཁན་མིན་པའི་ཁས་ལེན་གནང་འདུག་པས་ཐུགས་རྗེ་ཆེ།
ཐོག་མར་ཁང་གསར་ལགས་སུ་ཐུགས་རྗེ་ཆེ་ཞུ།
འདི་ག་སྦེལ་ཀོབ་དབུ་མའི་མའི་མི་མང་ལས་འགུལ་ཁང་གི་འགན་འཛིན་འཇིག་བྲལ་བསྟན་འཛིན་ལགས་ཁྱེད་ཀྱི་ལོ་གསར་ཡས་མད་ལ་བཀའ་ཁྲིའི་འོས་མི་གསུམ་པོས་དབུ་མའི་ལམ་ལ་ལྟ་ཚུལ་གྱི་སྐོར་ཤོག་ལྷེ་ཞིག་འདི་གར་བཀྲམས་སོང་ཐུགས་རྗེ་ཆེ། སྐབས་དེ་དུས་སྐུ་མཉེལ་པོ་ཨོའོ་ཙམ་བྱུང་བ་ཡོད་ད། དྲ་ནང་གི་རྒྱལ་བོ་ཁང་གསར་ལགས་ཀྱིས་ཕྱོགས་སྡོམ་༼ ནམ་རྒྱུན་ཤེས་ཡོན་ཅན་དང་དཔྱད་ཞིབ་པར་རློམ་པ་དག་ཀྱང་ཆོལ་ཁ་གཅིག་པ་དང་ཆོས་ལུགས་གཅིག་པའི་ཁེ་ཕན་དང་ཐུག་ན། ཕྱོགས་ཞེན་གྱིས་སྤྱི་དོན་རས་སུ་བོར་བ་མང་དུ་མཐོང་། ༽
གནད་ལ་འཁེལ་བོ་འདི་འདྲ་ཞིག་གནང་བར་རྗེས་སུ་ཡིད་རངས་ཡོད།
ཁང་གསར་རྡོ་རྗེས་གནད་དོན་ཡག་པོ་ཞིག་ཐག་གིས་བཅད་སོང་། ཁ་ཉིན་ཟམ་གདོང་བླ་མས་རང་ལུས་ཀྱི་མཆོད་མེ་འདི་འཚེ་བར་བརྗོད་རྗེས། བཙན་བྱོལ་དུ་གནས་པ་འགའ་རེས་འདི་འཚེ་བ་ཡིན་མིན་གྱི་སྐོར་ལ་ཤགས་འགྱེད་མང་དུ་བྱས་སོང་། འོན་ཀྱང་འདི་ལྟའི་ཁུངས་དང་ལྡན་པའི་སྨྲ་ལྕེ་ལྡན་པ་དཀོན་སེར་བྱུང་། དེ་རིང་སྐུ་ཉིད་ཀྱིས་ཡར་སངས་རྒྱས་ལ་གཏུགས་ནས་བཤད་འོང་དུས་ད་གཟོད་ཁྱེད་ལ་སུས་ཀྱང་སྒུལ་མི་ཐུབ་པའི་བདེན་པ་ཞིག་གིས་སྐྱོར་ནས་ཡོད་ཙ་ན། ཐུགས་རྗེ་ཆེ་ཞུ།
ཁང་སར་རྡོ་རྗེའི་༼གཉིས་ནས་ང་ཚོའི་སྤྱི་ཚོགས་ནང་དཔྱད་པ་ཅི་ཙམ་གྱིས་ཞིབ་ན། སྡང་སེམས་དེ་ཙམ་གྱིས་ཆེ་བ་ལས། བདེན་པའི་གཏམ་ལ་ཉན་མཁན་དཀོན་པ་མྱོང་ཐོག་ནས་ཤེས། ནམ་རྒྱུན་ཤེས་ཡོན་ཅན་དང་དཔྱད་ཞིབ་པར་རློམ་པ་དག་ཀྱང་ཆོལ་ཁ་གཅིག་པ་དང་ཆོས་ལུགས་གཅིག་པའི་ཁེ་ཕན་དང་ཐུག་ན། ཕྱོགས་ཞེན་གྱིས་སྤྱི་དོན་རས་སུ་བོར་བ་མང་དུ་མཐོང་བས། དེ་བས་ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་ཨང་སྙམ་དུ་ལན་དུ་མར་དྲན། སྒོམ་སྡེ་ལྷ་རམ་པ་དང་དགེ་འདུན་རབ་གསལ་སོགས་རིག་པ་སྨྲ་བའི་༽སྐད་ཆ་འདི་དང་། འཇིགས་བྲལ་གྱི་༼ལག་ལེན་ལ་དངོས་སུ་འགེལ་མཁན་གྱི་དྲ་གྲོགས་མང་པོ་ཞིག་དྲ་ཐོག་ནས་ཕྱིར་ཐོན་འགྲོ་བཞིན་པ་ཁང་གསར་གྱི་བཤད་པ་ལྟར་རེད། ངས་བསམས་ན་ཁོང་ཚོ་འདི་ལྟར་དྲ་ཐོག་ནས་ཐོན་འགྲོ་བ་དེས་དོན་དངོས་སུ་དྲ་རྒྱ་གཉེར་ཕྱོགས་ལ་འགྱུར་བ་ཞིག་གཏོང་དགོས་པའི་གནས་སྟངས་ཆགས་ཡོད་པ་དེ་གསལ་པོ་རེད། དྲ་ཐོག་གི་བགྲོ་གླེང་ལ་གྲུབ་འབྲས་དགོས་ན་ང་ཚོས་ངེས་པར་ངོས་ལེན་བྱེད་དགོས་པ་ནི། ཐུན་མོང་གི་འབད་རྩོལ་བྱེད་དགོས་པ་དེ་རེད། ༽སྐད་ཆ་འདི་གཉིས་ལ་བོད་ཡིག་ཀྱི་དྲ་བ་གཉེར་མཁན་དག་གིས་ཐུགས་བསམ་རེ་ཅིས་ཀྱང་བཞེས་དགོས་པར་འདོད།
བོད་ཀྱི་དཔའ་བའི་ཁྱད་ཆོས་སམ་ལྟ་སྤྱོད་དེ་ཁ་སང་དེ་རིང་གི་གནས་སྟངས་ལ་བབ་པའི་མཛད་རྗེས་རང་སྟེང་ན་ལྷམ་མེར་རེ་གསལ་ལྷང་ངེར་འདུག་ན། ཁོང་རྣམ་པའི་ལྟ་སྤྱོད་འདིའི་ཡན་གྱི་དམིགས་གསལ་ཀྱིས་ནུས་བ་འདོན་ཐུབ་པའི་ཞི་བའི་ཐབས་ལམ་ཞིག་བདག་གི་བློ་ངོར་འཆར་ཐུབ་མ་སོང་ལ། སུ་དང་གང་ལ་འདི་ལས་ལྷག་པའི་ཁྱད་ནུས་ཡོད་པའི་འཐབ་ཇུས་ཞིག བྱང་ཆུབ་སྤྱོད་པའི་གཞུང་ལ་གཏུགས་ནས་ཆོས་ཕྱོགས་ཀྱི་ལྷན་རྒྱག་དགོས་བའི་རྒྱུ་མཚན་རེ། འཚེ་མེད་ཞི་བ་ལབ་ན་རང་སྟེང་གི་ཁྲག་ཐུག་ཞིག་ཀྱང་འཛར་མི་ཆོག་བའི་གནས་ལུགས་ཤིག་བཤད་རྒྱུ་ཡོད་ན་གོང་བཀུར་བླ་ལྷག་ཏུ་བྱེད་ངེས་ཡིན།
དེ་མིན་འཚེ་བ་ཡིན་མིན་གྱི་གླེང་སློང་བ་ནི། པེ་ཅིན་སྲིད་གཞུང་གིས་བསམ་བཞིན་དུ་འུ་ཅག་གི་གདོང་ལ་ནག་རྩི་དེ་བྱུགས་རྗེས། སླར་ཡང་ཡིན་ལ་མིན་གྱི་དཀར་རྩི་ཞིག་རང་རང་གི་ལྟ་ཚུལ་གཙོ་བཟུང་ཐོག་ནག་རྩིའི་སྟེང་ལ་འབྱུག་བཞིན་པ་འདི་ལྟར། དོན་དངོས་ཐོག་འུ་ཅག་ལ་ལངས་ཕྱོགས་བརྟན་པོ་ཞིག་དང་རང་ཚིགས་ཐུབ་པའི་ལྟ་སྤྱོད་དེ་མེད་པའི་རྟགས་སྟོན་ཀྱིན་པ་ལས་ཅི་ཡང་མ་རེད།
རྒྱུ་མཚན་ཅིའི་ཕྱིར་དུ་འཚེ་མེད་ཞི་བའི་སྐད་ཆ་འདི་ལ་བརྟེན་ནས་བོད་གངས་ཅན་པའི་བདེ་སྡུག་ཆེད་དུ། མུ་མཐུད་དགོས་བའི་འཐབ་རྩོད་འདི་ལ་ལམ་ལུགས་རབ་དང་རིམ་པས་ལྷན་པ་དགུ་བརྩེགས་དེ་གཡོགས་དགོས་བ་ཡིན་ནམ།
དཔའ་བའི་རིན་ཐང་། མཛད་རྗེས་ཁོ་ནའི་སྟེང་ནས་འཇོག་མི་འོས་བ་ཅི་ཡོད། དེ་བཞིན་གནས་བབས་ལ་བབ་པའི་དཔའ་བའི་ལྟ་སྤྱོད་གང་ཡང་འཛིན་རུང་བའོ།
པེ་ཅིན་གཞུང་གི་སྐད་ཆའི་འབབ་ས་རང་ནི་བོད་གངས་ཅན་པ་ཚོ་འཆི་ཡང་མི་ཆོག་ལ། གསོན་ཡང་མི་ཆོག ཅིས་ཀྱང་ཁོ་རང་ཚོའི་ལག་འོག་ནས་སྡུག་ཤི་རྒྱག་དགོས་ཞེས་བ་འདི་རེད། བར་འདི་ནས་འུ་ཅག་གི་གནས་ལུགས་ཅི་ཞིག་བྱེད་རྒྱུ་ཡིན་ནམ།
ཁང་གསར་རྡོ་རྗེ་ལགས་ཀྱི་གསུང་པ་བཞིན་རེད། སྤྱིར་སྤྱིན་པ་ལ་རིགས་མང་པོ་ཡོད་ངེས་རེད་འོན་ཀྱང་སྤྱིན་པའི་མཆོག་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དང་སངས་རྒྱས་ཀྱི་བསྟན་པ་གནས་ཐབས་ལ་དམིགས་ནས་རང་ལུས་མཆོད་མེ་ཕུལ་བ་འདི་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་ལེནགནངམཁན་ཞིག་གིས་བྱེད་ཐབས་ལེགས་ཤོས་ཞིག་ཏུ་དངོས་འཛིན་གནང་ན་གནང་ཆོག་པ་ཞིག་རེད། གང་ལྟར་གཞན་དོན་གྱི་ཆེད་དུ་རང་ལུས་མཆོད་མེ་ཕུལ་འདི་འཚེ་བའི་ངོ་བོ་ལ་སྒྲུབ་སྟངས་ཞིག་དུས་ནམ་ཡང་ཡོད་མི་སྲིད་པ་ལྟ་བུ་ཡིན།
དྲ་གྲོགས་རང་དབང་རྒྱལ་ལགས། ལག་ལེན་ལ་དངོས་སུ་འགེལ་མཁན་གྱི་དྲ་གྲོགས་མང་པོ་ཞིག་དྲ་ཐོག་ནས་ཕྱིར་ཐོན་འགྲོ་བཞིན་པ་ཁང་གསར་གྱི་བཤད་པ་ལྟར་རེད། ངས་བསམས་ན་ཁོང་ཚོ་འདི་ལྟར་དྲ་ཐོག་ནས་ཐོན་འགྲོ་བ་དེས་དོན་དངོས་སུ་དྲ་རྒྱ་གཉེར་ཕྱོགས་ལ་འགྱུར་བ་ཞིག་གཏོང་དགོས་པའི་གནས་སྟངས་ཆགས་ཡོད་པ་དེ་གསལ་པོ་རེད། དྲ་ཐོག་གི་བགྲོ་གླེང་ལ་གྲུབ་འབྲས་དགོས་ན་ང་ཚོས་ངེས་པར་ངོས་ལེན་བྱེད་དགོས་པ་ནི། ཐུན་མོང་གི་འབད་རྩོལ་བྱེད་དགོས་པ་དེ་རེད།
དྲ་གྲོགས་རང་དབང་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་རྒྱ་དམར་གུང་ཁྲན་གྱི་བྱེད་སྤྱོད་དང་སྦྱར་ནས་གསུངས་འདུག་པས་གང་འདྲ་ཡིན་ནམ་བསམ་བྱུང་། གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་བོད་མིའི་དྲ་ལམ་གྱི་གླེང་སློང་གིས་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འདིས་ཁྱོད་རང་གིས་བཤད་པ་ལྟར་མིན་པ་དེ་གསལ་པོ་ཆགས་ཡོད་རེད་ལ། ང་ཚོ་དྲ་ལམ་གྱི་གླེང་སློང་པ་ཚོར་མུ་མཐུད་ཤུགས་རྐྱེན་དགོས་ན་དྲ་ཐོག་གི་བགྲོ་གླེང་གནང་མཁན་ཚོར་ཆ་འཇོག་བྱེད་འོས་པའི་གནས་སྟངས་ཤིག་ཡོད་དགོས་པ་རེད། དེ་དྲ་བདག་དང་། དྲ་གྲོགས་ཚང་མས་ཤུགས་རྒྱག་དགོས་པ་རེད་མ་གཏོགས། གང་ཟག་སྒེར་པ་གཅིག་གིས་ཁོ་ནས་ཡོང་བ་ཞིག་མ་རེད།
ངས་འདི་ལྟར་བསམ་ཚུལ་ཤོད་བཞིན་པ་དེའི་རྒྱུ་མཚན་མདོར་བསྒྲིལ་ན། དྲ་ཐོག་གི་བསམ་ཚུལ་སྤེལ་མཁན་ལེགས་གྲས་ཚོ་དྲ་ཐོག་ཏུ་ཡོང་བར་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་ཁང་གསར་ལགས་ཀྱིས་གསུངས་པ་ལྟར་དངོས་ཡོད་ཀྱི་དཀའ་ངལ་ཡིན་ལ། དྲ་ཐོག་གི་བགྲོ་གླེང་འདི་དོན་དངོས་ཀྱི་བསམ་ཚུལ་སྤེལ་ཡུལ་དུ་གྱུར་པར་བྱེད་དགོས་པ་དེརེད། དེ་ཇི་ལྟར་ཡོང་བར་བྱེད་དགོས་ཀྱི་འདུག་ཟེར་གྱི་ཡོད།
ཡ། རྒད་པོ་ཁང་གསར་པ། ཆོས་ཀྱི་ཕན་ཡོན་བཤད་ན་རྒད་པོ་འུ་ཚོའང་ཐར་ལན་ན།
སྡིག་པའི་ཉེས་དམིགས་གླེང་ན་བླ་མ་ཁོང་ཚོ་ལའང་ཐར་པ་ཞིག་མེད་པ་འདྲ།
ཁང་གསར་གྱིས། བཤད་ཀྱིན་པ་ནི་མདོར་དྲིལ་ན། རང་ལུས་མེར་བསྲེགས་བྱས་པ་དེ་འཚེ་བ་ཡིན་མིན་གྱི་གནད་འགག་དེ་རེད། འདི་ནི། ནང་ཆོས་རིག་གནས་རྐྱང་བའི་ངོས་ནས་བལྟས་ན་ཁྲིན་ཐག་བཅད་ན་འགྲིགས་ཀི་ཨེ་རེད། རྒྱུ་མཚན་ནི། བོད་མི་ཁྱོན་ཡོངས་ཀྱི་སྒོ་གསུམ་དེ་ནང་ཆོས་ཀྱིས་དབང་བསྒྱུར་བྱས་རུང་། རྒྱ་རིགས་ཀྱིས་མཚོན་པའི་མིའི་རིགས་གཞན་རྣམས་ལ་འདི་འདྲའི་ངོས་འཛིན་ཡོད་དམ་མེད། ལྷག་པར་དུ། ནང་ཆོས་རིག་གནས་ཀྱི་སྡོམ་ཚིག་ཅིག་གིས་ཁོང་ཚོའི་ཁམས་དང་མོས་པར་འགྲེལ་བཤད་རྒྱག་ཐུབ་ཀི་ཡོད་དམ། གང་ལྟར། རང་ཉིད་གང་ལ་གོམས་ཤིང་འདྲེས་པའི་རིག་གནས་གང་ཡང་རུང་བའི་ངོས་འཛིན་སོགས་ཀྱིས་མིའི་རིགས་ཁྱོན་ཡོངས་ལ་སྡོམ་ཚིག་བཞག་ན་ཏག་ཏག་ཁྱབ་ཐུབ་ཀི་ཨེ་ཡོད་དམ།
འཇིགས་བསྟན་ཟེར་བ་འདིས། འབོད་སྐུལ་རབ་དང་རིམ་པ་བྱེད་སྟངས་ལ་བལྟས་ན། ཐབས་ཇུས་མེད་མཁན་ཞིག་ཏུ་འཁུམས་སོང་། དེང་སང་གི་འབོད་སྐུལ་ཙམ་གྱིས་ཡོང་ས་མེད་པར་གསལ་བོ་མ་རེད་དམ། གལ་སྲིད། འབོད་སྐུལ་ལ་སྟོབས་ཤུགས་ཡོད་ན། རྒྱ་གཞུང་འདི་སྔར་ཞིག་ནས་འགྱུར་ཚར་ཡོད་པ་རེད་དེ། ད་རུང་རྒྱ་གཞུང་དང་དེའི་སྲིད་བྱུས་སྔར་ལས་སྲ་བརྟན་དུ་འགྱུར་གྱིན་པ་མ་ཡིན་ནམ། དེང་སང་ཡིན་ན། འབོད་སྒྲ་མི་གཙོ་བར་ལག་ལེན་གཙོ་བོ་ཡིན་པ་ཁྱོད་ཀྱིས་ཤེས་ཀྱི་མེད་དམ། མེད་ན། ཁྱོད་ཀྱི་ལག་ལེན་གྱིས་གྲུབ་འབྲས་ཤིག་ཞོགས་དང་། དེ་དུས་འབོད་སྐུལ་ཙམ་ཡང་དགོས་ཀི་མ་རེད། ཁྱོད་ཀྱི་གྲུབ་འབྲས་ཀྱིས་སུ་ཡིན་རུང་རང་ཤུགས་ཀྱིས་འགུགས་ཐུབ་ཀི་རེད། མ་གཏོགས་བྲག་ཆ་ལྟ་བུའི་འབོད་སྐུལ་ནི་དམག་ཐབས་ཤིག་མ་རེད་དོ།།
མུ་མཐུད་ནས་གླེང་བར་བྱའོ།།
ཁང་གསར་རྡོ་རྗེ་ལགས་ཀྱིས་བསམ་ཚུལ་མུ་མཐུད་བརྗོད་པར་དགའ་པོ་བྱུང་།
༡ རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་ནང་ཆོས་དང་འགལ་བ་རེད་ཅེས་བརྗོད་བཞིན་པའི་སྐབས་འདིར་ཁང་གསར་ལགས་ཀྱིས་མདོ་པད་དཀར་དུ་བཅོམ་ལྡན་འདས་ཀྱིས་བཀའ་གང་གནང་ཡོད་པ་དེ་བརྒྱུད་ལམ་ཐོག་གསལ་པོ་བཟོས་གནང་བ་འདི་ལ་རྒྱ་ནག་གཞུང་གིས་ལན་གང་འདྲ་ཞིག་རྒྱག་གི་རེད། དེར་བརྟེན་ཐེངས་འདིའི་རྩོམ་ཡིག་འདི་རྒྱ་ཡིག་ཐོག་སྤེལ་ཐབས་གནང་རོགས་ཅེས་འབོད་སྐུལ་ཞུ་འདོད་བྱུང་།
༢ ཁང་གསར་གྱིས་བར་ལམ་དྲ་ཐོག་ཏུ་ཡོང་མ་ཐུབ་པའི་རྒྱུ་མཚན་དུ་བརྗོད་དོན། ང་ཚོའི་སྤྱི་ཚོགས་ནང་དཔྱད་པ་ཅི་ཙམ་གྱིས་ཞིབ་ན། སྡང་སེམས་དེ་ཙམ་གྱིས་ཆེ་བ་ལས། བདེན་པའི་གཏམ་ལ་ཉན་མཁན་དཀོན་པ་མྱོང་ཐོག་ནས་ཤེས། ནམ་རྒྱུན་ཤེས་ཡོན་ཅན་དང་དཔྱད་ཞིབ་པར་རློམ་པ་དག་ཀྱང་ཆོལ་ཁ་གཅིག་པ་དང་ཆོས་ལུགས་གཅིག་པའི་ཁེ་ཕན་དང་ཐུག་ན། ཕྱོགས་ཞེན་གྱིས་སྤྱི་དོན་རས་སུ་བོར་བ་མང་དུ་མཐོང་། ཅེས་བཤད་པ་གནད་འགག་ཅིག་ཏུ་ངོས་འཛིན་དགོས་ལ། དྲ་རྒྱའི་གཙོ་བདག་ཁག་གི་ངོས་ནས་ཟིན་བྲིས་པ་དང་གཅིག སྨྱུག་མིང་དང་དངོས་མིང་འོག་གི་མཆན་བུ་འདེབས་མཁན་ཚོ་སུ་ཡིན་དྲ་རྒྱ་བདག་གཉེར་བས་ངོས་ཟིན་པ་དགོས་པ་དང་གཉིས། དྲ་རྒྱ་དང་གསར་ལམ་ཁག་རང་འདོད་ཀྱི་ཕྱོགས་སུ་མ་ལྷུང་པར་གནས་ཚུལ་སྤེལ་ཐབས་བྱེད་དགོས་པ་དང་གསུམ་གྱི་རྩ་དོན་རྒྱུན་འཁྱོངས་ཡོང་ཐབས་བྱེད་དགོས་པའི་རེ་སྐུལ་ཞུ་འདོད་བྱུང་།
དེ་མིན་དྲ་འབུ་མང་པོ་ཞིག་གིས་དོན་གྱི་བགྲོ་གླེང་ཙམ་ཡང་བྱེད་མི་འདོད་པ་ཞིག་བཟོ་བཞིན་པ་འདི་སྨྲ་བརྗོད་རང་དབང་གི་རྒྱན་ཡིན་དང་འགལ་རྐྱེན་ཡིན་ངེས་པར་བསམ་བློ་གཏོང་དགོས་པ་རེད་ཅེས་བརྗོད་འདོད་བྱུང་།
དེ་མིན་རྣམས་ལ་ལན་མ་བཏབ་པ་དེ། ལན་མི་དགོས་པར་མཐོང་བ་ཡིན་གྱི་མཐོང་ཆུང་བྱས་པ་མིན་ནོ།།
འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་བར་ལམ་གྱི་གནད་དོན་ཁག་གི་ཐོག ངས་བསམ་ཚུལ་མ་སྤེལ་དོན་ཅི་ཡིན་ཞེས་དྲིས་གནང་འདུག བར་ལམ་གཅིག་ནས་ང་རང་ལ་ལས་བྲེལ་ཆེན་པོ་ཁ་ཤས་བྱུང་། ད་དུང་ཡང་ལས་བྲེལ་ནང་ན་ཡོད། གཉིས་ནས་ང་ཚོའི་སྤྱི་ཚོགས་ནང་དཔྱད་པ་ཅི་ཙམ་གྱིས་ཞིབ་ན། སྡང་སེམས་དེ་ཙམ་གྱིས་ཆེ་བ་ལས། བདེན་པའི་གཏམ་ལ་ཉན་མཁན་དཀོན་པ་མྱོང་ཐོག་ནས་ཤེས། ནམ་རྒྱུན་ཤེས་ཡོན་ཅན་དང་དཔྱད་ཞིབ་པར་རློམ་པ་དག་ཀྱང་ཆོལ་ཁ་གཅིག་པ་དང་ཆོས་ལུགས་གཅིག་པའི་ཁེ་ཕན་དང་ཐུག་ན། ཕྱོགས་ཞེན་གྱིས་སྤྱི་དོན་རས་སུ་བོར་བ་མང་དུ་མཐོང་བས། དེ་བས་ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་ཨང་སྙམ་དུ་ལན་དུ་མར་དྲན། སྒོམ་སྡེ་ལྷ་རམ་པ་དང་དགེ་འདུན་རབ་གསལ་སོགས་རིག་པ་སྨྲ་བའི་གྲོགས་མང་བོ་ཡང་བར་ལམ་ནས་དྲ་ལམ་དུ་ཕེབས་ཉུང་བ་གཟིགས་ཆོས་འདིའི་རྒྱུ་དང་རྐྱེན་ཡང་མཁྱེན་ཆོད་ལྟར་ལགས།
དེ་ནས་མདོ་དམ་ཆོས་པད་དཀར་གྱི་ལུང་འདིའི་སྐོར་ཡིན། འདིའི་སྔོན་དུ་ཤཀྱའི་བུ་ཟེར་བ་ཞིག་གིས་མདོ་མཛངས་བླུན་སོགས་ཀྱི་ལུང་བཏུས་པ་ཞིག་དུས་བབ་དྲ་ལམ་དུ་བཀོད་ཟིན་པ་རེད། དཔེ་ཆ་སྣ་མང་ནས་ལུང་དེ་དག་བཏུས་པ་དང་། ལུང་བསྡུ་བའི་ཁ་ཕྱོགས་དང་ཁྱབ་ཁོངས་ལ་ཞིབ་ཏུ་བསམས་ན། འདི་བསྡུ་མཁན་གྱིས་ཚེགས་ལས་ཅི་ཙམ་མྱངས་ཡོད་མེད་དེ་མཐོང་ཐུབ་པ་ཡིན་ལ། གནད་དོན་འདི་ཚོར་གོམ་པ་རིམ་སྤོས་ཀྱིས་ཞིབ་འཇུག་བྱས་ཡོང་དུས། ནང་ཆོས་ཀྱི་ལྟ་སྟངས་མང་པོ་ཞིག་ང་རང་ཚོའི་གཞི་རིམ་མང་ཚོགས་ནང་རང་བཞིན་གྱིས་ཁྱབ་སྤེལ་འགྲོ་བཞིན་ཡོད། ད་ལྟ་ངས་ལུང་དུ་དྲངས་པ་དེ། ཤཀྱའི་བུ་ཟེར་བས་བཏུས་པ་དེའི་ནང་རྩ་བ་ནས་མི་གསལ་བ་ཞིག་རེད། ད་ལྟ་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་པ་ནང་ཆོས་དང་མི་མཐུན་པ་རེད་ཅེས་བཤད་པ་ཙམ་ལ་ཐུག་མེད་པར། ཕྱི་རྒྱལ་མགོ་སེར་དང་། ཐ་ན་རང་རེ་བོད་མིའི་ནང་དུའང་དེ་ནང་ཆོས་དང་མཐུན་མི་མཐུན་གྱི་ལྟ་སྟངས་མི་འདྲ་བ་ཕྲན་བུ་ཡོད་པ་རེད། དེར་བརྟེན། རྒྱ་ནག་ཏུ་དར་བའི་ནང་ཆོས་ཀྱི་གཞི་རྟེན་དུ་གྱུར་པའི་མདོ་དམ་ཆོས་པད་དཀར་གྱི་ལུང་འདི་གནད་འགག་ཅིག་ཆགས་ཡོད། དེ་མིན་རང་ལུས་མེ་རུ་སྒྲོན་མཁན་ཁོང་ཅག་བྱང་ཆུབ་སེམས་དཔར་སྒྲུབ་ཐུབ་དང་མི་ཐུབ་ཀྱི་ངལ་བ་ང་ལ་མེད། ལར་ནས་སྤྱི་ཟུར་ལྷ་མོ་སྐྱབས་ཀྱིས་༼ མེ་རྒྱག་མི་གསོད་འཕྲོག་བཅོམ་ལ་སོགས་པ། གཞན་གནོད་མ་ཡིན་ཚེ་སྲོག་དམར་མཆོད་ཀྱིས། བདེན་པ་བརྡར་ཚུལ་འདི་ལ་འཚེ་མེད་ཅེས། འཇིག་རྟེན་སྐྱེ་བོ་ཀུན་ལ་ཡོངས་སུ་གྲགས། འདི་ལ་ཆོས་ཀྱི་ལྷན་པ་འགེབས་འོས་མིན། ༽ཞེས་བརྗོད་འདུག་པ་ཐུགས་སྙམ་པར་བཞག་པའི་གཏམ་ཨ་ཡིན། ཁྱེད་ཀྱིས་ད་དུང་འཚེ་མེད་ཞི་བའི་ལྷན་ཚོགས་དེ་ཚོའི་ནང་གི་རྩོད་གླེང་དེ་ཚོ་གོ་མེད་པ་འདྲ། གཞན་ལ་གཟིགས་མི་དགོས། ད་ལྟ་འཚོགས་བཞིན་པའི་ཨ་རིའི་སན་ཕ་རན་སི་སེ་ཀོའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ནང་གི་བགྲོ་གླེང་དེ་ཚོར་གཅིག་ལྟོས་ར། འཇིག་རྟེན་སྐྱེ་བོ་ཀུན་ལ་ཡོངས་སུ་གྲགས་མིན་ཤེས་ཡོང་མཆི།
དེ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་མང་དུ་འགྲོ་བཞིན་ཡོད། བོད་ནང་གི་ཉེ་ཆར་གྱི་གནས་ཚུལ་ཕུད། ད་དུང་ཏུ་ནི་ཤི་ཡའི་ནང་ཉེ་ཆར་རས་ལུས་མེར་བསྲེགས་བྱེད་མཁན་ ༢༠ སྐོར་བྱུང་ཡོད། འདི་ཚོ་དྲག་པོ་ཡིན་དང་མིན་གྱི་ཐད། ང་ཚོ་ཙམ་མ་ཟད། འཛམ་གླིང་ནང་ལྟ་སྟངས་མི་མཐུན་པ་མང་པོ་རེད། ཡིན་ནའང་ད་ཕན་སུས་ཀྱང་ཐག་ཆོད་པའི་ཐོག་ནས། འདི་དྲག་པོ་རེད་ཅེས་བཤད་ཐུབ་མེད་ལ། ཡོངས་སུ་ཞི་བ་རེད་ཅེས་ཀྱང་བཤད་ཐུབ་མེད། གང་ལྟར་རང་ཉིད་ལྕེབས་ཞོར་གཞན་དག་གསོད་པའི་སྦྱོར་བ་ལས་ལེགས་པ་ཞིག་ཡིན་པར་ཚང་མས་མོས་མཐུན་བྱེད་བཞིན་ཡོད། རང་ཉིད་བློས་གཏོང་བའི་ངོ་བོའི་ཐོག་ནས་བཤད་ན། འདི་འཚེ་བ་རེད་ཅེས་བཤད་དཀའ་བ་རེད། གང་ཡིན་ཟེར་ན། འཚེ་མེད་ཞི་བའི་དབུ་ཁྲིད་གྷན་དྷི་སོགས་ཀྱིས་ཀྱང་རང་ཉིད་བློས་བཏང་སྟེ། མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ནང་ཞུགས་མྱོང་བ་རེད། བྱེད་ཐབས་ཀྱི་ཐད་ནས་བཤད་ན། རང་ལུས་མེར་བསྲེགས་པ་དེས་མི་གཞན་ལ་དངངས་སྐྲག་སློང་གི་ཡོད། དེས་ངོ་རྒོལ་བྱེད་ཡུལ་དང་ངོ་རྒོལ་བྱེད་མཁན་བར་ཞི་འགྲིག་དང་གྲོས་མོལ་གྱི་སྐད་ཆ་མེད་པར་སྲོག་དོར་གྱི་ཡོད། དེ་ལས་ལྡོག་སྟེ་མ་ཤི་བར་ཟས་བཅད་བྱེད་མཁན་གྱིས་ངོ་རྒོལ་བྱེད་ཡུལ་ལ་བསམ་ཞིབ་དང་གྲོས་བསྡུར་གྱི་གོ་སྐབས་སྤྲོད་ཀྱི་ཡོད། འོན་ཀྱང་ཟས་བཅད་ངོ་རྒོལ་བ་ཞིག་ཟས་བཅད་བྱེད་བཞིན་འཆི་བའི་དབང་དུ་བཏང་ན། དེས་གཅིག་བྱས་ན། མེར་བསྲེགས་པ་ལས་ལྷག་པའི་དངངས་སྐྲག་སློང་སྲིད་པ་རེད། དེ་ཡན་གཅིག་ཡིན། དེ་དག་གློ་བུར་གྱི་འཆར་སྒོ་ཡིན།
དཔྱོད་ལྡན་མི་ནག་ཚང་གིས་རང་ལུས་མེར་བསྲེགས་ཀྱི་བགྱི་བ་འདི་འཚེ་བ་ཡིན་མིན་གྱི་གནད་དོན་དེ་གླེང་སློང་གནང་འདུག ཐོག་མར་ཞུ་དགོས་པ་ནི་གནད་དོན་འདི་ལ་ངས་ཞིབ་འདང་བརྒྱབ་མ་མྱོང་། ཡིན་ནའང་། ང་ཚོས་ལྟ་སྟངས་མི་འདྲ་བ་རྣམས་མཉམ་བསྲེས་མི་བྱེད་བ་དང་། གནས་སྟངས་མི་འདྲ་བ་ལ་དབྱེ་ཞིབ་མི་འདྲ་བའི་ལྟ་སྟངས་འཛིན་དགོས་ཀི་རེད་འདོད།
ལྟ་སྟངས་མི་འདྲ་བ་ཟེར་དུས། ནང་ཆོས་ཀྱི་ལྟ་སྟངས་ལྟ་བུ་ཞིག་དང་འཛམ་གླིང་སྤྱིའི་ལྟ་སྟངས་གཉིས་མི་མཐུན་ན། དེ་གཉིས་མཉམ་བསྲེས་མི་བྱེད་པར་ལོགས་སུ་བལྟས་ཏེ་གཤིབས་བསྡུར་བྱེད་དགོས། འཛམ་གླིང་ནང་Violence ཟེར་བ་དེ། སྤྱིར་བཏང་དྲག་པོ་ལ་གོ་ཞིང་། Non-violence ཟེར་དུས། དྲག་པོ་མིན་པར་གོ་བ་རེད། འོན་ཀྱང་ཚིག་ཕྱི་མ་འདི་བོད་སྐད་དུ་འཚེ་མེད་ཞི་བ་ཞེས་བསྒྱུར་ཡོད། དེར་བརྟེན། ང་ཚོའི་སེམས་ནང་འཚེ་མེད་ཞི་བ་ཟེར་དུས། འཚེ་བ་མེད་པ་དེ་ཨང་དང་པོར་ཤར་ཡོང་གི་ཡོད། དེ་གཅིག་ཡིན།
དེ་ནས་འཚེ་བ་བྱས་དང་མ་བྱས་ཟེར་བ་དེ་ཡང་སྤྱི་ཡོངས་ཀྱི་གོ་བ་ཞིག་ལ་སྦྱར་དགོས་བ་ལས། ཞིབ་ཆ་བྱས་ཏེ་གྲིས་གཏུབས་པ་འདྲ་བའི་ས་མཚམས་ཤིག་འཇོག་དཀའ་བ་ཡིན། ཞིབ་ཆ་བྱས་ན་དཀའ་ངལ་ཡོད་པ་ནི་ཆུ་ཐིགས་གཅིག་བཏུང་ནའང་སྲོག་ཆགས་ཀྱི་སྲོག་འགྲོི་བ་དང་། གོམ་པ་གཅིག་སྤོས་ནའང་སྲོག་ཆགས་མང་པོ་ཤི་འགྲོ་བའི་ཚུལ་འདི་ཚོར་བསམས་ན་ཤེས།
གནས་སྟངས་མི་འདྲ་བ་ཟེར་དུས། རང་དབང་ངེས་ཅན་ཡོད་པའི་ལུང་བ་དཔེར་ན། རྒྱ་གར་དབྱིན་ཇིའི་འོག་ཏུ་སྡོད་དུས། ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ། ཞི་བའི་ཁྲོམ་སྐོར། རྩོམ་ཡིག་སྤེལ་བ་སོགས་ཀྱི་གོ་སྐབས་ཡོད་པས། ཞི་བའི་ཐབས་ལམ་དེ་དག་མ་སྤྱད་པར་རང་ལུས་མེར་བསྲེགས་བྱས་ན། དེ་ལ་རྒྱུ་མཚན་དེ་ཙམ་མཐོང་དཀའ་བ་ཡིན། བོད་ནང་དུ་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་སོགས་ཀྱི་གོ་སྐབས་མེད། བོད་མི་ཚོས་ཁྲོམ་གཞུང་དུ་སྐད་འབོད་དང་ཡི་གེ་སྦྱོར་བ་སོགས་ཀྱི་ཐབས་ལམ་གང་ཡོད་པ་དེ་སྤྱད་པ་རེད། ཐབས་ལམ་དེ་ཚོས་ནུས་པ་མ་ཐོན་དུས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་དགོས་བྱུང་བ་རེད། བགྱི་བ་འདི་གནས་སྟངས་ཁྱད་པར་བ་ཞིག་གི་འོག་ཏུ་བྱུང་བའི་ཚུལ་དེ་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད། དེ་ཡན་གཅིག་ཡིན།
མ་གཞི། ཁང་གསར་འདིས་རང་ཚུགས་ཡོད་པའི་སྒོ་ནས་རང་དཔྱོད་ཀྱིས་ཕྱོགས་སྟོན་རེ་བྱེད་རུང་། དེ་རིང་ནི། བསྡུ་སྒྲིག་གི་ལས་སུ་ཞུགས་འདུག འདིས། ག་རེ་གསལ་བཤད་བྱེད་ཀྱིན་འདུག་ཟེར་ན། རིག་གནས་དེའི་དཀྱིལ་འཁོར་འོག་ཏུ་ཚུད་ཚར་བ་བསྟན་སོང་བ་མིན་ནམ། འདི་ཡང་། མཐའ་གཅིག་ཏུ་མ་འགྲིགས་པ་ཟེར་གི་མེད་དེ། གང་ལྟར། ཞིབ་འཇུག་པ་ཞིག་ཡིན་ན། རང་རྣམ་དང་རིང་ལུགས་ཤིག་དགོས་པ་ནི། མ་མཐའི་ཆ་རྐྱེན་ཞིག་མ་རེད་དམ།
འདི་ནི། གསག་འདྲིའི་ཚུལ་དུ་བསླངས་པ་མིན་པར་སྤྱིར་བཏང་གི་ངོས་འཛིན་ཞིག་བཤད་པ་ཡིན། ཁྱོད་ལ་ཉམས་ཞིབ་པ་ཞིག་གི་རྣམ་འགྱུར་ཡོད་ན། རང་ཚུགས་དང་དཔྱོད་ཤེས་ཀྱི་འདུ་ཤེས་ཤིག་ཡོད་དགོས་པ་གལ་ཆེན་རེད་མ་གཏོགས། བསྡུ་སྒྲིག་གིས་རྣམ་འགྱུར་ནི་མ་བརྟག་ཡིད་ཆེས་བྱེད་སྟངས་ཤིག་མིན་འགྲོའོ།།
ཐེག་ཆེན་གྱི་མདོ་དྲངས་ཡོང་ནས་རྒྱལ་གཅེས་དཔའ་རྒོད་རྣམ་པ་ཡང་བྱང་ཆུབ་སེམས་དཔར་སྒྲུབ་ཀྱིན་ཡོད་པ་ཡིན་ནམ། ད་དུང་དེ་ལས་ཀྱང་ལྷག་པར་ཡིན་ཚུལ་ཞིག་ཡོད་དམ། བསྟོད་མི་ཤེས་པ་ཞིག་གི་བསྟོད་པ་ལས་སྨད་མི་ཤེས་པ་ཞིག་གི་སྨད་པ་བཟང་ཟེར་བ་དེ་ཡང་འདི་འདྲའི་རིགས་མིན་ནམ།
མེ་རྒྱག་མི་གསོད་འཕྲོག་བཅོམ་ལ་སོགས་པ། གཞན་གནོད་མ་ཡིན་ཚེ་སྲོག་དམར་མཆོད་ཀྱིས། བདེན་པ་བརྡར་ཚུལ་འདི་ལ་འཚེ་མེད་ཅེས། འཇིག་རྟེན་སྐྱེ་བོ་ཀུན་ལ་ཡོངས་སུ་གྲགས། འདི་ལ་ཆོས་ཀྱི་ལྷན་པ་འགེབས་འོས་མིན།
བུ་ཁང་གསར་བ་བྱོན་པ་ལེགས་སོ། སླད་མར་དྲ་རྒྱ་དང་ཁ་བྲལ་ནས་ག་ཤེད་བརླག་མ་འགྲོ་ལོ།
ཁང་གསར་རྡོ་རྗེ་ནི། གློ་བུར་དུ་ཐོན་སྟངས་དང་གོང་དུ་ཕྱོགས་བཏུས་རྩོམ་ཡིག་གཉིས་ཀ་འདྲ་བོ་རེད། གང་ཡིན་ཟེར་ན། ཁང་གསར་ནི་སྐབས་སྐབས་མ་གཏོགས་རྒྱུན་ལྡན་གྱི་གང་ཞིག་ཏུ་ཡོད་མེད་མི་ཤེས་པ་དང་། དེ་རིང་ཁོས་བཏུས་རྩོམ་ནི་དེ་རིང་མ་གཏོགས་བེད་སྤྱོད་ཆེ་ཞིག་མིན་པས་ན། གཉིས་ཀས་ངོ་གདོང་གཅིག་པ་རེད།
སྐུ་ཞབས་ཁང་གསར་ལགས་ཕེབས་པ་དགའ་བསུ་ཞུ
ད་ལྟའི་དུས་ཚོད་འདི་ཡང་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་དང་བོད་མི་ཚོ་ལ་མེ་སྒྱོགས་ཆུང་ངུ་ཞིག་གཡུག་རྗེས་ཀྱི་དོགས་དཔྱོད་དེ་རེད།
ཉེ་སྔོན་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་མས་མེ་སྲེག་དོན་རྐྱེན་དེ་༸གོང་ས་མཆོག་གི་ངན་སྐུལ་རེད་ཞེས་གཞི་མེད་ཀྱི་བསྙོན་འཛུགས་ཤིག་བྱས་རྗེས། བོད་མི་ཚོས་དོན་རྐྱེན་དེ་བསྙོན་འཛུགས་ཤིག་དང་སྐུ་ལུས་མཆོད་མེ་ཕུལ་བ་འཚེ་མེད་ཀྱི་ལྟ་གྲུབ་འཁྲུལ་མེད་ཞིག་ཡིན་པའི་གསལ་བཤད་དང་སྦྲགས། ཚིག་རྣོ་ས་ཕར་ཕྱོགས་དགྲ་ལ་མ་གཏད་པར་ཚུར་ནང་ཁུངས་ལ་གཏད་ནས་རང་རང་བདེན་གྲུབ་ཡིན་པའི་མཚན་མ་དང་ཁུངས་ལུང་དྲངས་བ་རེད། འདི་ཡང་ང་ཚོ་མགོ་བོ་འཐོམ་སའི་གཞི་ཡིན་ལ་ངན་གོམས་ཀྱི་གཤིས་རྒྱུད་རྟུལ་པོ་དེ་ཡང་རེད།
དྲང་མོར་བཤད་ན་རྒྱལ་སྤྱིའི་དཔའ་བོ་དག་གིས་སྐུ་ལུས་མེ་རུ་ཕུལ་བ་ནི་རྒྱག་ནག་གི་བཙན་གནོན་དང་སྡུག་རྩུབ་མཚོན་བཞིན་ཡོད་ལ། འུ་ཐུག་ཐབས་ཟད་ཀྱི་བྱེད་བབ་དངོས་མ་ཞིག་ཡིན་སྟབས། དེ་ནི་འཚེ་བ་དང་འཚེ་མེད་ཡིན་མིན་ལ་འབྲེལ་བ་གང་ཡང་མི་འདུག་སེམས། འཚེ་བ་ཡིན་ན་ཡང་རུང་འཚེ་མེད་ཡིན་ན་ཡང་རུང་གང་ལྟར་རང་དབང་དང་ཐོབ་ཐང་། སྨྲ་བརྗོད། གུ་ཡང་གང་ཡང་མེད་ས་ཞིག་ནས་འཚེ་བ་དང་འཚེ་མེད་ཀྱི་བདམས་ཀ་གཅིག་ཀྱང་ཡོད་པ་མ་རེད། མངོན་འདོད་དང་རེ་སྙེག་གང་ཞིག་ཡོད་ན་དེ་བརྩོན་རྒྱུ་ནི་རང་གཤིས་ཤིག་ཡིན་ལ་འགྲོ་སྟངས་ཤིག་ཀྱང་ལོས་ཡིན་སྙམ། མདོ་དོན་འུ་ཐུག་དུས་ཇི་ཡང་བྱེད་རུང་བས་བྱེས་ན་ལྷོད་སྡོད་བྱེད་མཁན་ཚོས་རང་ཉིད་ཀྱི་འདོད་དོན་ཁོ་ན་མི་བཤད་པར་དོན་དངོས་ཀྱི་གནས་བབ་ལ་བལྟ་དགོས་པ་འདུག
ཁང་གསར་རྡོ་རྗེ་ལགས། དྲ་ལམ་ནས་ཡལ་བར་གྱུར་ཏེ་ཟླ་བ་མང་པོ་ཕྱིན་པའི་དེ་རིང་སླར་ཡང་ཕྱིར་མངོན་པ་དེ་ལ་དགའ་བསུ་ཞུ།
བར་ལམ་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་བྱུང་བའི་གནད་དོན་དེ་དག་གི་ཐད་ཁྱོད་རང་གིས་བསམ་ཚུལ་མི་སྤེལ་བར་བཞུགས་དོན་གང་ཡིན་འདྲི་འདོད་བྱུང་། གང་ཡིན་ཟེར་ན་ཁྱོད་རང་གི་བསམ་ཚུལ་ཡོངས་རྫོགས་ལ་མོས་མཐུན་ཟེར་བ་ནམ་ཡང་ཡོང་མི་སྲིད་ཀྱང་། བར་ལམ་ཁྱོད་རང་གིས་སྤེལ་བའི་བསམ་ཚུལ་སྐོར་ཅིག་ལ་ཆབ་སྲིད་སོགས་གང་ཐད་ནས་རིན་ཐང་ཆེན་པོ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་འཇམ་ཐིང་ངེར་སྡོད་དོན་གང་ཡིན་ཅིག་གསུངས་ན་གང་འདྲ་འདུག
སྐུ་ཞབས་ཁང་སར་རྡོ་རྗེས་རྒྱུན་རིང་པོར་རྩོམ་ཡིག་སྤེལ་མ་བྱུང་བས་རེ་ཐང་ཆད་གྲབ་ཡོད་དུས་འདིར། ཁུངས་ལུང་ཡོད་པའི་རྩོམ་ལེགས་པོ་ཞིག་མིག་གི་བདུད་རྩིར་སྨིན་པ་སྤྲོ་བ་ཆེ། རྗེས་སོར་མུ་མཐུད་སྤྱི་ཚོགས་དཔྱད་རྗོད་དང་ཆབ་སྲིད་དཔྱད་རྗོད་རེ་འབྲི་ཐུབ་པའི་རེ་བ་ནི་སྐོམ་པ་ཆུ་ལ་རེ་བའི་དོ་ཟླ་མིན་ལགས།
དེ་འདྲ་ཞིག་ཡིན་པར་སྨོན། འདི་ཡང་རྗེས་མ་བསྙོན་འཛུགས་བྱེད་ས་ཞིག་ཏུ་ཡང་མི་འགྱུར་བར་ཤོག
རང་ལུས་མེར་སྲེག་དང་པདྨའི་མདོ་ཡི་སྐོར་འདི་ཐོག་མར་ཝེ་ཐུ་ནམ་གྱི་དམག་འཁྲུག་སྐབས་སུ་གླེང་བ་འདྲ། ༡༩༦༣ ལོའི་མེ་སྲེག་གི་སྐབས་ནས་བཟུང་། མུབ་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་རང་ལུས་མེར་སྲེག་འདི་ནང་བའི་དགེ་སློང་དག་གི་ངོ་རྒོལ་བྱེད་སྟངས་ཤིག་ལ་ངོས་འཛིན་བྱས་འདུག ནང་བ་མ་གཏོགས། ཧིན་རྡུའི་ཆོས་ལུགས་ནང་དུ་ཡང་རང་ལུས་མེར་སྲེག་འདི་ཁྱབ་ཆེན་པོ་ཡོད་པར་བཤད་འདུག
གཙོ་བོ་འདི་འཚེ་བ་ཡིན་མིན་གྱི་ཐད་ནས་རེད། ཐེག་པ་ཆེན་པོའི་ལུགས་ལ་གཞན་དོན་དུ་སྙིང་རྗེ་ཆེན་པོ་བཅས་རང་སྲོག་ཕུལ་བ་དེ་མི་རུང་བ་ཞིག་མིན་ལ། ཐ་ན་གཞན་སྲིག་བཅད་ན་ཡང་རུང་སྐོར། གོང་ས་མཆོག་གིས་ཐོ་མ་སི་ལར་ཌི་མཉམ་བཀའ་མོལ་གནང་བའི་༼བོད་ཀྱི་ལོ་རྒྱུས་༽་ཞེས་པའི་དེབ་ཀྱི་ནང་དུ་གསལ་བོར་གསུངས་འདུག
སྐབས་དེ་དག་གི་བྱང་ཆུབ་ཀྱི་སྤྱོད་པ་དང་། ཁ་སང་དེ་རིང་གི་བོད་ནང་གི་འ་ཆད་འུ་ཐུག་གི་གནས་སྐབས་སུ་བྱུང་བ་དག་མཚུངས་སྦྱོར་བྱེད་སྟངས་ཤིག་ཡོད་ན་ནི་ཅི་གང་བཤད་རྒྱུ་མེད།
དེ་མིན་ཚེ། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ལོ་རྒྱུས་ཀྱི་བྱུང་བ་རང་ལ་ངོས་འཛིན་བྱས་ན་ལེགས་པར་འདོད། འཚེ་བ་ཡིན་ཡང་། སྐྲག་དགོས་དོན་དང་ཡིད་ལ་མི་ཤོངས་པ་ཞིག་མ་རེད་འདོད།
གེ་སར་སྒྲུང་གླུའི་ནང་དུ་བོད་མི་རིགས་ཀྱི་དཔའ་བོའི་བློས་གཏོང་དང་རིག་གནས་མང་ཙམ་འདུག་པས་ལྟ་ཀློག་བྟ་རྒྱུ་མང་པོ་འདུག་སྙམ།
སྐུ་ཉིད་ཀྱི་རྩོམ་ཡིག་འདིར་ཡང་རིན་ཐང་ཆེན་པོ་འདུག་པས། ཐུགས་རྗེ་ཆེ།