ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༡ བར་གྱི་ཉིན་བཞིའི་རིང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ ༣༦ ཙམ་ནས་ཕེབས་པའི་མི་མང་ ༣༥༠༠ ལྷག་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་བོད་ནང་གི་གནས་སྟངས་ཐད། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ་མཇུག་བསྒྲིལ་ལ་ཉེ་སྐབས། འདི་གའི་གསར་འགོད་པས་ས་གནས་ཁག་ནས་ཕེབས་པའི་ལས་འགུལ་བ་སྐོར་ཞིག་ལ་བསམ་ཚུལ་བསྡུས་ཡོད།
བལ་ཡུལ་རྒྱལ་ས་ཀ་ཐ་ན་ཊའུ་ནས་ཕེབས་པའི་བསོད་ནམས་དཔལ་ལྡན་ལགས་སུ། ཐེངས་འདིའི་ལས་འགུལ་ནང་བལ་ཡུལ་གྱི་མི་ག་ཚོད་ཕེབས་ཡོད་མེད་དང་། ལས་འགུལ་ལ་མཐོང་སྣང་གང་འདྲ་བྱུང་མིན་དྲིས་པར། ཁོང་གིས་ “ བལ་ཡུལ་ནས་ང་ཚོ་མི་ ༡༠༠ ལྷག་ཡོང་ཡོད། རྒྱ་གཞུང་གི་དྲག་གནོན་འོག་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་གང་ཡང་ཡོད་པ་མ་རེད་ལ། བལ་ཡུལ་ལ་མཚོན་ན་ཡང་རྒྱ་གཞུང་གི་གནོན་ཤུགས་འོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སོགས་བོད་པའི་དུས་ཆེན་ཁག་ཏུ་མི་མང་འདུ་འཛོམས་བཀག་སྡོམ་བྱས་ཡོད་པ་རེད། བོད་མི་ཚོ་གང་བྱུང་དུ་འཛིན་བཟུང་བྱེད་པ་དང་། བལ་ཡུལ་བོད་མིའི་འབྲེལ་མཐུད་པའང་ཐེངས་མང་པོར་ཁྲིད་པ་རེད། བལ་ཡུལ་ནང་གི་བོད་མི་ཚོར་རྒྱ་མིའི་ཐོག་ན་ཟུག་ཆེན་པོ་ཡོད་པ་རེད། བོད་ནང་བོད་མི་ཚོས་རང་སྲོག་བློས་གཏོང་གིས་རྒྱ་ནག་གཞུང་ལ་འཐབ་རྩོད་བྱེད་ཀྱིན་པར་བལྟས་ན། ང་ཚོའི་ལས་འགུལ་དེ་རྣམ་པ་ཙམ་རེད། ཡིན་ནའང་ད་རེབ་གཞུང་འབྲེལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དེར་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད་ལ། ལས་འགུལ་འདི་ལས་ང་ཚོ་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་མཉམ་རུབ་ཀྱི་ཚོར་སྣང་ཆེན་པོ་བྱུང་སོང་། ” ཞེས་བརྗོད་བྱུང་།
ཡང་ཁོང་ལ་ཐེངས་འདིའི་ལས་འགུལ་ལ་འདོད་པ་ཁེངས་པ་ཞིག་བྱུང་ཡོད་མེད་དྲིས་པར་ “ ཐོག་མ་བལ་ཡུལ་ནས་ཡོང་སྐབས་ཀྱི་བསམ་བློ་དང་ལྡི་ལི་ལས་འགུལ་བར་ཁྱད་པར་ཆེན་པོ་འདུག ང་རང་གི་བསམ་པར་མི་མང་སྟོང་ཕྲག་མང་པོས་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་མཐའ་བསྐོར་ཏེ་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁྱབ་བསྒྲགས་འགྲོ་ཐུབ་པ་ཞིག་བྱེད་པ་རེད་བསམ་སོང་། འོན་ཀྱང་ལས་འགུལ་སྐབས་ཉིན་ལྟར་ས་གནས་གཅིག་རང་ནས་སྐད་རྒྱག་དགོས་དུས། ང་རང་གི་འདོད་པ་ཁེངས་པ་ཞིག་བྱུང་མ་སོང་། མ་འོངས་པར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་ཞིག་ཡིན་རུང་། གོམ་བགྲོད་དང་མར་མེ་ཁྲོམ་སྐོར་ཙམ་མིན་པར་ཐབས་ལམ་འདྲ་མིན་གྱི་ལམ་ནས་ལས་འགུལ་སྤེལ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ང་ལ་མཚོན་ན་མ་འོངས་པར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་འདྲ་ཞིག་གིས་ལས་འགུལ་སྤེལ་ཡང་མཉམ་ཞུགས་བྱ་རྒྱུར་གྲ་སྒྲིག་ཡིན ” ཅེས་བརྗོད་བྱུང་།
རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་བསྟན་འཛིན་སྒང་ནས་ཕེབས་པའི་བསོད་ནམས་པད་འཛོམས་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས་ “ ཐེངས་འདིར་ང་ཚོ་བོད་གཞུང་གི་བཀོད་ཁྱབ་ལྟར་བསྟན་འཛིན་སྒང་དང་མེའོ། ཏེ་ཛུ་བཅས་གཞིས་ཆགས་ཁག་གསུམ་ནས་བོད་མི་ ༧༥ ཙམ་ཡོང་ཡོད། ཨ་རུ་ནཱ་ཅལ་ཕྱོགས་ཀྱི་བོད་མི་ཚོས་ ༢༠༠༨ ལོ་ནས་བཟུང་ལས་འགུལ་མང་པོ་སྤེལ་ཡོད་ཀྱང་། ས་གནས་སུ་བརྒྱུད་ལམ་གྱི་གནས་སྟངས་སྐྱོ་བོ་ཡིན་སྟབས། གནས་ཚུལ་ཁྱབ་ཐུབ་ཀྱི་མི་འདུག ཐེངས་འདིར་ང་རང་དང་བླངས་ཐོག་ཡོང་བ་ཡིན། གཞུང་གི་སྣེ་ཁྲིད་པའི་ལས་འགུལ་འདི་འདྲ་ཆེན་པོ་ཞིག་ཏུ་ཞུགས་པ་ཐེངས་དང་པོ་ཡིན། ཐེངས་འདིའི་ཉིན་གསུམ་རིང་གི་ལས་འགུལ་དེ་ཧ་ཅང་ཡག་པོར་མཐོང་སོང་། ལས་འགུལ་གོ་སྒྲིག་དང་མི་མང་གི་མཉམ་ཞུགས། གནད་ཡོད་མི་སྣའི་གཏམ་བཤད་སོགས་ཕྱོགས་ཡོངས་ནས་ཡག་པོ་འདུག ས་གནས་འདྲ་མིན་ནས་རྒན་གཞོན་མང་པོ་འཛོམས་པ་འདིར་སེམས་འགུལ་ཆེན་པོ་ཐེབས་སོང ” ཞེས་བརྗོད་བྱུང་།
ཡང་ཁོང་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་མ་འོངས་པར་བཙན་བྱོལ་བོད་མི་ཚོས་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད་མེད་དྲིས་པར། “ ང་ཚོ་ལ་མཚོན་ན་ད་བར་ས་གནས་རང་དུ་ལས་འགུལ་ཆུང་ངུ་རེ་སྤེལ་བསྡད་པ་ལས་གཞི་རྒྱ་ཆེ་བའི་ལས་འགུལ་དེ་འདྲ་མཐོང་མ་མྱོང་། མ་འོངས་པར་ཡང་མི་མང་གི་ངོས་ནས་ལས་འགུལ་འདི་འདྲ་མུ་མཐུད་སྤེལ་རྒྱ་དང་། གཞུང་གི་གནད་ཡོད་མི་སྣ་ཚོས་རྒྱལ་སྤྱིའི་སྟེང་ལ་འབྲེལ་ལམ་བྱས་ཏེ་རྒྱབ་སྐྱོར་འཚོལ་གལ་ཆེན་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།
ཧི་མ་ཅལ་མངའ་སྡེ་རྒྱལ་ས་སིམ་ལ་ནས་ཕེབས་པའི་རྒན་པོ་དཀོན་མཆོག་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ ཐེངས་འདིར་གཞུང་གི་བཀོད་ཁྱབ་ལྟར་ང་ཚོ་སིམ་ལ་ནས་སེར་སྐྱ་མི་མང་ ༡༠༠ མ་ཟིན་ཙམ་ཞིག་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད། ང་ད་ལྟ་ལོ་ ༧༥ ཡིན། ལོ་ཚོད་ཀྱི་ཆ་ནས་ད་ལྟ་འགྲོ་འདུག་སྟབས་མི་བདེ་བའི་དུས་ལ་བསླེབས་ཡོད་ཀྱང་། རྔ་པ་དང་ཁམས་རྟའུ་བཅས་ནས་སེར་སྐྱ་བོད་མི་དགུ་ཡིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཀྱང་། རྒྱ་ནག་གཞུང་གིས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར་མུ་མཐུད་དྲག་གནོན་བྱེད་བཞིན་པ་དེར་ང་ཚོས་ལྟད་མོར་བལྟས་ཏེ་སྡོད་ས་ཡོད་པ་མ་རེད། བོད་ནང་གི་གནས་སྟངས་སྡུག་པོ་དེ་རྒྱལ་སྤྱིའི་ཐོག་ལ་བསྐྱལ་ཐུབ་མིན་དེ་ང་ཚོར་རག་ལས་ཡོད་པ་རེད། བོད་ནང་གི་བོད་མི་ཚོའི་རེ་བ་གཙོ་བོ་༸གོང་ས་མཆོག་དང་ང་ཚོར་གཏད་ཡོད་པ་རེད། ཐེངས་འདིའི་ལས་འགུལ་ནང་མི་མང་མཉམ་ཞུགས་དང་གྲ་སྒྲིག་ཡག་པོ་བྱུང་འདུག ལས་འགུལ་གྱི་སྐབས་སུའང་ཁ་ཆག་སྣ་རལ་མེད་པར་སྒྲིག་ལམ་ཡོད་པ་ཞིག་ཆགས་སོང་། ང་ཚོ་ཚང་མས་༸གོང་ས་མཆོག་གི་ལམ་སྟོན་དང་མ་འགལ་བའི་ཐོག་བོད་ཕྱི་ནང་གཉིས་ཀ་མཉམ་རུབ་བྱ་རྒྱུ་དང་། གཞུང་ངོས་ནས་ཀྱང་ད་རེབ་ཙམ་མིན་པར་ལས་འགུལ་རྒྱུན་བསྲིང་བྱ་རྒྱུ་གལ་ཆེན་པོ་རེད་དྲན་ཡོད ” ཅེས་བརྗོད་བྱུང་།
ཡང་ཁོང་ལ་གཞུང་དང་གཞུང་འབྲེལ་མིན་པའི་ལས་འགུལ་བར་ཁྱད་པར་གང་འདྲ་མཐོང་གི་ཡོད་མེད་དྲིས་པར། “ གཞུང་དང་གཞུང་འབྲེལ་མིན་པའི་ལས་འགུལ་ལ་ཁྱད་ཆེན་པོ་འདུག ད་རེབ་བོད་མི་མང་སྤྱི་འཐུས་ཚོས་སྣེ་འཁྲིད་ཀྱི་ཡོད་སྟབས། མི་མང་པོ་མཉམ་ཞུགས་བྱས་འདུག ལས་འགུལ་གྱི་གོ་རིམ་ཚགས་ཚུད་པོ་འདུག གཞུང་འབྲེལ་མིན་པའི་ཚོགས་པའི་ལས་འདུལ་ནང་ང་རང་ཐེངས་མང་པོ་ཞུགས་མྱོང་ཡོད། གཞོན་ནུའི་གོ་སྒྲིག་འོག་རྒྱ་མིའི་གཞུང་ཚབ་ལ་མཆོང་མྱོང་ཡོད། ཡིན་ནའང་གཞུང་འབྲེལ་གྱི་ལས་འགུལ་ལྟར་རྒྱ་ཆེན་པོ་དང་ཚགས་ཚུད་པོ་ཡོང་ཐུབ་ཀྱི་མི་འདུག སྤྱིར་འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་པ་རེད། བོད་མི་ཚོའི་རྡོག་རྩ་ཆིག་སྒྲིག་དང་མཉམ་རུབ་ལ་རག་ལས་འདུག་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་འབོད་སྒྲ་གཙོ་བོ་༸གོང་ས་མཆོག་བོད་ནང་ཕེབས་རྒྱུ་དང་། བོད་གཞིས་བྱེས་མཉམ་འཛོམས་བྱ་དགོས་པ་དེ་རེད། ཉེ་ཆར་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་ཡིན་གསུངས་སོང་། གཙོ་བོ་གཞུང་མང་གཉིས་ཀྱི་དམིགས་ཡུལ་གཅིག་གི་ཐོག་ཤུགས་རྒྱག་ཐུབ་ན། བོད་ནང་གི་བོད་མིའི་རེ་འདུན་དང་ང་ཚོའི་དམིགས་ཡུལ་འགྲུབ་པ་ཞིག་ཡོང་གི་རེད ”ཅེས་བརྗོད་བྱུང་།
སྤིར་གཞིས་ཆགས་ནས་ཕེབས་པའི་ཚེ་བཀྲ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ ང་ཚོར་མཚོན་ན་ཐེངས་འདིར་གཞིས་ཆགས་གཞན་ལྟར་གཞུང་འབྲེལ་འགྲོ་སོང་བཏང་བའི་ཐོག་ཡོང་བ་མིན་པར་སྤིར་གསར་འབྱོར་ཚོགས་པའི་ངོས་ནས་ཉེ་འགྲམ་གྱི་དགོན་སྡེ་ཁག་དང་ལས་ཁུངས་ཁག་ལ་སློང་མོ་བརྒྱབ་ཏེ་མི་ ༤༠ ཡོང་བ་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ། འདས་པའི་དུས་ནས་རྔ་པ་ཀིརྟི་དང་རྟའུ་ཉ་མཚོ་དགོན་པ་སོགས་སུ་སྐྱ་སེར་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་སྟབས། ང་ཚོ་གཅིག་ནས་རྒྱ་གར་རང་དབང་ལུང་པར་བསྡད་ཡོད་པ་དང་། གཉིས་ནས་ཧི་མ་ཅལ་མངའ་སྡེ་ནས་ལྡི་ལིར་འགྲོ་མི་ཐུབ་པ་གང་ཡང་མི་འདུག་བསམ་སྟེ་ཡོང་བ་ཡིན། ཐེངས་འདིར་ལས་འགུལ་བའི་ཁྲོད་རྒན་པ་ལོ་ ༩༡ ཅན་དང་བྱིས་པ་མང་པོ་ཞིག་མཉམ་ཞུགས་བྱས་འདུག ཉིན་གསུམ་རིང་གི་མི་མང་ལས་འགུལ་འདིས་ང་ལ་སྔར་ལས་ལྷག་པའི་སྤོབས་པ་ཞིག་བསླེབས་སོང་ལ། ང་ཚོས་མུ་མཐུད་འདི་ལྟར་ལས་འགུལ་རྒྱུན་སྐྱོང་ཐུབ་པ་ཡིན་ན། རྒྱལ་སྤྱི་དང་རྒྱ་གར་གྱི་རྒྱབ་སྐྱོར་ཡོང་གི་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།
ཡང་ཁོང་ལ་མ་འོངས་པར་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད་མེད་དྲིས་པར། ཁོང་གིས། “ སྔོན་མ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་དུ་ཞི་བའི་སྒེར་ལངས་བྱུང་བ་རེད། སྐབས་དེར་བཙན་བྱོལ་ནང་མང་པོ་ཞིག་གིས་ལས་འགུལ་ཤུགས་ཆེན་པོ་སྤེལ་དགོས་པ་རེད་གསུངས་ཡོད་ཀྱང་། རེ་ཟུང་གིས་འདི་ནས་ཟ་ངེ་ཟིང་ངེ་བྱ་རྒྱུ་ཡོད་པ་མ་རེད། བོད་ནང་ཉེན་ཁ་ཆེན་པོ་ཡོད་པ་རེད་ལབ་སྟེ་རིམ་གྱིས་གྲགས་འགུལ་མེད་པ་ཆགས་པ་རེད། དེ་ལ་བོད་ནང་གི་བོད་མི་མང་པོ་ཞིག་སེམས་ཤུགས་ཆག་ཡོད་པའི་སྐད་ཆ་འདུག ད་རེབ་ང་ཚོས་རྒྱ་ནག་གཞུང་ཚབ་གཏོར་བཅོམ་དང་རང་སྲོག་བློས་གཏོང་མི་ཐུབ་ཀྱང་། ལས་འགུལ་རྒྱུན་མཐུད་རྒྱུ་དང་། ཐབས་ལམ་འདྲ་མིན་སྤྱད་དེ་རྒྱ་ནག་གི་མགོ་ཁྲིད་ཚོ་སྡོད་མ་བདེ་བ་བཟོ་རྒྱུ། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བསླེབས་ཐུབ་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག་བསམ་ཡོད། མི་མང་ལ་མཚོན་ནའང་ལས་འགུལ་སྐབས་གད་མོ་དགོད་པ་དང་། གདོང་ལ་འཛུམ་གྱིས་ཁེངས་པ་མ་ཡིན་པར། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དག་གི་བློས་གཏོང་དང་འབོད་ཚིག་སེམས་ལ་བཅིངས་ཏེ། སེམས་པའི་གཏིང་ནས་གདུང་སེམས་མཉམ་སྐྱེད་ཅིག་བྱ་དགོས་པ་རེད ” ཅེས་བརྗོད་བྱུང་།
ལྷོ་ཕྱོགས་སེར་བྱེས་ཧར་གདོང་ཁང་ཚན་གྱི་གྲྭ་ཡེ་ཤེས་ལམ་བཟང་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས།“ ང་སྔོན་མ་ལས་འགུལ་མང་པོར་ཞུགས་མྱོང་ཡང་། གཞི་རྒྱ་ཆེ་བའི་གཞུང་འབྲེལ་གྱི་ལས་འགུལ་ནང་ཞུགས་པ་དང་པོ་ཡིན། ཐེངས་འདིར་མཚོན་ན་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་འདུག་ལ། དུས་རྒྱུན་ལས་འགུལ་ནང་ཞུགས་ཀྱི་མེད་པ་མང་པོ་ཞིག་ཀྱང་མཐོང་རྒྱུ་འདུག འདི་མི་མང་གིས་གཞུང་འབྲེལ་ལས་འགུལ་ལ་ལྟ་སྟངས་ཡག་པོ་བཟུང་བ་རེད་བསམ་གྱི་འདུག ང་རང་སྒེར་ལའང་སེམས་ཚོར་མ་འདྲ་བ་ཞིག་འདུག སྤྱིར་བཏང་གཞུང་གི་ལས་འགུལ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འགུལ་བར་ཁྱད་པར་ཕྲན་བུ་འདུག གཞུང་ལ་མཚོན་ན་ཞི་བའི་ལམ་ནས་ལས་འགུལ་སྤེལ་གྱི་འདུག་ལ། གཞུང་འབྲེལ་མིན་པའི་ཚོགས་པར་མཚོན་ན་ཞི་བའི་ལས་འགུལ་ཡིན་ཡང་། རྣམ་འགྱུར་སྟོན་སྟངས་ཀྱི་ཐད་ནས་ཚོར་བ་ཤུགས་དྲག་པོ་སྟོན་གྱིན་པ་ཞིག་ལ་མཐོང་སོང་། ད་ལྟ་གཞུང་གིས་སྣེ་འཁྲིད་ཀྱི་ཡོད་ཀྱང་། འདིའི་མཇུག་ཏུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་དེ་ལས་འགུལ་རྒྱུན་མཐུད་རྒྱུ་གལ་ཆེན་པོར་མཐོང་སོང་། ༢༠༠༨ ལོའི་བཙན་བྱོལ་ནང་གི་ལས་འགུལ་དག་ལ་མང་པོ་ཞིག་བློ་ཕམ་སྐྱེས་ཡོད་པ་རེད། སྣེ་འཁྲིད་མཁན་ཡག་པོ་ཡོད་མེད་ལ་ཐུག་ཡོད་པ་རེད་མ་གཏོགས། མི་མང་གིས་མཉམ་ཞུགས་བྱ་མིན་ལ་ཐེ་འཚོལ་ཡོད་པ་མ་རེད། གཙོ་བོ་ལས་འགུལ་སྐབས་མི་མང་གི་རེ་བ་མི་བརླག་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད ” ཅེས་བརྗོད་བྱུང་།
རྡེ་ར་ལྡུན་ནས་ཕེབས་པའི་ཨ་ནེ་ཐུབ་བསྟན་ཚེ་མཚོ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ ང་རང་བོད་མི་ཞིག་ཡིན་པ་དང་ལྷག་པར་དུ་བཙུན་མ་ཞིག་ཡིན་པའི་ཆ་ནས་བོད་ནང་གི་བོད་མི་ཚོའི་བློས་གཏོང་ལ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་བྱ་ཆེད་དང་བླངས་ཐོག་ལས་འགུལ་འདིར་ཞུགས་པ་ཡིན། ཐེངས་འདིའི་ལས་འགུལ་ལ་གཞུང་གིས་སྣེ་ཁྲིད་བྱས་པ་དེ་ཡག་པོ་རེད། ད་ལྟའི་བར་བོད་ནང་ཛ་དྲག་གནས་སྟངས་མང་པོ་བྱུང་བ་རེད། སྐབས་དེ་དག་ཏུ་བོད་གཞུང་གི་ངོས་ནས་ལས་ཀ་བྱས་ཡོད་ཀྱང་། མི་མང་གི་སྣེ་ཁྲིད་དེ་ལས་འགུལ་གཞི་རྒྱ་ཆེན་པོ་དེ་འདྲ་སྤེལ་ཡོད་པ་མ་རེད། ཉིན་གཅིག་གཉིས་ཙམ་མིན་པར་ལས་འགུལ་འདི་མུ་མཐུད་དགོས་པ་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།
ཡང་ཁོང་ལ་མ་འོངས་པར་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད་སྐོར་དྲིས་པར། ཁོང་མོས་ “ བོད་ནང་གི་བོད་མི་ཚོས་ད་བར་རེ་བ་རྒྱག་ས་གཙོ་བོ་༸གོང་ས་མཆོག་དང་ཕྱི་སྡོད་བོད་མི་ཚོ་རེད། ཁོང་ཚོས་ད་བར་རང་སྲོག་བློས་གཏོང་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་བསྡད་པ་རེད། དེ་ལ་བདག་པོ་རྒྱག་རྒྱུ་དང་རྒྱབ་སྐྱོར་གནང་རྒྱུ་ང་ཚོའི་ལས་འགན་རེད་བསམ་གྱི་ཡོད། ང་ཚོ་སྐྱབས་བཅོལ་བ་ཡིན་སྟབས་ཉིན་རེ་གཉིས་དང་ཟླ་བ་གཅིག་གཉིས་ཀྱི་ལས་འགུལ་ལ་ནུས་པ་དེ་ཙམ་འཐོན་ཁག་པོ་རེད། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སོ་སོའི་ས་ནས་འགུལ་འདྲ་མིན་གོ་སྒྲིག་ཞུ་དགོས་པ་རེད། ང་ཚོས་ལས་འགུལ་མུ་མཐུད་སྤེལ་མ་ཐུབ་ཚེ། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་ཆག་པའི་གནས་སྟངས་ཡོང་གི་རེད། ༢༠༠༨ ལོར་ཡང་དེ་ལྟ་བུའི་གནས་ཚུལ་མང་པོ་བྱུང་ཡོད། ང་རང་ལ་མཚོན་ན་ཛ་དྲག་གི་སྐབས་སུ་གཞུང་གིས་ལས་འགུལ་སྣེ་ཁྲིད་བྱས་ན་ཡག་པོ་འདུག་བསམ་ཡོད། གང་ཡིན་ཞེ་ན། མི་མང་རང་གིས་བདམས་པའི་མི་སྣས་མགོ་འཁྲིད་པ་ཡིན་ན་མི་མང་གིས་ཡིད་ཆེས་ཡོང་གི་རེད་ལ། ནུས་པ་ཡང་ཆེན་པོ་ཡོད་པ་རེད། གཙོ་བོ་མགོ་བརྩམས་པ་ཙམ་མ་ཡིན་པར་མཇུག་སྐྱོང་རྒྱུ་གལ་ཆེན་པོ་རེད། བདེན་མཐའ་མ་གསལ་བར་དུ་མཐར་སྐྱེལ་ཐུབ་པ་བྱ་དགོས་པ་རེད་བསམ་གྱི་ཡོད། ང་ཚོའི་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་མི་མང་མཉམ་ཞུགས་མ་གནང་བ་དང་སེམས་ཤུགས་ཀྱིས་མ་འདང་བའི་དཀའ་ངལ་ཡོད་པ་མ་རེད། གཙོ་བོ་སྣེ་ཁྲིད་བྱེད་མཁན་བློ་གཏད་ཆོག་པ་ཞིག་མ་རག་པ་རེད་བསམ་གྱི་འདུག ལྷག་པར་དུ་ལས་འགུལ་འདི་རིགས་ནང་བཀའ་བློན་དང་བཀའ་ཟུར། སྤྱི་འཐུས། གཞུང་ཞབས་སོགས་ཞུགས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ”ཅེས་བརྗོད་བྱུང་།
ངྷ་རམ་ས་ལ་ནས་ཕེབས་པའི་རིན་ཆེན་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ ང་མདོ་སྨད་རྒྱུན་ལས་ཀྱི་གོ་སྒྲིག་འོག་ལས་འགུལ་ནང་ཞུགས་པ་ཡིན། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་བོད་གཞིས་བྱེས་ལྷན་འཛོམས་ཡོང་རྒྱུའི་འབོད་སྒྲའི་འོག་ཉིན་རེ་བཞིན་རང་ལུས་མཆོད་མེར་སྒྲོན་བཞིན་ཡོད་པ་རེད། སོ་སོར་མཚོན་ན་ལས་འགུལ་འདི་རིགས་ནང་ཞུགས་རྒྱུ་དེ་ལས་འགན་ཞིག་ཏུ་མཐོང་གི་ཡོད། ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་ནས་བོད་མི་ཞི་བའི་སྐད་འབོད་བྱས་པ་རེད། ང་ཚོ་འདི་ཕྱོགས་ནས་ཀྱང་ལས་འགུལ་གང་འཚམ་སྤེལ་ཡོད་ཀྱང་། ད་རེབ་ལྟ་བའི་གྲ་སྒྲིག་དང་ཚགས་ཚུད་ཡོང་ཐུབ་ཡོད་པ་མ་རེད། ཐེངས་འདིར་འདོད་པ་ཁེངས་པ་ཞིག་བྱུང་སོང་། མ་འོངས་པར་ཡང་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མི་མང་གི་ལས་འགུལ་དེ་ཚོང་རྫས་དང་ལས་སྡོམ་རྒྱག་བྱེད་ཙམ་མ་ཡིན་པར། བདེན་པ་བདེན་དྲང་དང་ལྷག་བསམ་རྣམ་དག ཁ་ཞེ་གཉིས་མེད་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། གལ་སྲིད། ལས་འགུལ་གྱི་རིགས་མང་པོ་ཞིག་ཚོང་རྫས་ཀྱི་ངོ་བོ་གྱུར་བ་དང་ཁ་དང་ཁོག་གཉིས་མི་མཐུན་པ་ཆགས་ན། ང་ཚོའི་མི་རབས་རིམ་བརྒྱུད་ཀྱི་འཐབ་རྩོད་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད། ལས་ཀྱི་སྣེ་མོ་བ་ཚོས་མི་མང་གི་མངོན་འདོད་ཤེས་པའི་ཐོག་ནས་སྣེ་འཁྲིད་བྱ་རྒྱུ་གལ་ཆེན་པོ་རེད ” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
དྲ་ངོས་འདི་གུ་བཤངས་དང་། བཟོད་བསྲན། བསམ་ཤེས་རང་བཞིན་གྱི་ཁོར་ཡུག་ཅིག་ཆགས་དགོས་པ་ཚང་མས་ཁས་ལེན་ཡིན་ལ། ཚང་མས་བསམ་བློ་གཏོང་ངེས་ཡིན། ཡིན་ཡང་། བསམ་ཤེས་དང་གུ་ཡངས་ལ་ཁ་གཡར་ནས་དགྲ་བོ་རྒྱ་དམར་གྱི་གསོ་ཕྲུག་ཚོར་གོ་སྐབས་བསྐྲུན་སའི་ལྡིངས་ཆར་བེད་སྤྱོད་བྱས་ན་འེ་འགྲིག ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་ཟེར་བ་མ་ཡིན་ནམ། དངོས་ཡོད་ཀྱི་སྐྱོན་བརྗོད་དང་། དངོས་ཡོད་ཀྱི་གནས་ཚུལ་ནི་མང་གཙོའི་སྤྱི་ཚཽགས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་མོད། སྐྱག་རྫུན་དང་། མི་མང་དང་གཞུང་གི་བར་གྱི་སྒྲིག་འཛུགས་གཏོར་གཤིགས་གཏོང་ཐབས་སོགས་ལ་ང་ཚོས་གྲ་སྒྲིག་ཨང་གསར་གྱི་གདོང་ལེན་བྱེད་དགོས་པ་མ་ཡིན་ནམ། ཁ་ཤས་ཀྱིས་འགྱུར་མེད་བསྟན་འཛིན་ལ་ལངས་ཕྱོགས་ཡོད་རབས་བཤད་མོད། ལངས་ཕྱོགས་ཡོད་པའི་སྐྱེས་པ་ཕོ་ཞིག་ཡིན་ན་རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་ནང་བཞིན་མི་མང་དང་སྤྱི་ཚོགས་ལ་གདོང་སྟོན་དགོས་པ་ལས། མུན་ཁུང་ནང་གི་རྐུན་མ་བཞིན་རྒྱབ་བཤད་རྐྱང་རྐྱང་བརྒྱབ་བསྡད་པ་འདིས་ལངས་ཕྱོགས་ཡོད་མེད་ཀྱི་ཐ་སྙད་ཙམ་ཡང་མཚོན་མི་ཐུབ། ང་ནི་སྲང་ལམ་གྱི་མི་ཞིག་ལ་འདི་ལྟར་བཤད་པས་འོས་བབ་དེ་ཙམ་མེད་མོད། ཕྱི་དགྲ་དང་ནང་རུལ་བ་གཉིས་ལ་ཁྱད་པར་མེད་པས་མི་ངན་འདི་ཚོ་ཚེད་ཐར་དུ་བཏང་ན་སྤྱོད་སྒོ་ཡངས་བའི་དྲ་ལམ་འདི་ཡང་མི་ཚོས་སྡང་ཟུག་བྱེད་ས་དང་། ལྡོག་ཕྱོགས་ཅན་དུ་ངོས་འཛིན་མི་བྱེད་པའི་ངེས་པ་མི་འདུག ཕྱོགས་ཚང་མ་ནས་མི་ཚང་མས་ལྟ་དགོས་པ་གལ་ཆེན་པོར་མཐོང་བཞིན་ཡོད། འགྱུར་མེད་བསྟན་འཛིན་ལ་བོད་ཡིག་རང་སྐྱ་འཕེར་བ་ཞིག་བྲི་ཐུབ་པས་ཤེས་ཚད་མེད་པ་མཁྱེན་གསལ་ལ། དབྱིན་རྒྱ་གཉིས་དེ་བས་ཀྱང་མེད། འོན་ཀྱང་སྒེར་ངོས་ནས་སྡང་ཟུག་བྱེད་དོན་མེད། མདོར་ན་ཁོས་དཀྲུགས་ཤིང་ཙམ་མ་ཟད། དྲ་རྒྱ་ཚད་ལྡན་འདི་ཚོ་འཕྲོ་བརླག་ཏུ་གཏོང་བའི་ཉེན་ཁ་འདུག ངོ་མ་བློ་ཕམ་རེད།
གཞུང་འབྲེལ་ལས་འགུལ་འདི་ལ་ང་རང་ཡང་མཉམ་ཞུག་བྱས་པ་ཡིན་ལ། དངོས་གནས་ལས་འགུལ་ཚག་ཚུད་པོ་དང་སྒྲིག་བཞི་ཡོད་སྣ་འཛོམ་གྱི་རང་བཞྀན་ལྡན་པ་བཅས་མི་མང་འདོད་བློ་ཁེང་པ་ཞིག་བྱུང་སོང་། མི་ཁག་ཅིག་གིས་ལས་འགུལ་སྣེ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་པས་གློག་ཀླད་བརྩེ་བ་དང་ལག་ཐོག་ཁ་དཔར་གཏོང་བཞིན་ཡོད་རབས་སོགས་བཤད་སྟེ་སྐྱོན་བརྗོད་བྱེད་པ་ནི། སྐྱོན་བརྗོད་བྱེད་རྒྱུ་མ་བརྙེད་པར་འུ་ཐུག་སྐྱོན་འཛུག་བྱས་པ་ལས་ཅང་མ་རེད། ཁོང་ཚོ་ནི་ལས་འགུལ་གོ་སྒྲིག་དང་སྣེ་ཁྲིད་གནང་མཁན་ཡིན་ཞིང་ཕྱི་ནང་གང་སར་འབྲེལ་བ་བྱེད་དགོས་པས་བརྡ་འཕྲིན་གྱི་ཡོ་ཆས་བེད་སྐྱོད་བྱེད་པ་མི་འོས་པ་ཅི་ཞིག་ཡོད། མི་འདི་ཚོས་ནི་དེང་སང་བརྡ་འཕྲིན་གྱི་དུས་རབས་ཡིན་པ་ཡང་ཤེས་མེད་པ་འདྲ།
མཐོ་རིམ་སློབ་མ་འདི་ཚོ་ལ་ཆ་མཚོན་ན་སློབ་སྦྱོང་གི་དུས་ཚོད་དང་དཔལ་འབྱོར་གྱི་འགྲོ་གྲོན་གཉིས་ཀའི་ཆ་ནས་ཁག་པོ་ཡོད་ཀྱང་ཡོད་ཚད་བློས་བཏང་བྱེད་བཞིན་གྲ་འགྲིགས་ཚགས་ཚུད་ཡོང་བའི་སྒོ་ནས་དངོས་གནས་མི་རིགས་ཤིག་གི་ཛ་དྲག་གི་གནས་ཚུལ་ངོ་མ་མཚོན་ཐུབ་པའི་ལས་འགུལ་མུ་མཐུད་སྤེལ་བ་ལ་ཡིད་རངས་བསྔགས་བརྗོད་ཡོད།
དྲ་གྲོགས་འགྱུར་མེད་བསྟན་འཛིན་གླེང་བ།
ཁོ། བོད་ཀྱིོ་དུས་བབ་མཆན་འདེབས་པ་ཞུགས་ནས་བཟུང་། ད་ལྟའི་བར་དུ། ཁོས་བཏབས་པའི་མཆན་རྣམས་ལ་བདེན་ཤས་དང་སྐྱོན་བརྗོད་ཀྱི་ཤུགས་ཆེ་བས་ན། དྲ་གྲོགས་གང་མང་ཞིག་གིས་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་པ་རེད། ཡིན་རུང་། ཁོ་རང་གིས་ཀྱང་ད་རུང་རང་ཚུགས་བཟུང་ནས་རང་དཔྱོད་ཀྱི་སྒོ་ནས་མཆན་བུ་བཏབས་དང་འདེབས་བཞིན་པ་འདིས། གཅིག་ནས་ཁོ་རང་ལ་རང་ཚུགས་ཡོད་རྟགས་ཤིག་དང་། གཉིས་ནས་ལྡོག་ཕྱོགས་ནས་ལངས་པ་ནི་ང་ཚོར་བསམ་གཞི་མི་འདྲ་བ་ཞིག་བསྐྲུན་ཐུབ་པ། གསུམ་ནས་ད་དུང་ཡུན་གྱིས་བསྐྱོད་རྟགས་ཤིག་ཡིན་པས་ན། དགའ་བསུ་ཞུ།
མ་གཞི་དྲ་གྲོགས་མང་པོ་ཞིག་གིས་མདུང་རྩེ་ནང་དུ་གཏད་པ་ལས་ཕྱི་དགྲ་ངོ་མ་ལ་གཏད་སྟངས་མ་ཤེས་པའམ་མ་བྱས་པ་གང་ལྟར། ད་ནས་བཟུང་། རང་གཞན་རོགས་གསུམ་ཚང་མའི་ངོས་ནས་གུ་ཡངས་དང་ཐབས་བྱུས་ཡོད་པའི་སྒོ་ནས་མཉམ་རུབ་ཀྱིས་མདུང་རྩེ་ཕྱི་དགྲ་ངོ་མ་ལ་གཏད་དགོས་པའི་ཚད་དུ་སླེབས་ཟིན་པ་མ་ཟད། ཕྱིས་དྲགས་པའི་ཚད་དུ་ལྷུང་ཡོད་པ་རེད། དེ་མིན། དྲ་མཆན་འདིར་རྒྱ་གཞུང་གིས་ཉམས་ཞིབ་བྱེད་ཀྱིན་ཡོད་པ་ཁོ་ཐག་ཡིན་ནི་རེད། བྱས་ན། ང་ཚོའི་ངོས་ནས་གྲ་སྒྲིག་ཨང་གསར་ཞིག་དགོས་ཀི་རེད་དམ། མ་རེད།
ང་ཚོའི་སྤྱི་ཚོགས་འདི་སྤྱི་ཚོགས་ཤིག་ཡིན་པས་ན། དེར་དགེ་སྐྱོན་གྱི་ཆ་གཉིས་ཀ་བཤད་མི་དགོས་པ་ཞིག་རེད། དེ་འདྲ་ཡིན་དུས། ཚང་མ་བཀྲ་ཤིས་བདེ་ལེགས་ཡིན་ནི་མ་རེད། དེའི་སྟོབས་ཀྱིས། བཙན་བྱོལ་བའི་ནང་དུ་ལྡོག་ཕྱོགས་ནས་ལངས་མཁན་དང་དོགས་སློང་བྱེད་མཁན་རིགས་ལ་གུས་བརྩི་དགོས་པ་གལ་ཆེན་ཞིག་མ་རེད་དམ། གང་ཡིན་ཟེར་ན། ཐུན་མོང་གི་བསམ་འདུན་ནི་ང་ཚོའི་སྟོབས་ཤུགས་དང་གྲུབ་འབྲས་དེ་འབུར་དུ་ཐོན་པ་བྱུང་ན་སྙམ་པ་དེ་ཡིན་རྒྱུ་རེད་དོ།།
དྲ་གྲོགས་རྣམ་པ་ལགས། ད་ནས་བཟུང་། ང་ཚོའི་ངོས་ནས་མཆན་བུ་འདེབས་སྐབས་གུ་ཡངས་དང་གུས་བརྩི་ཡོད་པའི་སྒོ་ནས་མདུན་དུ་བསྐྱོད་ན་ག་འདྲ་འདུག་གམ། དེ་མིན་ང་བཟང་ཁྱོད་ངན་གྱིས་དུས་ཚོད་རྫོགས་པ་ཡིན་ན། རྩ་ཆེ་བའི་དུས་ཚོད་དང་གནད་ཆེ་བའི་མཐུན་སྒྲིལ་ལ་གནོད་སྐྱོན་ཐེབས་ཀི་མ་རེད་དམ། བྱས་ན། དྲ་གྲོགས་རྣམ་པའི་ངོས་ནས་དཔྱད་ཞིབ་དང་འབྲེལ་ནས། མཆན་བུ་འདེབས་རྒྱུ་ལས་གང་དྲན་དྲན་དང་བྱུང་རྒྱལ་དུ་མཆན་བུ་འདེབས་སྟངས་ལ་འགྱུར་བ་ཞིག་བཏང་ན། མི་ལེགས་སམ། ཚང་མས་ཐུགས་གཞིགས་གནོངས་དང་། འདི་ནི། མ་འོངས་པའི་བཙན་བྱོལ་བའི་ཡིག་ཚགས་ཀྱི་ཁུངས་སུ་ཉར་གི་ཡོད་པས་སོ།།
ང་ཚོས་༢༠༠༨ལོའི་གཞུང་དམངས་ཛ་དྲག་ལས་འགུལ་སྤེལ་བ་ཡག་ཙམ་བྱུང་ཡོད་དེ་རྗེས་རིམ་པས་ཁུ་སུམ་མེར་གྱུར་པ་རེད། འོན་ཀྱང་བོད་ནང་ལ་ག་ས་གང་ནས་ལས་འགུལ་མཚམས་ཆད་མེད། ད་ང་ཚོས་འདས་པ་ལ་བསྐྱར་ཞིབ་ཅིག་གནང་ནས་མུ་མཐུད་དེ་ཁུ་སིམ་མེར་མི་འགྲོ་བའི་རྒྱ་མཚོའི་རླབས་རྒྱུན་ལྟར་གྱི་ལས་འགུལ་རེ་སྤེལ་དགོས་པར་འདོད། གལ་ཏེ་འཇམ་ཅག་གེར་སོང་ཕྱིན་པ་ཡིན་ན་་འགོ་བརྩམས་པ་དེར་གྲུབ་འབྲས་ཆེ་བར་ངོས་འཛིན་མི་ཐུབ། ཕན་འབྲས་ཀྱི་ཆེ་ཆུང་ནི་ག་ལེར་རིམ་བཞིན་འཆར་རྒྱུ་ཞིག་རེད། དེ་སྔའི་ཛ་དྲག་ལས་འགུལ་དེའི་མུ་མཐུད་ཐུབ་པ་ཞིག་བྱུང་ན་ཅི་མ་རུང། ལས་འགུལ་ཟེར་བ་ནི་ང་རང་བོད་པ་གཅིག་པུས་ནང་ཁུལ་དུ་ཅིག་ལས་དགོས་པ་མིན་ལ་ཕྱི་ལོགས་ལ་སྐད་འབོད་བྱེད་པ་ཁོ་ན་ཡང་མིན། ཀུན་ལ་འབྲེལ་བ་དང་མཉམ་ལས་གལ་ཆེ།
གཞུང་འབྲེལ་གྱིས་་མི་རིགས་ཁག་གི་སྐྱིད་སྡུག་མཉམ་འབྲེལ་ཞིག་འཛུགས་རོགས། འདི་འཛུགས་ཐུབ་པའི་སྤོབས་པ་དང་འོས་འགན་་ནུས་པ་བཅས་ང་ཚོའི་གཞུང་དམངས་ལ་འཛོམས་ཡོད། ང་ཚོས་སྣེ་འཁྲིད་དགོས། འདིའི་ཐད་ལ་བཀའ་སྤྱི་ཐུན་མོང་གིས་སླར་ཡང་ཚོགས་འདུ་ཞིག་སྐོང་རོགས།
ང་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཆེ་ཆུང་ཚང་མའི་སེམས་པ་ཆིག་སྒྲིལ་དང་ནུས་པ་ཆིག་སྒྲིལ་བྱེད་རྒྱུ་འདི་ད་ལྟའི་རྒྱ་གཞུང་ལ་ངོ་རྒོལ་གྱི་དམག་ཇུས་དང་པོ་དེ་ཡིན། གོ་སྐབས་དམ་འཛིན་གནང་རོགས།
མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་རེ་སླེབས་ངོས་ཤིང་བསམ་ཚུལ་དེ་དྲ་ཐོག་ཏུ་བསྟར་ཡང་ཆོག ཡིན་ཡང་། མི་གཞི་ལ་བརྩི་བཀུར་ཡོད་པའི་སྒོ་ནས་བསམ་ཚུལ་ལྷུག་བརྗོད་བྱེད་རྒྱུ་གལ་ཆེན་དུ་མཐོང་། ད་རེའི་འགྱུར་བསྟན་འདིས་སྐད་ཆ་སྡིག་པོ་གང་ཡང་བཤད་མི་འདུག་བསམས་སོང་། གཙོ་བོ་སྤྱི་འཐུས་རྣམ་པས་ཟས་བཅད་སྐབས་ཀྱི་སྤྱོད་པ་ཡག་པོ་མེད་ཚུལ་དང་གནས་ཚུལ་རྣམས་སྐད་ཡིག་གཞན་པའི་རྒྱུད་ལམ་དུ་བཀོད་ཐུབ་མེད་པས་དེ་མ་འགྲིག་པའི་སྣང་ཚུལ་ཙམ་ལས་གཞན་པ་གང་ཡང་ལབ་མེད་དུས་མཆན་འདེབས་པས་མཆན་བུ་ལ་སྡང་གཟུགས་རྐྱང་བས་བྲིས་པའང་མི་འོས་པ་ཞིག་མཐོང་། གཅིག་བྱས་ན་ཁོང་གི་སྐད་ཡིག་གཞན་པ་མཁྱེན་ཀི་མེད་ཀྱང་སྲིད།
དྲ་གྲོགས་ཚོས་གཟིགས་དང་། བོད་ཡིག་འབྲི་སྐབས་ཡིག་ཤད་ཀྱང་འཇོག་མི་ཤེས་མཁན་ཞིག་གིས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། ལས་འགུལ་གྱི་གནས་བབ། བཙན་བྱོལ་བོད་མིའི་གནས་བབ་སོགས་ལ་ཞིབ་འཇུག་བྱེད་ཁུལ་གྱིས་མཆན་འབྲི་བཞིན་ཡོད་པ་རེད།
བོད་ཡིག་ལ་རང་སྐྱ་མེད་པའི་བྱིས་པ་ཅོལ་ཆུང་ཞིག་གིས་ཆེ་སའི་སྤྱི་ཚོགས་དང་། མཐོ་སའི་ཁོར་ཡུག་ལ་ལག་སྙོབ་བྱེད་ཁུལ་བྱེད་པ་འདི་ངོ་ཚ་བའི་གནས་མ་རེད་དམ།
དྲ་གྲོགས་ཚོ། བདེན་པར་མི་བསམ་ན་འགྱུར་མེད་བསྟན་འཛིན་གྱིས་བྲིས་པའི་མཆན་དེ་ཚོར་གཟིགས་དང་། བོད་ཡིག་རྩ་ཚང་བ་ཞིག་བྲིས་འདུག་གམ།
མི་འདིས་བོད་པའི་སྤྱི་ཚོགས་གཏོར་གཤིག་གཏོང་བཞིན་པ་མ་ཟད། བོད་ཀྱི་སྐད་ཡིག་ཀྱང་གཏོར་གཤིག་གཏོང་བཞིན་འདུག་པས་མི་ངན་འདི་དྲ་ལམ་ནས་དམར་གསོད་གཏོང་དགོས།
ཧ་ཧ། འགྱུར་མེད་བསྟན་འཛིན་ཉིན་མཚན་གཉིས་ཀར་རྒྱུག་ཀྱང་ད་ཐེངས་ཟ་རྒྱུ་ལེན་རྒྱུ་དེ་ཙམ་མ་རེག་པ་འདྲ་འདུག སྐད་ཤོར་འདུག་ག
བོད་ཡིག་འབྲི་ཀློག་རང་མགོ་ཐོན་པ་ཙམ་དང་རྒྱ་སྐད་གོ་བརྡ་འཕྲོད་ཙམ་ལས་མི་ཤེས་མཁན་ཞིག་གིས་བོད་རྒྱ་དབྱིན་གསུམ་གྱི་དྲ་ལམ་དུ་མྱུལ་ཞིབ་ཅི་ལྟར་བྱེད་རྒྱུ་རེད།
དྲ་འབུ་འགྱུར་མེད་བསྟན་འཛིན་འདི་ན་སྐྱུག་བཞིན་འདུག ཁོས་གང་ཐུབ་ཀྱིས་གཞུང་གི་གནད་ཡོད་ཚོར་མི་མང་བློ་ལོག་པ་དང་། ཐང་ཆད་དུ་འཇུག་འདོད་དེ་རེད། དེའི་ཆེད་དུ་ཀྲུང་སྒོར་ཁ་ཤས་རེག་ཡོད་ཚོད་རེད། ཁག་མེད། ཁ་མི་ཟས་ན་འདི་ལྟར་རྒྱལ་ཁབ་དང་མི་རིགས་བཙོང་བའི་ལས་ཀ་མི་བྱེད་རང་བྱེད་རེད།
ང་རང་ལས་འགུལ་ཆེན་མོ་འདིར་མགོ་འཇུག་ཆ་ཚང་ལ་མཉམ་ཞུགས་བྱས་པ་ཡིན། བཀུར་འོས་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པས་ཕྱག་ལས་ཡག་པོ་གནང་སོང་། སྤྱི་འཐུས་ཚོ་སྡེ་ཚན་ཁག་དྲུག་ཏུ་ཆ་བགོས་གནང་འདུག་པས་ཕྱི་ལོགས་སུ་ཁག་ཅིག་ཕེབས་དགོས་པ་ཁག་མེད། ཚོགས་གཙོ་གཞོན་གཉིས་ཀྱིས་དེ་དོན་མི་མང་ལ་གསལ་བཤད་གནང་སོང་།
ཁག་ཅིག་གིས་གློག་ཀླད་བེད་སྤྱོད་བྱེད་པའང་ཁག་མེད། རྒྱ་བོད་དབྱིན་གསུམ་གྱི་བརྒྱུད་ལམ་ཁག་ཏུ་འབྲེལ་བ་བྱེད་མཁན་ཚོས་ལས་དོན་ཞར་བྱུང་དུ་བསྒྲུབ་བཞིན་པ་རེད།
ཁ་པར་གཏོང་བཞིན་པའང་ཁག་མེད། ཛ་དྲག་ལས་འགུལ་དང་འབྲེལ་བ་ཡོད་མེད་ཀྱིས་ཚང་མ་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་པས་ཁོ་ཚོས་འབྲེལ་བ་མི་བྱེད་ན་སུས་བྱེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་ལས་འགུལ་འདིར་རྒྱ་གུང་ཁྲན་གཞུང་དང་། འགྱུར་མེད་བསྟན་འཛིན་སོགས་དྲ་འབུ་རེ་ཟུང་འདོད་པ་ཁེངས་མེད་ན་ལས་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་གྱི་འདོད་པར་འགྲོ་བ་བྱུང་འདུག
གསར་འགོད་པའི་དྲི་བ་དེར་ངས་ལན་ཞིག་བཏབ་འདོད་བྱུང་་་་་་་་་་་ང་ལ་ཆ་མཚོན་ན་ཉིན་མོ་ལས་འགུལ་དེ་མགོ་མཇུག་ཚང་བར་མཉམ་ཞུགས་བྱས་ཤིང་མཚན་མོ་གསར་འགྱུར་དང་གྲྭ་ངོས་ནས་གནས་ཚུལ་དེ་ཉུལ་གྱི་ཡོད་ཀྱང་རྒྱ་གར་དང་ཕྱི་རྒྱལ་གྱི་གསལ་འགྱུར་ནས་མཐོང་རྒྱུ་གཏན་ནས་མི་འདུག་་་་་་་་་་་གནས་ཚུལ་ཞིག་མཐོང་རྒྱུ་ཡོད་པ་དེ་བོད་ཡིག་གི་དྲ་རྒྱ་རང་རེད་་་་་་་་དེས་བོད་པ་སྤྱི་ཚོགས་ལས་གང་ཡང་ཁྱབ་ཐུབ་མེད་་་་་་་ངས་ཚིག་ཐག་བཅད་ནས་བཤད་ན་ད་ཐེངས་གི་ལས་འགུལ་དེ་གྲུབ་འབྲས་ཐོན་པ་ཞིག་བྱུང་མ་སོང་ཞུ་གི་ཡོད་་་་་་་་་་དེ་ནི་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་སྟངས་དེ་ངོ་སྲུང་ཙམ་ཞིག་ལས་མེད་པའི་རྒྱུ་མཚན་གྱིས་ཡིན་པར་འདོད།
ཐེངས་འདིའི་གཞུང་མང་མཉམ་འབྲེལ་ལས་འགུལ་ནང་ཆད་ལུས་མེད་པར་མཉམ་ཞུགས་བྱས་པ་ཡིན་ལ། སྐབས་དེར། གདེང་སྤོབས་ཆེན་པོ་ཞིག་བསྐྲུན་པ་ཞིག་ནི། གསར་བུ་རྐང་པ་ཡ་གཅིག་མ་གཏོགས་མེད་མཁན་ཞིག་གིས་ཉིན་གསུམ་པོའི་རིང་ལ་ཞི་བའི་གོམ་བགྲོད་བྱས་སོང་བ་དེ་རེད། མ་ཟད། རྐང་པ་གཉིས་ཀ་ཀྱག་ཀྱོག་ཡིན་པའི་གྲྭ་པ་ཞིག་གིས་ཀྱང་ཉིན་གསུམ་པོའི་རིང་ལ་དེ་མཚུངས་ཀྱང་ཞི་བའི་གོམ་བགྲོད་བྱས་སོང་། འདི་ནི། གཟུགས་གཞི་བདེ་ཐང་ཡིན་པའི་སྤུན་ཟླ་རྣམས་ལ་མིག་དཔེ་ཞིག་དང་གདེང་སྤོབས་ཤིག་ཏུ་གྱུར་ཡོད་པ་ནི། ངོ་མ་དགའ་སྤོབས་ཤིག་བསྐྱེད་སོང་།
ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་བྱེད་དུས། སྣེ་ཁྲིད་བྱེད་མཁན་སྤྱི་འཐུས་རྣམ་པ་ཁ་འཐོར་དགུ་འཐོར་ཙམ་ལས་ཁ་ཚང་ཞིག་མཉམ་རུབ་ཀྱིས་ལས་འགུལ་འདི་ཚ་ཚ་འུར་འུར་གྱིས་སྣེ་མ་ཁྲིད་པ་དེ་རེད། འདི་ནི། བསྙོན་འཛུགས་བྱས་པ་མིན་ནོ།། ཐ་ན་ཉིན་དང་པོའི་ཉིན་སྤྱི་འཐུས་རྣམ་པའི་ཟས་བཅད་ངོ་རྒོལ་ལ་མཉམ་དུ་བཞུགས་དུས་ཀྱང་། ཚང་འཛོམས་ཤིག་ཤིག་མ་ཡོང་བ་དེ་རེད། ཁོང་རྣམ་པར་རེམ་འདེགས་བྱེད་མཁན་གྲྭ་བཙུན་རྣམ་པ་མེད་ན། ཉིན་དང་པོའི་ཟས་བཅད་ངོ་རྒོལ་ནི། ས་བཅད་སྟོང་བ་མ་བཞག་པ་ཙམ་རེད།
གསར་འགོད་པའི་ངོས་ནས་བཏོན་པའི་དྲི་བ་འདི་ལ། ངས་ཀྱང་ལན་ཞིག་འདེབས་ན་འདོད་བྱུང་།
“ཁྱེད་རང་ད་ཐེངས་ལས་འགུལ་ལ་འདོད་པ་ཁེངས་ཡོད་དམ།”
འདོད་པ་ཁེངས་མིན་ནི། གྲུབ་འབྲས་ལ་བལྟས་ནས་བཤད་ན་འགྲིགས་ཀི་རེད་བསམས། ད་ཐེངས་ཀྱི་ལས་འགུལ་འདིའི་ཁྱབ་བསྒྲགས་འགྲོ་ཕྱོགས་དང་མི་མང་གི་ངོས་འཛིན། ལས་འགུལ་གྱི་རྣམ་འགྱུར་དང་མཉམ་ཞུགས་བྱེད་མཁན་གྱི་ཉམས་མྱོང་སོགས་ཀྱི་ཐོག་ནས་བལྟས་ན། འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། འདི་ལ་རྒྱུ་མཚན་ཡོད་དེ། གཅིག་ནས་ཁྱབ་བསྒྲགས་ཀྱི་ཕྱོགས་ཞན་པ་དང་། གཉིས་ནས་སྣེ་ཁྲིད་སྤྱི་འཐུས་རྣམ་པའི་ངོས་ནས་ལས་འགུལ་འདིའི་སྲོག་ཤིང་དུ་མ་ཞུགས་པ་དང་། གསུམ་ནས་ལས་འགུལ་འདིའི་མགོ་མཇུག་གཉིས་ཀ་ནས་གསར་འགོད་ལྷན་ཚོགས་ཆེ་ཞིག་བསྐོང་ཐུབ་མ་སོང་བས་སོ།།
ད་ཐེངས་ཀྱི་ལས་འགུལ་དེ་ལ་ངརང་ཡང་ཞུགས་རྒྱུ་བྱུང་བ་མ་ཟད་གནས་སྟངས་ཕྱི་ནང་གསང་གསུམ་ལ་ཉམས་ཞིབདང་རྒྱུས་ལོན་བྱས་ཤིང་ཉིན་ཐོ་ཡང་བྲིས་ཡོད།
མི་མང་ཚོ་དང་ལྷག་པར་གཞོན་སྐྱེས་ཚོས་སྣེ་ཁྲིད་པའི་ཉིན་མོ་དམིག་བསལ་གྱི་ཚོར་སྣང་ཞིག་འདུག་བསམ་པ་བྱུང།
འོན་ཀྱང་བློ་ཕམ་པ་ཞིག་ལ་སྤྱི་ཚེས་བཅུ་བརྒྱད་དགོས་མོ་ཆུ་ཚོད་བདུན་པའི་ཡར་མར་དེར་སྤྱི་འཐུས་རྣམ་པ་ཟས་བཅད་ངོ་རྒོལ་བྱ་སའི་གུར་ནང་དུ་སྤྱི་འཐུས་ཁ་ཤས་ལས་མ་བཞུགས་པར་་་་་་་གཡས་གཡོན་གྱི་ཁྲོམ་ལ་འཁྱམ་་བཞིན་པ་དེ་རེད་་་་་་་་་་་་འགས་ཤས་བཞུགས་པ་དེ་ཡང་་་་་གློག་ཀླད་རྩེ་བ་དང་་་་ལག་ཐོག་ཁ་པར་ནས་སྐད་ཆ་བཤད་པ་བྱས་ནས་མི་རིགས་ཤིག་གི་ཛ་དྲག་གི་གནས་ཚུལ་ཞིག་ཁོང་ཚོའི་གཏན་ནས་མཚོན་ཐུབ་ཀྱི་མེད་པ་དེ་རེད་་་་་་གནས་ཚུལ་འདི་ནི་ཧ་ཀྱང་བློ་ཕམ་བྱུང་་་་་་་་
བཀུར་འོས་ཀློག་པ་པོ་རྣམ་པས་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ངས་གོ་ནོར་ཐེབས་འདུག
ལྷོ་ཕྱོགས་སེར་བྱེས་ཨ་མདོ་ཁང་ཚན་གྱི་གྲྭ་ཡེ་ཤེས་ལམ་བཟང་ལགས་སུ་བཅར་འདྲི་
འདི་ཨ་མདོ་ཁང་ཚན་མ་རེད། ཨ་མདོ་ཁང་ཚན་ཟེར་བ་ཞིག་ཡོད་ནི་མ་རེད།
ཧ་རྡུང་ཁང་ཚན་ཟེར་དགོས་པ་འདྲ། འདི་མཆན་གྲས་སུ་མ་འཇོག་རོགས་ཞུ།
དྲང་པོར་བཤད་ན། ད་རེས་ཀྱི་ལས་འགུལ་དེ་རྒྱལ་སྤྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་ཕྱིན་མེད་པ་ནི་དངོས་འབྲེལ་རེད། ཡིད་མ་ཆེས་ན་དེའི་སྐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་ལ་གཟིགས་ཡོད་ན་ཤེས་ངེས་རེད། འོན་ཀྱང་གཞུང་འབྲེལ་གྱི་ལས་འགུལ་ཞིག་ཡིན་པས་སྤེལ་བ་ཙམ་གྱིས་ངོས་རང་ད་གས་བློ་ཡིད་ཚིམ་སོང་། གཅིག་བྱས་ན། ལས་འགུལ་འདི་ནི་བོད་མི་མང་པོ་ཞིག་གིས་གཞུང་གི་མཛད་གཙོ་རྣམ་པས་ལས་འགུལ་སྤེལ་གྱི་མིན་འདུག་ཟེར་བ་དང་། བོད་ཀྱི་རྩ་དོན་ལ་སེམས་ཚོར་མིན་འདུག་ཟེར་བ་དང་། ལས་འགུལ་ལ་མཉམ་ཞུགས་བྱེད་ཀྱི་མིན་འདུག་ཟེར་བ་སོགས་སྐྱོན་བརྗོད་མང་དག་གཅིག་སྤེལ་བ་ལ་བརྟེན་ནས་དེ་ལ་བརྡ་ལན་ཞིག་སྤྲད་པ་རེད་བསམ་གྱི་འདུག
གུས་པར་འོས་པའི་སྐུ་ཞབས་གསར་འགོད་པ་ལགས། ལྷོ་ཕྱོགས་སེར་ལ་ཨ་མདོ་ཁང་ཚན་ཟེར་བ་ཞིག་ཡོད་པ་མ་རེད། ཕལ་ཆེར་སྐུ་ཉིད་ནས་ཧ་གདོང་ཁང་ཚན་ལ་ནོར་བ་འདྲ།