སྙན་བཟང་གཡུང་དྲུང་ཚེ་རིང་།
ཉིན་འགའི་གོང་དུ་ལི་བྷི་ཡའི་དྲག་སྤྱོད་པ་ཚོས་རང་གི་སྲིད་འཛིན་ལ་མེ་མདའ་སྐག་སེ་བརྒྱབ་ནས་བསད་སོང་། ཁྲག་དམར་ལྷོག་ལྷོག་ཏུ་བཞུར་བ་མཐོང་། ཊུ་ནི་ཤ་ཡའི་སྲིད་འཛིན་དང་ཨི་ཇུབ་ཀྱི་འགོ་འཁྲིད་གཉིས་ཀྱིས་ཀྱང་སྲིད་དབང་བློས་བཏང་མེད་ན་ཚེ་བཙོན་དང་དམར་གསོད་གཉིས་ཀྱི་ལམ་ཁ་གང་རུང་ཞིག་ལས་གཞན་མེད་པ་རེད། ད་དུང་ཡང་ཨ་རབ་ཏུ་གསར་བརྗེའི་མེ་ལྕེ་མུ་མཐུད་དུ་འབར་གྱིན་འདུག འདི་ལས་གསལ་པོ་ཞིག་མཐོང་བ་ནི། ‘‘གསར་བརྗེ་’’ནི་མི་མང་གི་སྟོབས་ཤུགས་ཀྱིས་སློང་དགོས་པ་དང་། གསར་བརྗེ་ལ་བརྟེན་ནས་མི་མང་གི་རེ་འདུན་ཀྱང་རྣམ་པར་རྒྱལ་བཞིན་པ་དེ་རེད།
ང་ཚོས་‘‘མེ་ཏོག་ཨ་ཀར་གྱི་གསར་བརྗེའི་’’མེ་ལྕེ་རྒྱ་ནག་ཏུ་མཆེད་ན་སྙམ་པའི་རེ་བ་ཞིག་བརྒྱབ་པ་རེད། རེ་བ་རྒྱག་དགོས་དོན་ནི། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འདི་དམངས་གཙོ་ཅན་དུ་གྱུར་ན། ང་ཚོས་ཀྱང་དམངས་གཙོ་ཞེས་པའི་ལྟ་གྲུབ་རྒྱབ་རྟེན་དུ་བྱས་ཏེ་ཐོབ་ཐང་ཞིག་རྩོད་ཆོག་པ་དང་། དེ་ནས་འོས་ཤོག་འཕེན་ཆོག་པའི་ཡང་དག་པའི་ལམ་སྲོལ་དེར་བརྒྱུད་ནས་བོད་ཀྱི་བདེན་མཐའ་སེལ་ན་སྙམ་པ་རེད། ཡིན་ནའང་། གསར་བརྗེའི་མེ་ལྕེ་དེ་རྒྱ་ནག་ཏུ་མཆེད་གྲབས་ལྟ་བུ་ཞིག་བྱས་ནས་མཆེད་མ་སོང་། བསམ་བློ་བཏང་ན་མཆེད་རྒྱུང་མིན་པ་འདྲ། མི་བརྒྱ་སྐོར་འགའ་རེས་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་དགོས་ཞེས་སྐད་འབོད་བྱས་ནའང་འདྲ། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་གྱེན་ལངས་བྱས་ནའང་འདྲ། འདི་དག་གི་རྒྱབ་ཏུ་རྒྱ་ནག་མི་མང་གི་བརྒྱ་ཆའི་ག་ཚོད་ཅིག་ཡོད་དམ། དེས་ན་གསར་བརྗེའི་མེ་ལྕེ་མཆེད་པ་ལ་རྒྱ་ནག་གི་དཔལ་འབྱོར་རྡིབ་དགོས་ཤིང་། དེ་ནས་མི་མང་ས་ཡ་དང་དུང་ཕྱུར་མང་པོའི་གྲོད་ཁོག་ལྟོགས་དགོས་པར་མ་ཟད། སྐོམ་པ་ཞིག་ལངས་དགོས་པ་རེད།
ཨ་རབ་ཀྱི་གསར་བརྗེ་ལངས་སྐབས། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ཨ་རབ་མི་མང་ལ་རྒྱབ་སྐྱོར་གནང་ཞིང་། མཚོ་དམག་དང་གནམ་དམག་བཏང་བ་དེས་སེམས་འགུལ་ཐེབས། ཨ་རི་དང་ཡུ་རོབ་གཙོས་པའི་རྒྱལ་ཁབ་སྟོབས་ཆེན་ཚོས་ལུང་པ་གཞན་དག་ལའང་རྒྱབ་སྐྱོར་འདི་ལྟར་གནང་ཚེ། དུས་རབས་ཉེར་གཅིག་པའི་སྟོད་དུ་འཛམ་གླིང་འདིའི་སྟེང་གི་སྲིད་དབང་སྒེར་གཅོད་པ་ཡོད་ཚད་རྩ་མེད་ནུས་མེད་དུ་གཏོང་ཐུབ་མིན་དོགས་པ་རྩ་བྲལ་རེད། ཡིན་ནའང་ནུབ་ཕྱོགས་པ་འདི་ཚོས་ཨ་ཧྥི་རི་ཀའི་གླིང་ཕྲན་དུ་མགོ་བོ་ཁྲག་ནང་དུ་ཉལ་བའི་མི་མང་ཚོའི་སྐྱིད་སྡུག་བརྗོད་ཀྱི་མེད་ལ། ཁོ་བྷ་དང་བྱང་ཁོ་རེ་ཡ་ལྟ་བུའི་རྒྱལ་ཁབ་དག་གི་སྲིད་དབང་དུམ་སེ་གཅོད་ཀྱི་ཡིན་ཞེས་གླེང་གི་མེད།
ལི་བྷི་ཡ་དང་བོད་གཉིས་བསྡུར་དང་། ལི་བྷི་ཡའི་རྒྱལ་ཁབ་འདི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་དེའི་ནང་དུ་སྐྱེས་པའི་མི་ཞིག་གིས་སྲིད་དབང་བཟུང་སྟེ་རང་གི་མི་མང་ལ་སྡུག་རྩུབ་བཏང་བ་རེད་མ་གཏོགས། རྒྱལ་ཁབ་གཞན་པ་ཞིག་གིས་ཐུབ་ཚོད་བཏང་། སྲིད་དབང་སྒེར་གཅོད་བྱས་པ་ཞིག་རྩ་ནས་མ་རེད། བོད་ནི་དེ་འདྲ་མ་རེད། བོད་དུ་མི་དབང་ཤེད་ཅན་ཞིག་ཡོང་ནས་རང་བཙན་ཡོད་པའི་རྒྱབ་ཁབ་ཅིག་ཁྱུར་མིད་བཏང་། མི་རིགས་དེར་གཉན་གནོན་བྱས། རང་དབང་གི་ཐོབ་ཐང་རྩ་བྲལ་དུ་བཏང་བ་ཡིན་སྟབས། འདི་གཉིས་ཀྱི་ངོ་བོ་འདྲ་མ་སོང་། སྤྱིར་ཡིན་ན་སྟོབས་ཆེན་རྒྱལ་ཁབ་འདི་ཚོས། ཐོག་མར་ང་ཚོའི་མཐའ་ནས་སྐྱོར་དགོས་པ་འདྲ་ཞིག་མཐོང་གི་མི་འདུག་གམ།
ང་ཚོས་གློ་བུར་དུ་‘‘བོད་ཀྱི་མཆོད་མེ་གསར་བརྗེ་’’ལྟ་བུ་ཞིག་བསླངས་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨ་རབ་ཀྱི་ལུང་པ་ཁག་ཏུ་རྒྱབ་སྐྱོར་བྱས་པ་བཞིན་ང་ཚོར་རྒྱབ་སྐྱོར་གནང་གི་མ་རེད། གཅིག་ན་བོད་ཀྱི་ཁྲི་ཤོར་རྒྱལ་མོ་ནི་སྣུམ་མཛོད་མ་རེད། གཉིས་ན་རྒྱ་ནག་ནི་སྟོབས་འབྱོར་ཆེན་པོ་རེད། ནུབ་ཕྱོགས་ཀྱི་སྲིད་འཛིན་ཚོས་བོད་རང་བཙན་མ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་རྩོད་ཀྱི་འདུག འདི་དང་མཉམ་དུ་ཞི་བའི་གྲོས་མོལ་གནང་རོགས་ལྟ་བུའི་འབོད་སྐུལ་རེ་གནང་སྟེ་བསམ་གོམས་ཉན་གོམས་སུ་གྱུར་པའི་ཚིག་དུམ་རྙིང་པ་འདི་དག་བསྐྱར་ཟློས་སུ་བརྗོད་ངེས། ཚིག་དུམ་འདིས་ང་ཚོར་འདས་པའི་དུས་སུའང་ཕན་ཐོགས་མེད་ལ། མ་འོངས་པའང་རྫུ་འཕྲུལ་ཞིག་སྟོན་ཐུབ་རྒྱུ་ཁག་པོ་རེད།
དེས་ན། བོད་ཀྱི་བདེན་མཐའ་འདི་སེལ་ཐུབ་མཁན་ཞིག་ཡོད་པ་ནི་བོད་མི་ས་ཡ་དྲུག་ལས་གཞན་མེད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་ལུས་མི་མང་གི་རེ་འདུན་ལ་མ་གཟིགས་པར་‘‘རང་བཙན་’’བློས་བཏང་ཞིང་། ‘‘བོད་གཞུང་’’གི་མིང་འདི་ཡང་ཕྱིར་བསྡུ་གནང་བ་རེད། ཐ་ན་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་མི་རབས་ཚོར་བོད་ཡིག་གི་རྣམ་ཤེས་ཤིག་ཀྱང་བསྐྲུན་ཐུབ་མེད། འདི་ལྟར་མེད་ས་ཞིག་ནས་བོད་ཀྱི་བདེན་མཐའ་སེལ་བར་ནུས་པ་ཞིག་འདོན་ཐུབ་མིན་དཀའ་སེ་འདུག
ད་ཡིན་ན་‘‘བོད་ཀྱི་དོན་གྱི་བདག་པོ་བོད་མི་མང་རེད’’། བོད་ཀྱི་བདེན་མཐའ་དེ་ཡང་བོད་ནས་སེལ་དགོས་པ་རེད་དྲན། བོད་ནས་‘‘གསར་བརྗེ་ཆེན་མོ་’’ཞིག་ལངས་དགོས་ཤིང་། བོད་ཀྱི་བདེན་མཐའ་འདི་ལ་འགྱུར་བ་ཞིག་མ་ཐེབས་བར་དུ་གསར་བརྗེ་ཆེན་མོ་དེའི་མེ་ལྕེའང་འབར་མཚམས་མ་ཆད་པ་ཞིག་བཟོ་དགོས་པ་རེད། འདི་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འཆར་བཀོད་བཟོ་དགོས་པ་དང་། ཐ་ན་བོད་དུ་གསང་ཉུལ་བ་བཏང་ནས་ཕྱག་ལས་ཀྱང་གནང་དགོས་པ་རེད། དེང་སང་བོད་གཞིས་ལུས་མི་མང་སེམས་ཤུགས་ཆེན་པོ་རེད། སེམས་ཤུགས་ཡོད་ཐོག་ཏུ་གསར་བརྗེ་ཆེན་མོ་ཞིག་མ་ལངས་ཡིན་ན་སེམས་ཤུགས་མེད་ཐོག་ཏུ་གསར་བརྗེ་ཞིག་ལངས་ཐུབ་བམ། མ་གཞི་ནས་གསར་བརྗེ་ཞིག་ལངས་ཚར་དུས་འགྱུར་བ་ཞིག་ཀྱང་ཏན་ཏན་ཐེབས་ཀྱི་ཡོད།
དེ་མིན་མ་འོངས་པ་ནའང་བོད་རྒྱ་གྲོས་མོལ་ཡོད་པའི་བཟོ་འདྲ་པོ། མེད་པའི་བཟོ་འདྲ་པོ། ཡང་། བོད་དོན་ཆེད་དཀའ་ལས་རྒྱག་གི་ཡོད་པའི་བཟོ་འདྲ་པོ། གྲུབ་འབྲས་མེད་པའི་བཟོ་འདྲ་པོའི་གནས་སྟངས་ཀྱིས་ང་ཚོའི་ལོ་ཟླ་མང་པོ་ཞིག་མུ་མཐུད་དུ་རྫོགས་ངེས་རེད། འདི་ལ་སྙིང་དམར་པོ་ཐང་ལ་ལྷུང་བའི་ཚོར་བ་ཞིག་འདུག
” བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་ལུས་མི་མང་གི་རེ་འདུན་ལ་མ་གཟིགས་པར་‘‘རང་བཙན་’’བློས་བཏང་ཞིང་། ‘‘བོད་གཞུང་’’གི་མིང་འདི་ཡང་ཕྱིར་བསྡུ་གནང་བ་རེད།” སྐད་ཆ་འདིར་བདེན་ལུགས་བརྒྱ་ཆའི་དུ་ཡོད་དེ་གནད་དོན་གཙོ་བོ་ཞིག་རེད།
གལ་ཏེ་བོད་ནང་གི་ཤེས་ཡོན་མང་པོའི་བསམ་ཚུལ་དེ་མི་མང་གི་བསམ་ཚུལ་གྱི་ཚབ་བྱེད་འོས་པར་མཐོང་ཚེ་འདིར་བརྒྱ་ཆའི་ཚད་གཞི་ཧ་ཅང་དམའ་གི གལ་ཏེ་ཞི་རྒོལ་སྐབས་ཀྱི་འབོད་སྒྲ་ཁོ་ནས་གཞིས་ལུས་མི་དམངས་ཀྱི་མངོན་འདོད་མཚོན་པ་ཡིན་ཟེར་ན་ཡང་གྲངས་ཚད་ངོ་མ་ཞིག་སྟོན་རྒྱུ་མེད་ལ་་་བདག་གིས་དུས་རྟག་ཏུ་གཞིས་ལུས་མི་མང་གི་མདོན་འདོད་ངོ་མ་དེ་ནི་བོད་ནང་ལ་རང་ཐག་རང་གཅོད་ཀྱི་འོས་འཕེན་ཞིག་མ་བྱུང་བར་དུ་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད་ཅེས་ཤོད་ཀྱིན་ཡོད། ཡང་མིན་ན་བོད་ས་ཡོངས་ནས་བོད་མི་ཚང་མ་ཡར་ལངས་ཏེ་མགྲིན་དབྱངས་གཅིག་གྱུར་གྱི་འབོད་ཚིག་ཅིག་མ་བསྒྲགས་བར་ལ་ང་ཚོས་འདི་ལྟར་རང་བཙན་རེད་དང་རང་སྐྱོང་རེད་་ཅེས་པའི་ཐག་གཅོད་བྱེད་མི་འོས།
གསར་བརྗེའི་མེ་ལྕེ་སྦོར་རྒྱུར་མོས་མཐུན་ཡོད།
དགོངས་ཚུལ་ཡིད་སྨོན་ཤོར་བ་ཞིག་བྲིས་འདུག ད་ཡིན་ན་བཀའ་སྤྱི་གཉིས་ཀྱིས་སློབ་སྟོན་ཡིན་ན་ཅིག་འགྱིང་སྡོད་ཚུལ་མ་རེད། ཁོང་གི་དགོངས་ཚུལ་ཚང་མས་ཐུགས་བསམ་གནང་རན་རེད།
རྒྱ་ནག་མི་མང་གི་”མེ་ཏོག་ཨ་ཀར་གྱི་གསར་བརྗེ”འི་མེ་ཏོག་གསོན་པོ་དེའི་རྩ་བ་དེ་ཅུང་ཟད་གྲང་ངར་ཕོགས་པ་ཡིན་སྲིད་པས་དེས་ན། གཞི་ལུས་བོད་ནང་ནས་”བོད་ཀྱི་མཆོད་མེ་གསར་བརྗེ”འི་མེ་དྲོད་ཅིག་སྤར་ཐུབ་ན་བོད་རྒྱ་གཉིས་ཀའི་མང་གཙོའི་འབྲས་བཟང་ཅིག་མྱུར་དུ་སྨིན་པ་ལ་ཕན་སྲིད་པ་མིན་ནམ། ངའི་འདི་ཡང་བསམ་འཆར་ཙམ་ཡིན་གདའ།
བསམ་ཚུལ་དེར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། བསམ་ཚུལ་དེ་དངོས་ཡོད་ཀྱི་བསམ་ཚུལ་ཞིག་ཀྱང་ཡིན་པ་འདོད། བསམ་ཚུལ་ཤོད་མཁན་ཚོ་བསམ་ཚུལ་འདི་ལྟར་ཤོད་རོགས། ད་དུང་ཁྱོད་ཀྱི་བསམ་ཚུལ་ལས་གཞན་པའི་ང་ལ་ཡང་བསམ་ཚུལ་གཞན་ཞིག་ཡོད། ང་རང་ད་ལྟ་ལུང་པ་ག་གེ་མོ་ཞིག་གི་མི་སེར་ཞིག་ཆགས་བར་རེ་སྒུག་བྱེད་བཞིན་ཡོད། གལ་ཏེ་ནམ་ཞིག་ང་རང་ལུང་པ་གང་དེའི་མི་སེར་ཆགས་མ་ཐག་རྒྱ་ནག་ཏུ་འུ་ཐུག་པའི་དྲག་པོའི་ལས་གཞི་སྤེལ་འདོད་ཡོད། འདི་ནི་ངའི་ལོ་མང་པོའི་གོང་གི་བསམ་ཚུལ་ཡིན་པ་དང་བསམ་ཚུལ་དེ་ད་ལྟ་ད་དུང་ཡང་འགྱུར་བ་མེད། ང་རང་སྔོན་མ་ཕྱི་སོག་ལུང་པར་ལོ་ལྔ་བསྡད་པའི་རིང་ཕྱི་སོག་དང་ནང་སོག། ཞིན་ཅང་སོགས་ཀྱི་མང་གཙོར་དོན་གཉེར་བ་མང་པོ་ཞིག་ངོ་ཤེས་ཀྱིན་ཡོད། ཁོང་ཚོས་དང་ལྷན་དུ་གསང་བའི་གླེང་མོལ་མང་པོ་བྱས་མྱོང་ཡོད། ཁོང་ཚོར་གྲ་སྒྲིག་དང་འཆར་གཞི་མེད་པ་ཙམ་མ་གཏོགས་རྒྱ་ནག་ལ་དགྲ་ཁ་གཏད་འཛིན་པའི་ལྟ་བ་དེར་ང་རང་ཁོང་ཚོ་ལ་ཧ་ལས་སོང་། རྒྱ་ནག་ལ་འུ་ཐུག་པའི་དྲག་རྒོལ་བྱ་འདོད་ཡོད་མཁན་ཚོ་ལམ་སྟོན་དང་བསམ་ཚུལ་སྤེལ་རོགས།
སྙན་བཟང་གཡུང་དྲུང་ཚེ་རིང་ལགས། ཁྱེད་ཀྱི་དགོངས་འཆར་ཡག་པོ་འདུག འོན་ཀྱང་གངས་ལྗོངས་ལའང་དངོས་ཡོད་ཀུན་ཕན་གསར་བརྗེའི་འོད་སྣང་རེ་འཕྲོ་གྲབས་བྱས་པ་ཉུང་ཉུང་མིན། དཔེར་ན་གསར་བརྗེ་བཅོས་བསྒྱུར་འཐབ་རྩོད་བར་ནས་ལུང་ཤར་རྡོ་རྗེའི་མིག་འབྲས་ཤོར་ཡོད་པ་དེ་གཅིག་ཡིན། ར་སྟག་གཡུལ་འཁྲུགས་ཀྱི་ཁྲོད་ནས་རྒྱལ་ཚབ་རྭ་སྒྲེང་གི་སྐུ་སྲོག་ཤོར་བ་འདི་ཡང་གསར་བརྗེ་དང་དྲང་བདེན་ཆེད་ཡིན། མཁས་དབང་དགེ་ཆོས་ཀྱི་གོད་ཆག་ཀྱང་གཅིག་ཡིན། ད་དུང་མང་། སྤྱིར་ས་གནས་གང་དུ་གསར་བརྗེའི་ལས་འགུལ་ཁྲོད་དཀའ་ངལ་མ་འཕྲད་པ་གཅིག་ཀྱང་མེད། འོན་ཀྱང་གསར་བརྗེ་བྱེད་པར་མང་ཚོགས་ཀྱི་བརྒྱ་ཆའི་མང་ཤོས་ཀྱི་གསར་བརྗེའི་བསམ་བློ་ན་ཚོད་སྨིན་དགོས་པ་རེད། གལ་ཏེ་གསར་བརྗེ་བྱེད་པར་མང་ཚོགས་ཀྱི་བརྒྱ་ཆའི་མང་ཤོས་ཀྱི་གསར་བརྗེའི་བསམ་བློ་བག་ལ་ཞ་ཡོད་ན་གསར་བརྗེ་མགྱོག་པོར་འབྱུང་ཐབས་མེད། དེའི་ཕྱིར་གསར་བརྗེ་ནི་མང་ཚོགས་བརྒྱ་ཆའི་མང་ཤོས་ཀྱི་གསར་བརྗེའི་བསམ་བློའི་འདུ་ཤེས་ལ་ལྟོས་དགོས།
རེད། ངོ་མ་འདི་ནི་སེམས་གཏིང་ནས་འཕྱུར་བའི་སྦི་རག་ཅིག་རེད་ཨང་།
དཔེ་ཡག་པོ་བྲིས་གནང་ཤག་ཐུགས་རྗེ་ཆེ།