མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་ཡང་ཡང་མེར་བསྲེགས་གཏོང་བཞིན་པའི་གཏིང་རིམ་གྱི་རྒྱུ་རྐྱེན་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན། རྒྱལ་སྤྱིའི་རེ་བའི་འབོད་སྒྲ་རླུང་འཕྲིན་ཁང་གིས་ལྷ་སྡེ་གནམ་ལོ་ཡག་ལ་བཅར་འདྲི་ཞུས་ཏེ། དུས་ཡུན་སྐར་མ་ ༡༣ དང་སྐར་ཆ་ ༡༩ ཅན་ཞིག་རླུང་འཕྲིན་ཁང་དེ་གའི་“དུས་བབ་བགྲོ་གླེང”ལེ་ཚན་དུ་རྒྱང་སྲིང་བྱས་པ་ཞིག་འདིར་ཕབ་བསྒྱུར་བྱས་ཡོད།  

བཅར་འདྲིའི་སྔོན་འགྲོའི་ཚན་པར། “ ཤེས་གསལ་ལ་ལོང་ཊོན་དུ་རྟེན་གཞི་བྱས་པའི༼ བོད་ཀྱི་རང་དབང༽བརྒྱུད་ལམ་ལྟར་ན། ད་ལོའི་ཟླ་ ༣ ནས་བཟུང་། དེང་གི་བར་དགེ་འདུན་པ་དང་དགེ་འདུན་པ་ཟུར་བ་དགུ་ཡིས་མེར་བསྲེགས་བཏང་འདུག དེའི་ཁྲོད་དུ་ལོ་ ༢༠ ཡས་མས་སུ་སོན་པའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་ཟླ་ ༡༠ ཚེས་  ༡༧ ཉིན་རང་ལུས་མེར་བསྲེགས་བཏང་ནས་གྲོངས་ཡོད་པ་དང་།  བརྒྱུད་ལམ་ཁག་ལས་བརྗོད་གསལ་དུ་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་གོ་རིམ་ཁྲོད་དུ“བོད་ལ་རང་དབང་དགོས”སོགས་ཀྱི་འབོད་ཚིག་བསྐྱོར་འདུག ཡིན་ནའང་། རྒྱ་ནག་སྐམ་སའི་གསར་འགྱུར་ལྟར་ན། གུང་ཁྲན་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་དག་རྒྱལ་ཁབ་ཕྱི་ལོགས་ཀྱི་དགྲར་འཛིན་སྟོབས་ཤུགས་ཀྱིས་ཆེད་དུ་བཟོས་པའི་བྱ་འགུལ་ཞིག་ཏུ་བཤད། གསར་འགོད་པས་དེའི་ཐད་ད་ལྟ་ཨོ་སི་ཊི་ལི་ཡར་སྡོད་པའི་བོད་ཀྱི་གནད་དོན་ཞིབ་འཇུག་པ་དང་མཐོ་རིམ་ཞིབ་འཇུག་པ་སྐུ་ཞབས་གནམ་ལོ་ཡག་ལ་བཅར་འདྲི་བྱས་ཡོད། གཤམ་ནས་ཚང་མས་གནམ་ལོ་ཡག་ལ་བཅར་འདྲི་བྱས་པར་གསན་རོགས” ཞེས་བཀོད་འདུག

གསར་འགོད་པ། ད་ལོ་རྒྱ་ནག་གི་ནུབ་ལྷོའི་ས་ཁུལ་དུ་བོད་ཀྱི་དགེ་འདུན་པ་བསྟུད་མར་མེར་བསྲེགས་གཏོང་བའི་དོན་རྐྱེན་བྱུང་འདུག་པའི་ཁར། ཛ་དྲག་ནས་ཛ་དྲག་གི་ཕྱོགས་སུ་འཕེལ་བཞིན་པས། ཁྱོད་ཀྱིས་གནད་དོན་འདིར་ཇི་ལྟར་ལྟ་བཞིན་ཡོད་དམ།

གནམ་ལོ་ཡག   ངས་ཀྱང་གནད་དོན་འདིར་དོ་སྣང་ཆེན་པོས་ལྟ་བཞིན་ཡོད། ཐོག་མའི་ཆར་བགྲོ་གླེང་གི་ཁ་ཕྱོགས་རེ་འགའ་ཡང་བརྙེད་སོང་།

གཅིག  དོན་རྐྱེན་འདི་དག་གིས་རྒྱ་དམར་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ཕམ་ཁ་བྱུང་ཟིན་པ་དེ་བསྟན་ཡོད། སྲིད་ཇུས་ཀྱི་ཕམ་ཁར་བསྟུན་ནས་བོད་མི་ཚོས་གཅེས་སྲོག་འབེན་ལ་བཙུགས་ནས་ངོ་རྒོལ་མི་བྱེད་རང་བྱེད་ཀྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། མཁས་པ་ལ་ལ་ཞིག་གིས་གནས་སྟངས་འདིར“རེ་ཐག་ཆད་པ”ཞེས་འབོད་ཀྱིན་འདུག ཡིན་ནའང་། ངས་བལྟས་ན་འདིའི་ནང་དུ་མི་རིགས་སྤྱིའི་རང་དབང་གི་ཆེད་ཀྱི་ངོ་རྒོལ་འདུས་ཡོད་པར་མ་ཟད། ཆོས་དད་སྲུང་སྐྱོབ་ཀྱི་འཕག་འཚག་ཀྱང་ཚུད་ཡོད་པས། རང་ཉིད་ཀྱི་ཁེ་གྲགས་དོར་ནས་མི་རིགས་ཀྱི་རང་དབང་རྩོད་ལེན་གྱི་ངོ་བོར་གྲུབ་ཡོད་སྟབས། ལས་སླ་བའི་ལམ་ནས“རེ་ཐག་ཆད་པ”ཞེས་བོས་ན་འོས་ཤིང་འཚམ་པ་ཞིག་མ་རེད། 

གཉིས།  འདི་ནི་སྐད་གྲགས་ཅན་གྱི་བོད་རིག་པ་སྨྲ་བ་བོ་སྐུ་ཞབས་བཀྲ་རྒྱལ་ལགས་ཀྱིས“ས་བྱི་ལོའི་ཞི་བའི་གསར་བརྗེ”འབོད་པའི་ཕྱི་ལོ་ ༢༠༠༨ ལོའི་བོད་ས་ཡོངས་ཀྱི་ཞི་བའི་ངོ་རྒོལ་གྱི་རྒྱུན་མཐུད་རེད། ཚང་མས་ཧ་ལམ་མཁྱེན་གྱི་ཡོད་པ་ནི་ན་ནིང་ས་བྱི་ལོའི་ཞི་བའི་གསར་བརྗེ་ལོ་གསུམ་འཁོར་བའི་དུས་དྲན་སྐབས། བོད་ནང་གི་རང་ལུས་མེར་མཆོད་ཀྱི་དོན་རྐྱེན་ཐོག་མ་རྔ་པ་ས་ཁུལ་ནས་བྱུང་ཡོད། བརྒྱུད་ལམ་ཁག་ལས་ཐོན་གསལ་ལ། སྐབས་དེར་རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་སྐུ་ལུས་མེར་མཆོད་ཀྱིས་ངོ་རྒོལ་གནང་སྐབས། དམག་མི་དང་ཉེན་རྟོགས་པས་ཁོང་ལ་མེ་མདའ་བརྒྱབ་ཡོད་འདུག ཡ་ང་བའི་གནས་ཚུལ་དེས་བོད་མི་རྣམས་ཀྱི་སེམས་པར་རྨ་ཁ་ག་འདྲ་ཞིག་བཟོས་ཡོད་པ་ནི་ཚོད་དཔག་བྱེད་དཀའ་བ་ཞིག་རེད།

གསུམ།  བཤད་མ་དགོས་པ་ཞིག་ནི། བོད་མི་ཚོས“འཚེ་བ་མེད་པ”དང“མི་རྟོན་པ”གཅིག་གྱུར་གྱི་སྙིང་སྟོབས་བྱ་སྤྱོད་ཁྲོད་སྤེལ་བཞིན་པ་ཞིག་རེད། དུས་ཡུན་ཐུང་ངུའི་ནང་དུ“མེ་ཏོག་མ་ལི་ཀའི་གསར་བརྗེ”ལྟ་བུའི་ནུས་པ་ཐོན་མི་སྲིད་ནའང་། “གསེར་མདོག་གསར་བརྗེ”ཡི་གོམ་སྟབས་བསྒྱུར་ཟིན་པར་གོ་ཆོག་པ་ཞིག་རེད་ལ། འདི་ནི་རྒྱ་ནག་དམངས་གཙོ་ཅན་དུ་བསྐུལ་བའི་ངོ་རྒོལ་གྱི་རིགས་གཞན་ཞིག་ཀྱང་ཡིན་པས། རྒྱ་མི་ཚོས་ངེས་པར་དུ་ཕྱོགས་འདི་མཐོང་དགོས་ཀྱི་འདུག རྒྱུ་མཚན་ནི་མི་རེ་ངོ་རེ་ལ་གཅེས་སྲོག་རྡོག་རོལ་དུ་གཏོང་ཕོད་པའི་སྲིད་གཞུང་མ་ལག་ཅིག་བརྗེ་བོ་རྒྱག་པའི་འོས་འགན་ཡོད་པ་རེད།

            གསར་འགོད་པ།  རང་ལུས་མེར་བསྲེགས་ནི་ཆོས་དད་དང་འགལ་ལམ། ཅིའི་ཕྱིར་ཁོང་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་རེད་དམ། གནད་དོན་ཅི་ཞིག་གསལ་བཤད་བྱེད་ཀྱིན་འདུག སྤྱིར་བཏང་གི་རང་སྲོག་བཅད་པ་དང་མ་འདྲ་ས་གང་ཡོད་དམ།

            གནམ་ལོ་ཡག  མ་གཞི་ང་རང་ཆོས་ལུགས་ཞིབ་འཇུག་པ་ཞིག་མ་རེད། ཡིན་ནའང་། མཐོང་ཐོས་གཞིར་བཞག་གིས་བཤད་ན། ནང་ཆོས་ཀྱིས་སྲོག་གཅོད་སྡིག་པར་བརྩི་བཞིན་འདུག  དེ་མཚུངས་སུ་གཞན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་འགོག་གི་མི་འདུག  ནང་བས་སྟག་མོ་ལུས་སྦྱིན་ནི་སྦྱིན་པའི་མཆོག་ལ་བརྩི་བཞིན་ཡོད་ཅིང་། དེའང་སྟོན་པ་ཤཀྱཱ་ཐུབ་པས་ལྟོགས་སྐོམ་གྱིས་མནར་བའི་སྟག་མོ་མ་བུ་དྲུག་སྐྱོབ་ཆེད་སྙིང་རྗེ་ཆེན་པོའི་ལམ་ནས་རང་ལུས་སྦྱིན་པར་བཏང་བ་ཞིག་རེད། དེར་མ་ཟད《དམ་ཆོས་པད་དཀར》ནང་དུ་སྟོན་པ་སྐུ་དངོས་ནས་རང་ལུས་མེར་མཆོད་བཏང་བར་བསྔགས་བརྗོད་གནང་འདུག ཚང་མས་དྲ་རྒྱའི་ནང་བཙལ་ན་རྙེད་ཐུབ་པར་མ་ཟད། ཨིན་ཇིའི་འགྱུར་ནང(Lotus Sutra)འབོད་ཀྱི་འདུག

            ནང་བའི་ལོ་རྒྱུས་ལྟར་ན།  ང་རང་གིས་བརྙེད་སོན་བྱུང་བ་སྟག་མོ་ལུས་སྦྱིན་མ་ཐེ་བའི་དགེ་འདུན་པས་སྐུ་སྲོག་གཞན་དོན་དུ་ཕུལ་བའི་དོན་རྐྱེན་ཐོག་མ་ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༦ཚེས་ ༡༡ ཉིན་བེ་ཐུ་ནམ་ནས་བྱུང་ཡོད་ཅིང་།  ཐེག་ཆེན་སློབ་དཔོན་ཆེན་མོ(Thích Quảng Đức)མཆོག་གིས་སྐབས་དེའི་བེ་ཐུ་ནམ་ལྷོ་མའི་སྲིད་གཞུང་གིས་ནང་བར་མནར་གཅོད་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་གནང་བ་ཞིག་རེད་ལ། དེར་བརྟེན་ནས་བེ་ཐུ་ནམ་ལྷོ་མའི་སྲིད་གཞུང་ལ་མང་ཚོགས་ཀྱི་ཡིད་ཆེས་བརླག་ནས་མཐར་བེ་ཐུ་ནམ་བྱང་མའི་སྲིད་གཞུང་གིས་དབང་བསྒྱུར་བྱས་འདུག དོན་རྐྱེན་གཉིས་པ་དེ་བཞིན་ཕྱི་ལོ་ ༡༩༦༦ ལོར་རྒྱ་ནག་གི་ཞིས་ཨན(ཁྲང་ཨན)ཞིང་ཆེན་ནང་བྱུང་འདུག  རིག་གནས་གསར་བརྗེ་ཆེན་པོིས་གནམ་ས་གཡོ་བཞིན་པའི་སྐབས་ཏེ། སློབ་དཔོན་ཆེན་མོ་ལིང་ཆིན་མཆོག་གིས་ཞིས་ཨན་གྱི་ནང་བའི་དགོན་པ་ཞིག་ལ་སྲུང་སྐྱོབ་བྱེད་སླད་སྐུ་ལུས་མེར་མཆོད་བཏང་ནས་ངོ་རྒོལ་གནང་བ་ཞིག་རེད། སྐབས་དེར་ཉུང་མཐར་སློབ་དཔོན་མཆོག་ལ་གཅར་རྡུང་བྱེད་མཁན་གྱི་དམར་སྲུང་དམག་མི་དག་ལ་ཞེད་སྣང་བསླངས་ཡོད་པ་རེད།

            དེ་ནས་བོད་ནང་དེང་སྐབས་བྱུང་བཞིན་པའི་སྐུ་ལུས་མེར་མཆོད་ངོ་རྒོལ་གྱི་དོན་རྐྱེན་ཁག་རེད། ཡིན་ནའང་། བོད་ཀྱི་དོན་རྐྱེན་འདི་དག་གི་ངོ་བོ་རང་དབང་དང་ཆོས་དད་གཉིས་ཀྱིས་གྲུབ་པ་ཞིག་རེད་ལ། སྐུ་ལུས་མེར་མཆོད་ཀྱི་ངོ་རྒོལ་ཁག་ཆོས་དད་དམ་འཛིན་གྱི་བྱ་སྤྱོད་ཙམ་ལས་བརྒལ་ནས་རང་དབང་བརྩོན་ལེན་གྱི་མཐོ་སར་འགྲེངས་ཡོད་པས། བློ་ཡིད་ལ་ཤོང་དཀའ་བ་ཞིག་ཏུ་མཐོང་མོད། བོད་མི་ཚོས་ད་དུང་མུ་མཐུད་ཀྱིན་འདུག

            མདོར་བསྡུས་ནས་བཤད་ན། སྐུ་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ནི་ཁོར་ཡུག་དམིགས་བསལ་བ་ནས་ལག་ལེན་ནང་བཏབ་པའི་བྱ་སྤྱོད་ཁྱད་པར་བ་ཞིག་རེད་ལ། དམིགས་ཡུལ་ངོ་མ་ནི་མིའི་རིགས་ཀྱི་ཆེས་མཐོང་དང་འདྲ་མཉམ་བརྩོན་ལེན་གནང་ཆེད་རང་ཉིད་མེར་མཆོད་ལ་བཏང་ནས་བདེན་པ་དང་སྙིང་རྗེ་སླར་གསོ་ཡོང་བའི་འབོད་བསྐུལ་རེད། གཏིང་ཟབ་ས་ནས་བཤད་ན། ཚོང་བས་འཇིག་རྟེན་ལ་ཁ་ལོ་བསྒྱུར་བཞིན་པའི་དེ་རིང་། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁེ་བཟང་བར་གྱི་འཐབ་རྩོད་ཅིག་ཀྱང་ཡིན་པས། མི་ནི་དཔྱོད་ཤེས་ལྡན་པ་ཞིག་ཡིན་མིན་གྱི་འགྲན་སློང་གསར་བ་ཞིག་ཀྱང་རེད།

            རང་སྲོག་གཅོད་པར་མཚོན་ན། ལྟོས་ས་ལྟོས་འཇོག་གིས་རང་སྲོག་གཅོད་པ་ལ་དམིགས་བསལ་བ་དང་སྤྱིར་བཏང་བའི་དབྱེ་བ་ཡོད་པར་སྣང་ཞིང་། དེའང་དམིགས་ཡུལ་གྱིས་ཐག་གཅོད་བྱེད་ཀྱིན་པ་ཞིག་རེད། དེ་རིང་གི་བར་དུ་གཞན་དོན་ཆེད་རང་སྲོག་འདོར་མཁན་ཚང་མར་མིའི་རིགས་ཀྱི་བརྩི་བཀུར་ཐོབ་ཡོད་ལ། དུས་རབས་བཅུ་དགུ་བ་ནས་ནུབ་ཕྱོགས་སུ་ཕོ་མོའི་བར་གྱི་བརྩེ་དུང་ལའང་གོང་བཀུར་ཐོབ་ཡོད་པས། བརྩེ་དུང་གི་ཆེད་དུ་སྲོག་འདོར་མཁན་ལའང་བརྩི་བཀུར་ཐོབ་ཡོད། དེ་བས། ཚང་མས་ནམ་རྒྱུན་རང་སྲོག་གཅོད་དོན་ལ་བརྩད་གཅོད་བྱེད་ཀྱིན་ཡོད་ལ།  འཚོལ་སྒྲུབ་ལས་རྙེད་པའི་དྲིས་ལན་གྱིས་རང་སྲོག་བཅད་པའི་མ་འདྲ་བ་དབྱེ་བཞིན་ཡོད།

            གལ་ཏེ་རང་སྲོག་གཅོད་དོན་སྒེར་དོན་ཏེ། ལས་ཀ་ཤོར་བ། སྐྱ་ཡར་གཅར་རྡུང་། ནག་ཉེས་ཕོག་པར་ཞེད་པ། སྡུག་བསྔལ་ལས་གྲོལ་འདུན་སོགས་སྤྱིར་བཏང་གི་རང་སྲོག་བཅད་པའི་ཁོངས་སུ་འདུ། ཡིན་ནའང་། རང་སྲོག་གཅོད་མཁན་གྱི་གྲངས་འབོར་མང་དུ་ཕྱིན་ན། དེ་ནི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལས་བསྐྱེད་པ་ཞིག་ཏུ་ངོས་འཛིན་དགོས་ཀྱི་ཡོད།

            གསར་འགོད་པ། ཨ་རིའི་རླུང་འཕྲིན་ཁང་གིས་བཏང་གནས་ལྟར་ན། རྒྱ་དམར་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པ་ལའེ་ཝེ་མེན་གྱིས་བཤད་དོན། ཉེ་ཆར་བྱུང་བའི་བོད་པའི་དགེ་འདུན་པ་མེར་བསྲེགས་ཀྱི་དོན་རྐྱེན་ནི་ཕྱི་རྒྱལ་དུ་ཡོད་པའི་ཏཱ་ལའི་བླ་མའི་རྒྱབ་བསྐྱོར་བ་ཚོས་གུང་ཁྲན་ཏང་གིས་བོད་ལ་དབང་བསྒྱུར་བྱེད་ཀྱིན་པ་མགོ་རྟིང་སློག་སླད་དཀྲོགས་གཏམ་བཟོས་པ་ལས་བྱུང་བའི་བྱ་སྤྱོད་ཅིག་རེད།  ཁྱོད་ཀྱིས་བལྟས་ན་རྒྱ་དམར་གཞུང་གིས་འདི་ལྟར་བཤད་དོན་ཅི།

            གནམ་ལོ་ཡག  རྒྱ་དམར་གཞུང་གི་བཤད་སྟངས་འདིར་ཕལ་ཆེར་དོན་དག་གཉིས་འདུག དང་པོ། ཚོད་དཔག་འདི་ཧ་ལམ་རྒྱ་དམར་གཞུང་རང་སྟེང་གི་ཉམས་མྱོང་ལས་བྱུང་བ་ཞིག་རེད། ཚང་མས་ཤེས་གསལ་ལྟར།  “ སེམས་ཐག་གཙང་བཅད། ཤི་རྒྱུར་མི་སྐྲག ”ཞེས་པའི་ཚིག་འབྲུ་བརྒྱད་ཅན་གྱི་འབོད་ཚིག་འདི་བཞིན་རྒྱ་དམར་གཞུང་གིས་སྔར་མི་རྣམས་ལ་རང་སྲོག་གཅོད་པར་བསྐུལ་སློང་བྱས་པའི་ལོ་རྒྱུས་ཀྱི་ཟིན་བྲིས་སུ་གྱུར་ཡོད། དེ་བས། རྒྱ་དམར་གཞུང་གི་མདུན་དུ་བོད་མིས་རང་ལུས་མེར་མཆོད་གཏོང་བའི་ངོ་རྒོལ་མཐུད་ནས་སླེབས་འཕྲལ་འཛམ་གླིང་མི་དམངས་ཀྱི་བློ་ཁ་གཞན་ལ་བསྒྱུར་བསམ་གྱི་བྱ་སྤྱོད་ཅིག་རེད། དོན་ལ་འདི་ནས་རྒྱ་དམར་གཞུང་གིས་འཐབ་རྩལ་རང་བཞིན་གྱི་ནོར་འཁྲུལ་ཞིག་ཤོར་ཡོད་པར་འདོད། ནང་ཆོས་ཀྱིས་སྲོག་གཅོད་སྡིག་པར་ལྟ་བཞིན་པའི་ཁར། མི་གསོད་པ་ནི་དགེ་འདུན་པས་སྲུང་བྱའི་ཁྲིམས་གཙོ་བོ་གཅིག་ཡིན་ལ། དེ་ལ་འགལ་ན་སྡོམ་པ་ཤོར་ཚར་བ་རེད། འདིའི་ངོས་ནས་བལྟས་ན། ཆོས་ལུགས་མི་སྣས་ཧ་ལམ་བསྐུལ་སློང་བྱེད་མི་སྲིད་པ་ཞིག་རེད། གོང་དུ་བཤད་པ་ལྟར། རང་སྲོག་གཞན་དོན་དུ་འབུལ་བ་ནི་རང་མོས་དང་གཞན་ཕན་གྱི་བྱ་སྤྱོད་ཅིག་ཡིན་པས། སྟོན་པ་ཤཀྱཱ་ཐུབ་པའང་བྱ་སྤྱོད་དེ་ལས་འདའ་ཆོག་གི་ཡོད་པ་མ་རེད།

གཉིས་པ། རྒྱ་དམར་གཞུང་གིས་ཕལ་ཆེར་རྒྱལ་སྤྱིའི་གླེང་ཕྱོགས་བེད་སྤྱོད་ཀྱིས་བཙན་ཚུགས་ངང་རྒྱལ་བ་རིན་པོ་ཆེ་མདུན་དུ་བསྐུལ་ནས་བོད་ནང་གི་ངོ་རྒོལ་མཚམས་འཇོག་བྱེད་པར་རེ་བ་རྒྱག་གི་ཡོད་པ་རེད། གལ་སྲིད་དེ་ལྟར་ལེགས་འགྲུབ་བྱུང་བ་ཡིན་ན། མདེའུ་གཅིག་གིས་ཤ་ཕོ་གཉིས་གསོད་པའི་དཔེ་ལྟར། ཕྱོགས་གཅིག་ནས་བོད་ནང་གི་ངོ་རྒོལ་མཚམས་འཇོག་ཡོང་བ་དང་། ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མའི་རྗེས་འཇུག་པས་བསྐུལ་སློང་ཟེར་བ་དེ་བརྒྱུད་ནས་བདེན་པ་ཡིན་པར་སྒྲུབ་ཟིན་པ་ཞིག་རེད།

            གསར་འགོད་པ།  ཁྱོད་ཀྱིས་བལྟས་ན་རྒྱ་དམར་གཞུང་གིས་འདི་ལྟར་བཤད་པའི་རྩ་བ་གང་ལ་ཐུག་ཡོད་དམ།

            གནམ་ལོ་ཡག  འདིར་རྗེས་ཤུལ་གསལ་བོ་ཞིག་སྔོན་མ་བཞག་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་དམར་གཞུང་གིས་ཨོ་ལིམ་ལུས་རྩལ་འགྲན་ཚོགས་བདེ་བླག་གིས་འཚོགས་སླད་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་གདན་འདྲེན་ལ་ཁ་གཡར་ནས་སྐུ་ཚབ་ཚོ“བྱ་ཚང”ཞེས་པའི་ལུས་རྩལ་ར་བར་ལྟ་བསྐོར་ལ་ཁྲིད་ཡོད་ཅིང་། དེ་ལྟར་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་བོད་ཀྱི་གནད་དོན་སླད་མཛད་སྒོར་མི་ཞུགས་པའི་དམ་བཅའ་ཕྱིར་བསྡུ་མི་བྱེད་རང་བྱེད་དུ་གྱུར་ཡོད། ཡིད་ཕངས་པ་ཞིག་ལ་རྒྱལ་བ་རིན་པོ་ཆེ་ཡིས་ཨོ་ལིམ་ལུས་རྩལ་འགྲན་འཚོགས་ལ་ངོ་རྒོལ་གནང་གི་མེད་པའི་དོན་དངོས་ངོས་ལེན་བྱས་མེད་པའི་ཁར། ལོ་དེར་རྒྱ་དམར་གཞུང་གིས་བོད་ནང་གདུག་རྩུབ་ཀྱིས་དྲག་གནོན་བྱས་པའི་མཇུག་འབྲས་ཀྱང་ངང་གིས་ཡལ་ཡོད།

            སྐབས་དེ་ནས་བཟུང་། བོད་ཕྱི་ནང་གཉིས་སུ་ངྷ་རམ་སཱ་ལས་དོན་དངོས་སུ་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་ཡོད་དམ། རྒྱ་དམར་གཞུང་ལ་དཔུང་རོགས་བྱེད་ཀྱིན་ཡོད་ཅེས་པའི་དྲི་བ་འདི་ལྷགས་ཡོད་པ་རེད། ངས་བསམ་བློ་བཏང་ན་ཁོ་ཚོས་གཞི་འཛིན་ས་འདི་རེད།

            གསར་འགོད་པ།  ད་ལྟ་མཇུག་བསྡུས་པའི་རྒྱ་དམར་ཚོགས་ཆེན་བཅུ་བདུན་པའི་ཚོགས་ཐེངས་དྲུག་པའི་སྟེང་། རྒྱ་དམར་གཞུང་གིས་ཤེས་རིག་མ་ལག་བཅོས་བསྒྱུར་ཐད་གཅིག་བསྡུས་ཀྱིས་བགྲོ་གླེང་བྱས་ཡོད་པར་མ་ཟད། “མི་དམངས་ཀྱི་བསམ་བློའི་དགོས་འདུན་མགོ་འཛུགས་ས་དང་རྐང་བ་འབབ་ས་བྱས་ནས་མི་དམངས་ཀྱི་རྩ་བའི་ཤེས་རིག་ཁེ་དབང་ཐད་སྔར་ལས་ལྷག་པའི་ཁག་ཐེག་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་བློའི་ཁྱིམ་གཞི་བསྐྲུན་དགོས། ” ཁྱོད་ཀྱིས་རྒྱ་དམར་གཞུང་གི་སྐད་མཐོ་བའི་བཤད་སྟངས་འདིར་ཇི་ལྟར་ལྟ་བཞིན་ཡོད་དམ།

            གནམ་ལོ་ཡག  ཁ་གཡང་ཧ་ཅང་གི་གསལ་བོ་དག་པོ་ཞིག་རེད། ཡིན་ནའང་། དོན་དངོས་སུ་ལག་ལེན་དུ་བསྟར་རྒྱུ་ཞིག་ལས་དགོས་དབང་དྲིལ་བསྒྲགས་ཀྱི་དོགས་པ་ཆེན་པོ་འདུག  ངས་ཤེས་ཚུལ་ལྟར་ན། ཚོགས་འདུ་འདི་མ་འཚོགས་པའི་ཡར་སྔོན་གྱི་ཟླ་ ༩ཚེས་ ༢༦ ཉིན། འདི་བཞིན“རྒྱ་དམར་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཀྱིས་ཐག་བཅད་ཡོད་པ་ཞིག་རེད། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཤེས་རིག་གི་འཕེལ་རྒྱས་ལམ་ཆེན། ཤེས་རིག་མ་ལག་གཏིང་ཟབ་ཀྱིས་བཅོས་བསྒྱུར་གྱིས་སྤྱི་ཚོགས་རིང་ལུགས་ཤེས་རིག་གི་འཕེལ་རྒྱས་ཆེན་མོ་དང་གཡུར་དུ་ཟ་བ་ཆེན་མོར་བསྐུལ་འདེད་གཏོང་བ། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་ཤེས་རིག་གི་འཕེལ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཚན་རིག་གི་འཕེལ་རྒྱས་དཀྱིལ་སྙིང་དུ་བཟུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་མ་ལག་འགན་བབ་ཏུ་ཁུར་བའི་ཤེས་རིག་བཅོས་བསྒྱུར”གྱི་བརྗོད་གཞི་ཞིག་ཏུ་གྱུར་ཡོད་པས། ལྟ་བ་གཅིག་གི་སྲ་བརྟན་ལས་ལྟ་བ་སྣ་མང་འཛོམས་པའི་བཅོས་བསྒྱུར་གྱི་མདུན་ལྗོངས་ཤིག་མཐོང་གི་མི་འདུག

             དོན་ལ་འདི་ནི་རྒྱ་ནག་སྲོལ་རྒྱུན་གྱི་ཤེས་རིག་སྙིང་སྟོབས་དང་རྒྱབ་ཀྱིས་ཕྱོགས་པ་ཞིག་རེད་ལ། རྒྱ་དམར་གཞུང་གིས་ད་དུང་ཡང་མར་ཁེ་སི་རིང་ལུགས་ལྟོས་མེད་ཀྱི་བདེན་པར་བཀུར་འདུག “མེ་ཏོག་མཉམ་བཞད”དཀྱིལ་སྙིང་དུ་བཟུང་བའི་སྣ་མང་བསམ་བློའང་རྒྱ་ནག་གི་གནའ་བོའི་སྟོན་དཔྱིད་དམག་འཐབ་དུས་རབས་ཀྱི་ཟིན་བྲིས་ལས་ལྷག་རྒྱུ་རང་རེད། གལ་སྲིད་མི་རྣམས་ཀྱིས་རང་འགུལ་གྱིས་བརྩོན་ལེན་མ་གནང་བ་ཡིན་ན། བསམ་བློའི་རང་དབང་དང་སྣ་མང་འདོད་ཚུལ་ཤོང་བའི་སྤྱི་ཚོགས་ཤིག་ལ་ད་དུང་རྒྱང་ཐག་འདུག

            གསར་འགོད་པ། ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ་ཐོན་པ་ལྟར་ན། རྒྱ་དམར་གཞུང་གིས་དྲག་པོས་ག་དུས་ཀྱང་བོད་ནང་གི་གནད་དོན་ཐག་གཅོད་བྱེད་ཐུབ་རྒྱུ་མ་རེད་ཟེར། ཁྱོད་ཀྱིས་དེའི་ཐད་བསམ་བློ་གང་འདྲ་ཞིག་གཏོང་གི་ཡོད་དམ།

            གནམ་ལོ་ཡག “གྲོས་མཐུན་དོན་ཚན་བཅུ་བདུན” གྱི་ནུས་པ་ཉམས་པ་མཚོན་བྱེད་དུ་གྱུར་བའི་བོད་ཀྱི་གནད་དོན་ཐད་ནས་བལྟས་ན། གོང་འོག་ལོ་ངོ་ ༦༢ རིང་དྲག་པོས་བཙན་གནོན་དང་དྲག་པོའི་བཙན་གནོན་ལ་ངོ་རྒོལ་གྱིས་དེ་རིང་བར་རྒྱུན་བསྐྱངས་ཡོད་པའི་ཁར། ད་དུང་གནོན་ཐབས་མེད་པའི་རྣམ་པ་ཞིག་ཕྱི་ལ་མངོན་ཡོད། རྣམ་པ་འདིའི་ཆ་ནས་སླེབས་པའི་མཇུག་བསྡོམས་ནི“རྒྱ་དམར་གཞུང་གིས་དྲག་པོས་ག་དུས་ཀྱང་བོད་ནང་གི་གནད་དོན་ཐག་གཅོད་བྱེད་ཐུབ་རྒྱུ་མ་རེད” ལ་ལྟ་ཆོག་པ་ཞིག་རེད།

            ངས་ཐེངས་སྔ་མའི་བཅར་འདྲིའི་སྐབས་ཀྱང་བཤད་མྱོང་། བོད་མི་ནི་སྡར་མར་མཐོང་ཆུང་བྱེད་མཁན་གྱི་མི་རིགས་ཤིག་རེད། ཧ་ལམ་འདི་ནི་གདོད་མར་དཔའ་བོར་དད་པའི་སྲོལ་རྒྱུན་ལ་འབྲེལ་བ་ཡོད་པར་འདོད། གང་ལྟར་ལོ་ངོ་སྟོང་ཕྲག་རིང་ལ་ནང་ཆོས་བརྒྱུད་འཛིན་གནང་བ་བརྒྱུད་ནས་དཔའ་བོར་དད་པའི་ཚབ་ཏུ་བླ་མར་དད་པ་གྱུར་ཡོད། ཡིན་ནའང་། ལོ་ངོ་དྲུག་ཅུ་ལྷག་གི་རིང་དུ་རྒྱ་དམར་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་བརྒྱུད་ནས་བླ་མར་དད་པའི་འདུ་ཤེས་ཇེ་གཉོམ་ལ་བཏང་ཡོད་པར་མ་ཟད། ནང་སྒོས་སུ“པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཕྲོག་རྩོད”ནས་མགོ་བརྩམས་ཏེ། བོད་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཐད་གཡོ་ཁྱོམ་དྲག་པོ་ཞིག་བྱུང་ཡོད། ད་དུང་ཡ་ང་བའི་དྲག་གནོན་དང་དྲག་གནོན་ལ་ངོ་རྒོལ་བརྒྱུད་ནས་རང་བཞིན་གྱིས་བོད་མིའི་སེམས་ཁུང་དུ་གཉིད་ལ་ཤོར་བའི་དཔའ་བོར་དད་པའི་འདུ་ཤེས་དེ་སད་དུ་བཅུག་པ་རེད། མདོར་བསྡུས་ནས་བཤད་ན། དེང་སྐབས་སྣང་ཚུལ་འདིར“བཙན་པོའི་སྙིང་སྟོབས”ཞེས་བརྗོད་ཀྱིན་ཡོད་ལ། ཚུར་མངོན་གྱི་ཐབས་ལམ་ནི“འཚེ་བ་མེད་པ”དང“མི་རྟོན་པ”གཞི་གཅིག་ཏུ་བསྡུས་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་དང་ངོ་རྒོལ་གྱི་རྣམ་པ་ཞིག་རེད།

གསར་འགོད་པ། ཁྱོད་ཀྱིས་བལྟས་ན་བོད་ནང་གི་རྩ་བའི་གནད་དོན་ཅི་ཞིག་རེད་དམ།

གནམ་ལོ་ཡག  ངས་བལྟས་ན་དངོས་ཡོད་རྒྱུ་རྐྱེན་གྱིས་བོད་མི་རྣམས་ཡར་ལངས་ལ་བསྐུལ་མ་བྱེད་ཀྱིན་འདུག རྒྱུ་མཚན་ནི་ཉེ་བའི་ལོ་ངོ་ ༦༠ རིང་དུ་རྒྱ་དམར་གཞུང་གིས་སྔར་ཡོད་ཀྱི་བོད་རྒྱའི་དོ་མཉམ་ལ་གཏོར་སྐྱོན་བཏང་ཡོད་པར་མ་ཟད། བོད་མི་རྣམས་ཆབ་སྲིད་ཀྱི་ཐད་ནས་བས་མཐར་དེད་ཡོད་པ་དང་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་།  དེའི་ཁར“ནུབ་རྒྱུད་ཐོན་འབྱེད་ཆེན་མོ”དང“མདོ་དབུས་ལྕགས་ལམ”སོགས་ཀྱི་འཛུགས་བསྐྲུན་བརྒྱུད་ནས་ས་གནས་བོད་མི་དང་གནས་སྤོར་བའི་བར་དུ་འཚོ་སྡོད་ཀྱི་འགྲན་རྩོད་མགོ་ཚུགས་ཡོད་ཅིང་། རང་བྱུང་ཁོར་ཡུག་དང་དངོས་ཡོད་གནས་སྟངས་སོགས་རྒྱུ་རྐྱེན་མང་བོ་ཞིག་གིས་བོད་མི་ཆ་སྙོམས་ལ་སློབ་གསོ་རེག་པའི་སྣ་མང་ནུས་པའི་སྤུས་ཀ་རྒྱ་ནག་གི་ནང་ལོགས་ཀྱི་ཞིང་ཆེན་ཁག་ལས་སྐྱོ་ཞིང་། མི་སྒེར་དང་ཚོགས་པ་གང་རུང་གི་འགྲན་རྩོད་ནུས་པ་ཅུང་ཞན་པས། ལྕགས་ལམ་བརྒྱུད་ནས་སླེབས་པའི་ཕྱི་ཡོང་མི་ཚོགས་ས་གནས་བོད་མི་ལས་བརྒལ་གྱི་ཡོད་ལ། ས་གནས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ཡ་ང་བའི་གནས་སུ་སྐྱེལ་དང་བསྐྱལ་བཞིན་ཡོད། དབུལ་ཕྱུག་གི་ཧེ་བག་ཤིན་ཏུ་ཛ་དྲག་གི་ཕྱོགས་སུ་འཕེལ་བཞིན་པ་དང་། དབུལ་བོ་མང་ཆེ་བ་བོད་མི་ཆགས་ཡོད།

དེ་མཚུངས་སུ་དཔལ་འབྱོར་འཛུགས་བསྐྲུན་ལ་ཁ་གཡར་ནས་བོད་ནང་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྔོག་འདོན་བྱེད་ཀྱི་ཡོད་ནའང་།  མཐའ་མཇུག་ཁེ་བཟང་རེག་མཁན་བོད་མི་མ་ཡིན་པའི་ཁར། ཐོན་ཁུངས་སྔོག་འདོན་གྱི་གོ་རིམ་ཁྲོད་ནས་མང་ན་ངལ་རྩོལ་ལ་དཔག་པའི་གླ་ཆ་ཕྲན་བུ་ལས་རེག་གི་མེད་ཅིང་། ཐོན་ཁུངས་ལས་བསྣོན་བརྒྱུད་རྗེས་ཀྱི་ཁེ་བཟང་ཚང་མ་རྒྱ་དམར་གཞུང་ལ་རེག་ཡོད།

ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་། བོད་མི་ཚང་མའི་སེམས་ཁུང་དུ་དམའ་འབེབས་བྱེད་དྲགས་ཐལ་ཞེས་པ་འདི་ཡང་འཁོར་བསྐྱར་འཁོར་བྱེད་ཀྱིན་ཡོད་ལ། ཐ་ན་ཕྱུགས་རྫི་དང་ཞིང་བ་ལའང་བསམ་ཚུལ་འདི་དེ་ག་རང་ཡོང་བཞིན་འདུག དེ་དང་མཉམ་དུ་ཁེ་དབང་དང་ཆོས་དད། མ་མཐའ་བོད་ཡིག་གི་བཀོལ་སྤྱོད་ཡན་ལ་ཚད་འཛིན་ཐེབས་ཡོད་པས། ཕལ་ཆེར་བོད་མི་རྣམས་སྡུག་བསྔལ་གྱིས་སད་དུ་བཅུག་པ་ཞིག་རེད་ཅེས་བཤད་ཆོིག

བོད་མི་རྣམས་སྡུག་བསྔལ་གྱིས་སད་པའི་མཇུག་འབྲས་དེང་སྐབས་རྒྱ་དམར་གཞུང་ལ་སྤེལ་བཞིན་པའི་ངོ་རྒོལ་གྱི་འབོད་ཚིག་ནང་ཐོན་ཡོད། ཧ་ལམ་ཚིག་གསུམ་གྱི་ནང་དུ་བསྡུས་ཆོག་པ་ཞིག་སྟེ། “བོད་ལ་རང་དབང་དགོས།”“རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་རོགས།”“བོད་ཀྱི་རྒྱལ་ཁབ་སླར་གསོ”རེད་ལ། འབོད་ཚིག་སྔ་མ་གཉིས་ཅུང་མང་ནའང་། བོད་མི་ཕལ་ཆེ་བ་ཞིག་གིས“བོད་ལ་རང་དབང་དགོས”དང“བོད་ཀྱི་རྒྱལ་ཁབ་སླར་གསོ” གཉིས་ཀྱི་དབྱེ་བ་ཆེར་འབྱེད་ཐུབ་ཀྱི་ཡོད་པ་མ་རེད། དེ་ལྟ་ནའང་། ངོ་རྒོལ་དང་འབོད་ཚིག་གི་བྱུང་བའི་ཁྲོད་དུ་འདས་པའི་ལོ་རྒྱུས་ལས་དངོས་ཡོད་ཀྱི་རྒྱུ་རྐྱེན་ཆེ་བའང་གསལ་བོ་རེད།  མའོ་ཙེ་ཏུང་གིས་ཀྱང“གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད”ཅེས་བཤད་ཡོད་པ་ལྟར་རེད།

མཆན། བཅར་འདྲི་དངོས་རྒྱ་ཡིག་ཡིན་པ་དང་དྲ་ཐག་གཤམ་གསལ་ལྟར་ཡིན།

http://big5.soundofhope.org/programs/1008/201797-1.asp

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 12

  1. མཚོ་མོ། says:
    ལོ་ 14 སྔོན།

    ང་ཚོས་མེ་སྲེག་གཏང་མཁན་ཚོའི་ཆེད་དུ་མ་ཎེ་བགྲང་རྒྱུ་གལ་ཆེ་མཐོང་།

    Reply
  2. གཅན་ཚེ་རིང་། says:
    ལོ་ 14 སྔོན།

    དཔྱད་ཞིབ་ཡག་པོ་གནང་འདུག ང་ཚོས་འདི་ལྟར་མང་ཙམ་གླེང་ཐུབ་ན་ཧ་ཅང་དགེ་མཚན་ཡོད་པར་མཐོང་།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    མྱི་ནག་ཚང་གིས་གསུང་བའི་དོན་རྐྱེན་དེ་དྲི་བ་ཚ་བོ་ཞིག་རེད། ཡིན་ནའི། བོད་པའི་ངོ་རྒོལ་དང་རྦད་དེ་ལོགས་ཀ་རེད། གོང་གི་རྩོམ་ཡིག་ནང་གསལ་བ་ལྟར། བོད་པའི་ངོ་རྒོལ་ནི་གཞན་ཕན་དང་འཚེ་བ་མེད་པ། མི་བརྟུན་པ་ཞིག་རེད་ལ། ང་ཚོས་བཤད་ཀིན་བཤད་ཀིན་བོད་པའི་ངོ་རྒོལ་འཚེ་བའི་གྲས་སུ་མི་འཁྲིད་པར་རེ་བ་ཡོད། དེ་ནས་རྒྱ་གཞུང་གི་འདོད་ཐོག་ལ་སླེབས་ཚར་བ་རེད།

    Reply
  4. ནད་པ says:
    ལོ་ 14 སྔོན།

    དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་མཐོ་སྒང་གངས་ཅན་གྱི་ལྗོངས་འདིར་བོད་རང་བཙན་དང་། བོད་རྒྱལ་ཁབ། བོད་རང་དབང་། བོད་མི་རིགས་ཀྱི་རྩ་བ་ཡང་དག་པའི་དམངས་གཙོའི་ལམ་བུ་གཅིག་གི་སྟེང་དུ་གོམ་གང་མདུན་སྤོས་བྱས་ཏེ་འགྲོ་ཐུབ་རྒྱུར་ང་ཚོས་ཡིད་ཆེས་གཙང་མ་བྱེད་ཆོག

    དེར་བརྟེན་བོད་ཕྱི་ནང་དུ་རང་གི་གཅེས་པའི་རྒྱལ་ཁབ་དང་། རང་གི་བརྩེ་བའི་ཕ་ཡུལ། རང་གི་མི་རིགས་ཀྱི་ཕུགས་བསམ་དང་མདུན་ལམ་ཆེད་སྐུ་སྲོག་བློས་བཏང་བྱས་དང་བྱེད་བཞིན་ཡོད་ལ་འབྱུང་བར་འགྱུར་བའི་རྒྱལ་གཅེས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བསམ་མདུན་དང་རེ་བ་དག་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བ་དེ་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ཡིན།

    མའོ་ཙེ་ཏུང་གིས་བཤད་པ་ལྟར། གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པའི་ཚིག་དེར་ང་ཚོས་ཀྱང་དེ་ལྟར་གཅིག་མཚུངས་སུ་བྱ་དགོས།

    Reply
  5. ནད་པ says:
    ལོ་ 14 སྔོན།

    དུས་ཚོད་ཀྱི་སྔ་ཕྱི་ཞིག་མ་གཏོགས་མཐོ་སྒང་གངས་ཅན་གྱི་ལྗོངས་འདིར་བོད་རང་བཙན་དང་། བོད་རྒྱལ་ཁབ། བོད་རང་དབང་། བོད་མི་རིགས་ཀྱི་རྩ་བ་ཡང་དག་པའི་དམངས་གཙོའི་ལམ་བུ་གཅིག་གི་སྟེང་དུ་གོམ་གང་མདུན་སྤོས་བྱས་ཏེ་འགྲོ་ཐུབ་རྒྱུར་ང་ཚོས་ཡིད་ཆེས་གཙང་མ་བྱེད་ཆོག

    དེར་བརྟེན་བོད་ཕྱི་ནང་དུ་རང་གི་གཅེས་པའི་རྒྱལ་ཁབ་དང་། རང་གི་བརྩེ་བའི་ཕ་ཡུལ། རང་གི་མི་རིགས་ཀྱི་ཕུགས་བསམ་དང་མདུན་ལམ་ཆེད་སྐུ་སྲོག་བློས་བཏང་བྱས་དང་བྱེད་བཞིན་ཡོད་ལ་འབྱུང་བར་འགྱུར་བའི་རྒྱལ་གཅེས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བསམ་མདུན་དང་རེ་བ་དག་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བ་དེ་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་ཡིན།

    མའོ་ཙེ་ཏུང་གིས་བཤད་པ་ལྟར། གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པའི་ཚིག་དེར་ང་ཚོས་ཀྱང་དེ་ལྟར་གཅིག་མཚུངས་སུ་བྱ་དགོས།

    Reply
  6. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཨི་རག་ནང་གི་རང་སྲོག་གཏོང་བའི་གཏོར་རྒོལ་གྱི་རིགས་དེ་རིང་ནས་བཟུང་རྒྱ་ནང་དུ་མགོ་བཙུགས་པ་འདྲ། ཀོས་ཀྲུག་གྲོང་ཁྱེར་དུ་དོ་སྐྱེལ་རླངས་འཁོར་གཉིས་སློབ་གྲྭའི་ནང་གཏོར་སྟབས་བསད་རྨས་མང་པོ་ཐེབས་འདུག རྨན་པ་ཚོས་ཤི་འབོར་ད་དུང་འཕར་རྒྱུ་ཡིན་པའི་ཉེན་བར྄་བཏང་འདུག དེ་རིང་བྱིས་པ་ཚོ་རང་ཁྱིམ་ལ་མངགས་འདུག གཏོར་རྒོལ་གྱི་རྐྱེན་རྩ་བསྔོགས་བཞིན་པའི་སྒང་རེད་འདུག རྒྱ་གཞུང་ལ་དྲི་བ་བཙན་པོ་རེ་བཏང་འདུག

    Reply
  7. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༼ད་ལོ་རྒྱ་ནག་གི་ནུབ་ལྷོའི་ས་ཁུལ་དུ་བོད་ཀྱི་དགེ་འདུན་པ་བསྟུད་མར་མེར་བསྲེགས་གཏོང་བའི་དོན་རྐྱེན་བྱུང་འདུག་པའི་ཁར། ཛ་དྲག་ནས་ཛ་དྲག་གི་ཕྱོགས་སུ་འཕེལ་བཞིན་པས། ཁྱོད་ཀྱིས་གནད་དོན་འདིར་ཇི་ལྟར་ལྟ་བཞིན་ཡོད་དམ།༽ ཅེས་པའི་དྲི་བ་འདི་ཅུང་ངར་སེ་དྲིས་འདུག ད་ལོ་བོད་ནང་དུའམ། ད་ལོ་རྒྱ་ནག་གི་བཙན་འོག་ཡོད་པའི་བོད་ཀྱི་ས་ཁུལ་་་ ཡང་ན། བོད་ཤར་ཕྱོགས་ས་ཁུལ་མདོ་སྟོད་སྨད་དུ་་་་་ ཅེས་དྲིས་ཡོད་ན་ཡིད་ངོར་འཐད་པ་འདྲ་ཞིག་ཡོང་གི་རེད། རྒྱ་ནག་པ་ཞིག་གིས་དྲིས་ན་དྲི་བ་ཡང་འདི་འདྲ་ཡིན་ས་རེད། ཕྱི་གླིང་གི་གསར་འགོད་པ་ཚོས་ཚིག་གསལ་བོ་བཟོས་ནས་འདྲི་གི་རེད། ཡིན་ཡང་། དོ་སྣང་ཙམ་གྱི་ཆེད་དུ་བཤད་པ་ལས་མཐའ་གཅིག་ཏུ་སྐྱོན་སྣེ་རེ་བཙལ་བ་མིན།

    Reply
  8. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    ལྷ་སྡེ་ཚང་གིས་གླེང་རིན་ཡོད་པའི་གནས་ཚུལ་ཁ་ཤས་གསལ་འབྱེད་བྱས་འདུག་པའི་དགའ་ནས་ཡོད། ཤེས་ཡོན་ཅན་ནི་ནམ་ཡང་མུན་ནག་གི་ཁྲོད་ནས་འོད་ཟེར་འདྲེན་མཁན་ཡིན་པ་ལྟར་རང་རེའི་སྐྱ་སད་སྔོ་སྡུག་གི་ལོ་རྒྱུས་ངོས་ནས་རང་ལུས་མཆོད་མེར་སྒྲོན་པའི་དཔའ་བོའི་དེ་དག་གི་མཛད་པའི་ཆ་ཤས་རེ་འདི་ལྟར་གླེང་བར་དགེ་མཚན་ཧ་ཅང་ལྡན།

    Reply
  9. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ད་བར་གྱི་གླེང་བརྗོད་དག་གི་ཁྲོད་ནས་ད་ལྟའི་གནས་བབ་ལ་རྒྱུས་ལོན་ཤོས་དང་དབྱེ་ཞིབ་ཟབ་ཤོས་རེད་སྙམ་པ་ཞིག་འདུག བོད་མིའི་སེམས་ནང་གི་མེ་ལྕེ་དེའི་རྒྱུ་རྐྱེན་ཞིག་གསལ་བོ་དག་པོ་བྱས་ནས་གླེང་འདོད་འདུག་རུང་། བདུན་མཇུག་འདིར་འབྲི་ཨེ་ཐུབ་ལ་ལྟ་གི་ཡིན།

    ཐུགས་རྗེ་ཆེ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “ལུས་སྟོབས། ཟུངས་ཁྲག སྙིང་ཁམས། ཡབ་མེས་ཀྱི་རུས་རྐང་རྨ་མེད།
    སྦྲང་དཀར། འབྲི་མར། གངས་ཆབ། ཡབ་མེས་ཀྱི་གསོ་བཅུད་མངར་མོ།
    གངས་རི། རྩྭ་ཐང། བྲག་རི། ཡབ་མེས་ཀྱི་ཕ་ཁྱིམ་གྲུབ་བཞི།
    ངེས་དགོས་པ་སེམས་དཀྱིལ་ནས་རྟོགས་དགོས་ལ་དྲན་རུང་བ་ཡིད་སེམས་ནས་འཚོལ་དགོས།

    གཡོ་སྒྱུ། དྲག་རྩུབ། ཞེ་གནག སུ་ཞིག་གི་ངོ་གདོང་ན་འབར།
    མེ་མདའ། མེ་སྒྱོགས། འགད་རྫས། སུ་ཞིག་གི་སྲོག་ཐོག་ལ་རྒོད།
    རྒོལ་གཏམ། དཀྲོག་གཏམ། སྡིགས་དམོད། སུ་ཞིག་གི་ངག་སྒོ་ནས་བཙིར།
    མུན་ནག་གིས་ང་ཚོ་ལ་མིག་ཟུང་ནག་པོ་ཞིག་སྦྱིན་བྱུང་བས་ང་ཚོས་དེ་ལ་བརྟེན་ནས་འོད་སྣང་གི་སྐར་ཁུང་འཚོལ་ཐུབ་དགོས།

    ཚེ་སྲོག་གཅིག ཚེ་སྲོག་གཉིས། ཚེ་སྲོག་གསུམ། ་་་་་་་་་ཚེ་སྲོག་བརྒྱ།
    བར་མེད་དུ་ཤོར་དང་འཆོར་གྱིན་འདུག་པས།
    ང་ཚོས་མྱ་ངན་ཞུ་འོས། ང་ཚོས་རྗེས་དྲན་ཞུ་འོས།
    ང་ཚོས་ལོ་རྒྱུས་ཀྱི་ཧྲག་བར་ནས་ནམ་ཡང་བརྗེད་ངས་བྱ་མི་རུང།

    “བློ་སྤོབས། སྒེར་ཚུགས། མཛངས་རྟགས། ནང་རྡིག་གིས་གཏམས་པའི་མི་བུ་བཀན་མོ།
    རྒྱང་འབོད། ང་རོ། ཀི་ལྡིར། ནང་སེམས་ནས་བརྡོལ་བའི་གདུང་དབྱངས་དྭངས་མོ།
    རང་དབང། མང་གཙོ། ཁེ་དབང། མཐར་ཐུག་གི་གཞིས་ཁྱིམ་དྲོན་མོ།
    ང་ཚོས་ཡུན་རིང་བོའི་སྡོམ་ཁྲིམས་དང་དཀའ་སྡུག་དང་འགུལ་སྐྱོད་ཁྲོད་བཙལ་གྱིན་པའི་གསེར་གྱི་མགོ་རྒྱན་དང་རྨི་ལམ་ནི་ཅི་ཞིག་ཡིན། ”
    འདི་ནི་ཨོཾ་འབར་(བོད)གྱི་སྙན་ངག་་རེད། དུས་རབས་ཀྱི་སྨྲེ་ངག་རེད། མི་རིགས་ཀྱི་འབོད་སྒྲ་རེད།
    ད་ནི་ང་ཚོའི་སྡུག་བསྔལ་ཡོད་ཚད་ཕ་ཡུལ་ན་ཡོད་ལ། ད་ནི་ང་ཚོའི་སྟོབས་ཤུགས་ཀྱང་ཕ ཡུལ་ན་ཡོད། ད་ནི་ང་ཚོའི་རེ་བ་ཡང་ཕ་ཡུལ་ན་ཡོད།

    Reply
  11. རུ་གསར་ཚང་། says:
    ལོ་ 14 སྔོན།

    སྐུ་ཞབས་གནམ་ལོ་ཡག་གིས་དངོས་གནས་ཡག་པོ་གསུངས་འདུག ཐུགས་རྗེ་ཆེ། དྲ་འབུ་འདི་ཚོས་ཀྱང་ཁོང་གིས་གསུངས་པ་རྣམས་ཀྱི་ནང་ནས་ཚིག་གཅིག་ཙམ་ཞིག་བཤད་ཤེས་ན་ཅི་འདྲའི་དགའ་བ་ལ། འོན་ཀྱང་ཁོང་ཚོའི་འདིའི་སྐོར་ཅང་ཤེས་ཀྱི་ཡོད་མ་རེད། ཁོང་ཚོས་རྟག་པར་ཉོག་གཏམ་དང་དཀྲུགས་ཤིང་མ་གཏོགས་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་ཅང་ལྟ་ཤེས་ཀྱི་མ་རེད། དེ་ཡང་ཅི་ཁག ད་ལྟ་གཞི་ནས་ཡི་གེ་འབྲི་སྟངས་སྦྱང་མཁན་རྐྱང་རེད། ཁོང་ཚོས་བཤད་པ་ནི་ཏོག་ཙམ་ཡིན་ན་ཡང་ནང་ཁུལ་གསོད་ཀྱི་ཡིན་དང་གཏུབ་ཀྱི་ཡིན་ཟེར་ནས་འཇིགས་སྐུལ་བྱེད་པ་མ་གཏོགས་འདི་ལྟར་ཕྱི་དགྲ་ལ་ཚིག་གཅིག་བཤད་ཤེས་ཀྱི་མ་རེད།

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གཉན་གྱིས། “སྤྱི་ཟླ་གསུམ་པའི་ཚེས་༡༤ཉིན་ལྷ་སའི་ནམ་མཁར་ཁྱབ་པའི་དུད་སྨུག་དེ་ནི་མི་ལོ་ལྔ་བཅུའི་རིང་དུ་བཟོད་བསྲན་བྱས་པའི་དུད་སྨུག་ཅིག་ཡིན། མི་ལོ་ལྔ་བཅུའི་རིང་དུ་ཡུལ་མི་སྤུན་ཟླ་རྣམས་ཀྱི་ཁོག་ཏུ་ཨུ་ཚུགས་ཀྱིས་མནན་པའི་དུད་སྨུག་ཅིག་ཡིན། ཕ་ཡུལ་གྱིས་སྡུག་གི་ཁུར་བོ་ཁུར་ནས་བསྡད་ཡོད། ་་་་་་་་དྲག་ཆས་ཀྱིས་བཞག་པའི་རྨ་ཁ་དང་ཁྲག་དྲི་ནི་མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་རྒྱུད་ལ་ཁྱབ་སོང་བ་རེད། དྲག་ཆས་ཁོ་ན་ངོམ་ངོམ་ལ་ཡོད་པའི་སྲིད་གཞུང་ཞིག་ལ་མང་ཚོགས་ཀྱི་སེམས་སུ་དཔལ་ཡོན་གྱི་དྲི་མ་ཏིལ་འབྲུ་ཙམ་ཡང་བྲོ་ཡི་ཡོད་པ་མ་རེད།” ཅེས་གསུངས་པ་འདིས་ད་བར་ལ་བོད་ཁྱོན་ཡོངས་སུ་བྱུང་དང་འབྱུང་བཞིན་པའི་ངོ་རྒོལ་དང་དྲག་གནོན་གྱི་རྒྱུ་རྐྱེན་དང་རྨ་ཁ་བཅས་གསལ་བོར་བསྟན་ཡོད།
    བཅར་འདྲི་སྤུས་དག་ཅིག་རེད། དགའ་བོ་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese