སྙན་བཟང་གཡུང་དྲུང་ཚེ་རིང་།
‘‘བོད་རང་དབང་རང་བཙན་ཡིན། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་’’ཞེས་པ་འདི་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་འབོད་སྒྲ་རེད། འབོད་སྒྲ་འདི་ནི་བོད་མདོ་དབུས་ཁམས་གསུམ་དུ་ལོ་ནས་ལོར་བསྟུད། ཟླ་ནས་ཟླར་བསྟུད་ནས་གྲགས་པའི་ཚིག་ཅིག་རེད། རྒྱ་གཞུང་གིས་འབོད་སྒྲ་འདི་རྩ་ཆད་དུ་གཏོང་ཆེད་བོད་མི་མང་པོ་ཞིག་དམར་གསོད་བྱས། བཙོན་དུ་བཅུག་ནའང་། འབོད་སྒྲ་འདི་བོད་ཀྱི་གནམ་སྔོན་པོ་དང་ས་དོག་མོའི་སྟེང་དུ་ཆད་མ་མྱོང་། འབོད་སྒྲ་འདི་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད། ཟླ་གཅིག་གི་གོང་དུ། འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་གྲགས་ཤིང་། མེ་ལྕེའི་གསེང་ནས་གློ་བུར་དུ་འབར་འགོ་ཚུགས་པ་རེད།
རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་འབོད་སྒྲ་འདི་བསྒྲགས་ཐེངས་རེར། བྱེས་འབྱོར་བོད་མི་ཚོས་ཀྱང་དེ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་གསལ་པོར་ཡོང་ཆེད་ལས་འགུལ་སྣ་མང་སྤེལ་བཞིན་ཡོད། ད་ལྟའི་བར་དུ་ང་ཚོར་གྲུབ་འབྲས་ཤིག་བྱུང་མེད་ཀྱང་། འབོད་སྒྲ་འདི་རྩ་ཆེན་པོར་གྱུར་ཡོད། འབོད་སྒྲ་འདི་ཧ་ཅང་ནུས་ལྡན་ཞིག་ཏུ་གྱུར་པ་རེད། འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ད་ལྟའི་བར་དུ་གནས་ཤིང་། མ་འོངས་པའང་འབོད་སྒྲ་འདི་ལ་བརྟེན་ནས་གནས་དགོས་པ་ཞིག་ཆགས་ཡོད། འབོད་སྒྲ་འདི་ཆད་པའི་ཉིན་མོར་ང་ཚོའི་བཙན་བྱོལ་གྱི་ཟིན་ཐོ་མཇུག་བསྡུས་པ་རེད་ལ། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་དང་། རིག་གཞུང་། བོད་མིའི་སེམས་ཁམས་དང་བཅས་པ་རྒུད་ཚར་བ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་གནས་སྟངས་དང་བསྟུན་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་ཤིག་གཏན་འབེབས་གནང་ཡོད་པ་མ་གཏོགས། བོད་རང་བཙན་རྩོད་མཚམས་བཞག་ནས་ད་ལྟའི་བར་བོད་གཞིས་ལུས་མི་མང་གི་རེ་འདུན་ལས་འཕྲོས་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་ཤིག་གནང་མེད། ང་ཚོར་‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་པའི་ཚིག་འདི་འདྲ་ཞིག་ཡོད། ཚིག་འདིས་མ་འོངས་པའི་དོན་དག་ཅིག་སྟོན་པ་ལས་ད་ལྟ་བའི་དོན་དག་ཅིག་སྟོན་གྱི་མེད། མ་འོངས་པ་ནི་སུས་ཀྱང་བཤད་བྲལ་ཐབས། མ་འོངས་པར་རྒྱ་ནག་གི་སྲིད་གཞུང་ཚལ་བ་ཚལ་ཕྱེད་དུ་འགྱུར་སྲིད་ལ། བོད་གཞིས་ལུས་མི་མང་གིས་ཀྱང་རང་བཙན་མི་དགོས་ཞེས་གསུང་སྲིད་པ་རེད། དེས་ན། བོད་གཞིས་ལུས་མི་དམངས་ཚོས་འབོད་སྒྲ་འདི་མི་ལོ་ལྔ་བཅུ་ལྷག་ལ་བསྒྲགས་ཤིང་། ཁ་སང་དེ་རིང་ཡང་‘‘བོད་རང་དབང་རང་བཙན་ཡིན་’’ཞེས་ཟིལ་ཤུགས་ཀྱིས་དྲངས་པའི་འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་སྒྲོག་གིན་ཡོད། ད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་ཚིག་འདི་ལ་ངེས་པར་དུ་ཐུགས་སྣང་གནས་དགོས་པའི་དུས་ཚོད་ཛ་དྲག་ཅིག་ཏུ་སླེབས་པ་རེད།
༸རྒྱལ་བ་རིན་པོ་ཆེས་ཕྱི་ལོ་༡༩༩༥ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དུ། ‘‘ད་ལྟའི་ཆར་བོད་ནང་རྒྱ་ཁྱབ་ཡོངས་བསྒྲགས་ཀྱིས་བསམ་འཆར་བསྡུ་ཐབས་མེད་ཀྱང་བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་བསྡུ་རྒྱུའི་ཐབས་ལམ་འཚོལ་རྒྱུ་’’ཞེས་བཀའ་ཕེབས་ཡོད་ཀྱང་། སྐབས་དེར་ལམ་ལྷོངས་བྱུང་མེད། ད་ནི་ང་ཚོས་ལམ་ལྷོངས་ཡོད་པ་ཞིག་བཟོ་དགོས་པ་རེད། བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་ཆ་ཚང་བ་ཞིག་འཚོལ་ཐབས་མེད་ནའང་། བཙན་བྱོལ་དུ་གསར་དུ་འབྱོར་བའི་བོད་མིའི་ཚོའི་བསམ་འཆར་བསྡུ་ཆོག་ལ། བོད་དུ་གསང་སྟབས་ཀྱིས་ཕྱིན་ཏེ་བསམ་འཆར་བསྡུ་ཆོག ལྷག་པར་དུ་
དེང་སང་སྔོན་མ་དང་མི་འདྲ་བར་དྲ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ་ཞིག་ཡོད་པ་འདི་ལ་བརྟེན་ནས་ཀྱང་བསམ་འཆར་བསྡུ་ཆོག་པ་རེད། བརྒྱུད་ལམ་འདི་གསུམ་ལ་བརྟེན་ནས་མ་མཐའ་ཡང་བསམ་འཆར་ཞིག་བསྡུ་དགོས་པ་རེད། ང་ཚོར་སྲིད་དོན་གྱི་ཐ་སྙད་མང་པོ་ཡོད་ཀྱང་། བསམ་འཆར་བསྡུ་སྐབས་‘‘ཁྱེད་རང་ཀྲུང་གོའི་འོག་ཏུ་གནས་འདོད་ཡོད་དམ། མེད་’’ དྲི་བ་འདི་རེད།
འདི་འདྲའི་བསམ་འཆར་ཞིག་གང་མགྱོགས་ཀྱིས་བསྡུ་དགོས་པ་རེད་དྲན་བྱུང་། བསམ་འཆར་འདི་བསྡུ་ཐུབ་པ་ཡིན་ན་བོད་གཞིས་ལུས་མི་མང་གི་ཐུགས་དགྱེས་ངེས་རེད་ལ། བཙན་བྱོལ་གྱི་བཀའ་ཤག་གསར་པས་ཀྱང་ཕྱག་ལས་གསར་པ་དང་། ‘‘ལས་འགུལ་གསར་པ་’’སྤེལ་ཐུབ་ཀྱི་རེད་སྙམ། བོད་རྒྱལ་ཁབ་ཀྱི་རྩ་དོན་ནི་བོད་མི་ཡོངས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན་སྟབས། བཙན་བྱོལ་སྤྱི་ཚོགས་སུ་བོད་མི་འབུམ་གཉིས་ཟིན་མ་ཟིན་ཙམ་ཡོད་པ་ང་ཚོས་‘‘བོད་ཀྱི་དོན་གྱི་བདག་པོ་བོད་གཞིས་ལུས་མི་དམངས་ཡིན་’’ཞེས་པ་དང་། ‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་གླེང་སྟེ་འཐབ་རྩོད་གཞན་པ་ཞིག་གནང་རྒྱུ་ཨེ་ཡོད་དྲན། ལྷག་པར་དུ་བཀའ་ཤག་གསར་པས་ཀྱང་ཕྱག་ལས་གསར་པ་དང་། ལས་འགུལ་གསར་པ་གནང་མ་ཐུབ་ཚེ། ནུས་ཤུགས་ཡོད་ཚད་ཀྱིས་རྩ་དོན་མང་པོ་བགྲངས་ནས་སྒྲིག་འཛུགས་ཤིག་ལ་ཤུགས་བརྒྱབ་བསྡད་ན་ང་ཚོའི་འཐབ་རྩོད་ཀྱི་ལངས་ཕྱོགས་ནོར་བ་རེད།
མདོར་ན། ང་ཚོས་སྔ་མོར་རང་བཙན་མ་བརྩད་པ་མ་རེད། གྲུབ་འབྲས་མེད་སོང་བ་རེད། མི་ལོ་སུམ་བཅུའི་རིང་དུ་རང་སྐྱོང་ཅི་ལྟར་གླེང་ནའང་འབྲས་རྟགས་ཅི་ཡང་མེད། ད་དུང་མུ་མཐུད་དུ་འཐབ་རྩོད་བྱེད་ཀྱིན་ཡོད། ཡིན་ནའང་འཐབ་རྩོད་ཀྱི་ལམ་ཁ་ནུས་ལྡན་ཞིག་མ་རྙེད་པར་བསྡད་ཡོད། བརྒྱ་ལ་བཤད་ཀྱང་། ང་ཚོས་འཐབ་རྩོད་ཀྱི་ལམ་ཁ་འདི་གཉིས་ལས་གང་རུང་གཅིག་འདེམས་དགོས། འདི་བོད་མི་དམངས་ཀྱིས་ཐག་གཅོད་དགོས་ཤིང་། ཐག་གཅོད་འདི་མང་མོས་འོས་བསྡུའི་ལམ་ནས་ཡོང་དགོས། འདི་ནི་ང་ཚོའི་ཐོབ་ཐང་རེད། བོད་མི་ས་ཡ་དྲུག་གི་ཐོབ་ཐང་རེད། འདི་སུ་ལའང་དགའ་མི་དགའ་བའི་དོན་དག་ཅིག་མ་རེད།
བཙན་པོའི་བུ་ལགས།
ཁྱེད་རང་གི་བསམ་ཚུལ་སྐོར་ལ་ངས་རྩོམ་ཞིག་བྲིས་ཡོད། གཤམ་གྱི་འབྲེལ་ཐག་ན་ཡོད།
https://tibettimes.net/wordpress/news.php?cat=5&&id=5041
སྙན་བཟང་ལགས། གནད་དོན་མི་ཉུང་བ་ཞིག་དོན་དངོས་དང་བསྟུན་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཉེ་དུས་ཤར་ཏི་མུ་ལ་རང་བཙན་ཐོབ་ཡོད་ལ་སུ་ཏཱན་ཡང་དུམ་བུར་གྱུར་སྟེ་རང་བཙན་ཐོབ་པ་རེད། འོན་ཀྱང་དེ་དག་ཚང་མར་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་མེད་ན་རང་ཙན་རག་རྒྱུ་ཁག་པོ་རེད། ྄ང་ཚོར་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་ཚོགས་སྡེ་སུ་ཡོད་དམ། བོད་ནང་གནས་ཚུལ་ཛ་དྲག་པོ་ཆགས་སྐབས་རྒྱལ་ཚོགས་ཀྱིས་དེ་འབྲེལ་གྱི་གནས་ཚུལ་མདོ་ཙམ་གླེང་སློང་བྱས་པ་ལས་དོན་འབྲས་ལྡན་པའི་རྒྱབ་སྐྱོར་བྱེད་ཀྱི་མེད་ང་ཚོས་མཐོང་ཆོས་ཡིན། བོད་དོན་ཐད་རྒྱལ་སྤྱིའི་སྟེང་གྲོས་མཐུན་དོན་ཚན་ལྔ་བཅུ་ལྷག་ཙམ་བཞག་ཡོད་པ་རེད་དེ་ད་བར་ང་ཚོར་དགོས་པ་དེ་རག་མེད། ཉེ་དུས་ཨ་རབ་ཀྱི་དཔྱིད་ཀར་ལྟོས་དང་། ཁོ་ཚོར་རྒྱབ་སྐྱོར་བྱེད་མཁན་སུ་སུ་རེད་འདུག་གམ། ཁོ་ཚོའི་དཔྱིད་དཔལ་དེ་རྒྱས་པར་བྱེད་པར་ཆུ་ལུད་བླུགས་མཁན་དེ་སུ་རེད་དམ། བོད་ནང་ཉེ་དུས་དཔྱིད་ཀ་ཡོངས་སུ་ཤར་མེད་ཀྱང་དཔྱིད་ཀའི་སྐྱ་རེངས་ཤར་བ་རེད། འོན་ཀྱང་སྐྱ་རེང་དེར་སྡོང་གྲོགས་བྱེད་མཁན་རྟ་བདུན་དབང་པོའི་འོད་ཟེར་དེ་ཤར་སོང་ངམ། དེ་དག་ནི་ང་ཚོས་ད྄ངོས་སུ་མཐོང་བཞིན་པའི་མིག་མདུན་གྱི་དོན་དངོས་གསོན་པོ་རེད། འོན་ཀྱང་ང་ཚོ་དཔའ་ཞུམ་དགོས་དོན་མེད་པ་རེད། དགོངས་འཆར་ཡོད་ན་ལྷུག་པོར་གསུངས་ཤོག་྄ངས་ཀྱང་ཞུས་ཆོག
ཁ་སང་ངས་བྲེལ་བྲེལ་འཚུབ་འཚུབ་ཀྱི་ྐློང་ནས་རྩོམ་འདི་བྲིས་ཤིང་། དོན་དག་རེ་ཟུང་ཚོར་བའི་དབང་དུ་ཤོར་འདུག བོད་རང་སྐྱོང་དང་བོད་རང་བཙན་གང་ཡིན་རུང་། གཙོ་བོ་རྒྱ་གཞུང་གི་སྲིད་ཇུས་དང་དཔོན་རིགས་ཚོའི་ྐླད་པར་བསེར་བུ་ཞིག་ཤོར་དགོས་པ་དེ་རེད། གྲང་བསིལ་བསིལ་གྱི་བསེར་བུ་ཞིག་མ་ཤོར་བ་ཡིན་ན་རང་བཙན་ཕར་ཟད་རང་སྐྱོང་འདི་ཡང་ཁག་པོ་རེད་ལ། གལ་སྲིད་བསེར་བུ་ཞིག་ཤོར་བ་ཡིན་ན་རང་སྐྱོང་ལས་བརྒལ་ཏེ་རང་བཙན་འདི་ཡང་རེག་སྲིད་པ་རེད། མ་འོངས་པར་གལ་སྲིད་ང་ཚོར་རང་སྐྱོང་རེག་ནའང་མང་མོས་ཐག་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་མེད་མི་ཤེས་ལ། མ་གཞི་ནས་བོད་མི་རིགས་འདིས་རྒྱ་མི་རིགས་དང་མཉམ་དུ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་བམ། རྒྱ་འདི་བོད་མི་རིགས་ཀྱི་དགྲ་རེད། རྒྱ་མི་རིགས་དང་བོད་མི་རིགས་གཉིས་མཉམ་དུ་བསྡད་ནས་མི་ལོ་ལྔ་བཅུ་ལྷག་འགོར་སོང་། དེའི་རིང་མི་རིགས་འདི་གཉིས་ཕན་ཚུན་བསྡེབས་པའི་གཉེན་སྒྲིག་གི་གྲངས་ཀར་ལྟོས་དང་། གནད་འགག་འདི་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་སྤར་མོ་གང་འདི་གཞིས་ལུས་མི་མང་གི་མགྲིན་ཚབ་ཡིན་ཞེས་པའི་ཚིག་ཅིག་ཡོད། མགྲིན་ཚབ་པ་ཡིན་ན་གཞིས་ལུས་མི་མང་གི་རེ་འདུན་དང་དེ་ལས་འཕྲོས་པའི་འབོད་སྒྲ་སོགས་མཁྱེན་དགོས་པ་གལ་ཆེན་པོ་རེད། བོད་གཞུང་གིས་མང་མོས་ཀྱི་གྲོས་ཆོད་རེ་བཞག་ཡོད་ནའང་། ཡིག་ཆ་རྙིང་པ་ཁག་ཡང་ནས་བསྐྱར་དུ་བསྔོགས་སྐབས། གྲོས་ཆོད་རེ་རེའི་ནང་དུ་བོད་གཞིས་ལུས་མི་མང་གི་བསམ་འདུན་ཡོད་ཟེར་བའི་ཚིག་དེ་ནི་དོགས་གཞི་ཅན་དུ་གྱུར། ཆབ་སྲིད་ཅེས་པའི་ལྟ་གྲུབ་འདི་ནི་འགྱུར་བའི་རང་བཞིན་ཅན་ཞིག་དང་། རྟག་བརྟན་ཐེར་ཟུག་ཅིག་མིན་པ་འདྲ། མང་མོས་འོས་བསྡུ་འདི་ཡང་བོད་མིའི་སེམས་ཁམས་དང་དེའི་གནས་སྟངས་ལ་གཞིགས་ཏེ་ཡང་ཡང་འཇོག་ཆོག་པ་ཞིག་རེད། ཕྱོགས་ཡོངས་ནས་མང་མོས་འོས་བསྡུ་ཞིག་གནང་ནས་རང་བཙན་ཕྱོགས་སུ་གོམ་པ་སྤོ་དགོས་ནའང་། ༸རྒྱལ་བ་རིན་པོ་ཆེས་ཐུགས་མཉེས་པོ་གནང་གི་རེད། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་དབང་གི་ཐུགས་འགན་ཆ་ཚང་བོད་མི་མང་ལ་གནང་བ་དེ་ནི། ཕྱོགས་གཅིག་ནས་དམངས་གཙོའི་མཚན་ཉིད་ཆ་ཚང་བ་ཞིག་ལ་ཐུགས་བསམ་བཞེས་པ་རེད་ལ། ཕྱོགས་གཞན་ནས་བསམ་བློ་བཏང་ན། ༸རྒྱལ་བ་རིན་པོ་ཆེས་ད་བོད་མི་མང་གིས་ལས་ཀ་བྱོས། སྟོན་རྒྱུ་ཞིག་ཡོད་ན་སྟོན་ཅིག་ཅེས་དགོངས་བཞིན་ཡོད་མི་སྲིད་པའང་མ་རེད། ༸རྒྱལ་བ་རིན་པོ་ཆེ་འཚོ་བཞུགས་ཀྱི་ཉིན་མོ་གློ་བུར་དུ་ཡལ་ཚེ། བོད་གཞིས་ལུས་མི་མང་གི་ག་རེ་གནང་མིན་ངས་མི་ཤེས། ཉེ་ཆར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་༸རྒྱལ་བ་རིན་པོ་ཆེ་མི་བཞུགས་ས་ནས་ངས་ལས་ཀ་ལས་འདོད་མེད་ཅེས་གསུངས་པ་རེད། དེང་སྐབས་བོད་གཞིས་བྱེས་གཉིས་ཀྱི་ཆིག་སྒྲིལ་ནི་གཙོ་བོ་དད་པ་དམ་ཚིག་གི་སྐུད་པ་ཕྲ་མོ་ཞིག་གིས་བཅངས་བསྡད་འདུག ད་ནི་གཞིས་བྱེས་གཉིས་ཀྱི་ཆིག་སྒྲིལ་དེ་སྲིད་དོན་གྱི་ཕྱོགས་ནས་དམ་པོར་བཟོ་དགོས་པ་རེད་གནད་འགག་ཅིག་མིན་འགྲོ་དྲན། རྒྱ་ནག་འདི་ཡང་འགྱུར་བའི་རང་བཞིན་ཅན་ཞིག་རེད། རྒྱ་ནག་གི་ལོ་རྒྱུས་ལ་ལྟོས་དང་། རྒྱལ་རབས་ག་ཚོད་ཅིག་བརྗེས་འདུག ང་ཚོར་རྒྱ་དཀར་ནག་དང་མཉམ་དུ་ས་མཚམས་ཆུ་མཚམས་ཀྱི་རྩོད་རྙོག་ཡོད་པ་དེ་ཡང་བདེན་ནའང་། འདི་བོད་རང་བཙན་མ་ཤོར་བའི་སྔོན་དུ་ཡོད་པ་རེད། མ་འོངས་པ་ནའང་རྩོད་རྙོག་འབྱུང་སྲིད་པ་རེད། ཡང་། བོད་རང་བཙན་རེག་ནའང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སྐད་ཆ་ཡོད། འདི་དཔལ་འབྱོར་རིག་པ་བ་ཚོར་བཀའ་འདྲི་དང་ལམ་སྟོན་ཞུ་ཆོག་པ་རེད། ཁྱིམ་མཆེས་གཡས་གཡོན་གྱི་རྒྱལ་ཁབ་དཔེར་ན་འབྲུག་ལྟ་བུའང་མིག་དཔེ་བལྟ་ས་མང་པོ་ཞིག་ཡོད། ང་ཚོས་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་གནས་བབ་ནི་ད་ལྟའི་རྡ་སའི་ནོར་བུ་གླིང་ག་དང་བསྡུར་ནས་བཤད་ན་མི་ཆོག་གམ།
ཤིན་ཏུ་ནས་བདེན་པའི་གཏམ་ཞིག་གསུངས་འདུག
ངས་བོད་ནང་གི་ཤེས་ཡོན་པ་ཚོའི་རྩོམ་ཡིག་དང་ཞི་རྒོལ་བ་ཚོའི་སྦྱར་ཚིག ཐ་ན་གླུ་ཚིག་ཚུན་ཆད་ལའང་དོ་སྣང་བྱས་མྱོང་། ཁ་གཅིག་གྲགས་ཀྱིས་བོད་རང་བཙན་ཡིན་ཞེས་གླེང་གི་འདུག ངས་དབུ་མའི་ལམ་ཞིག་གླེང་གི་ཡོད་པ་མཐོང་མ་སོང་། དབུ་མའི་ལམ་འདི་གཞིས་ལུས་མི་མང་གི་སེམས་ལའང་དྲན་གྱི་ཨེ་ཡོད། ཡིན་ནའང་འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུའི་མི་ཟུང་གིས་བོད་འདི་རྒྱ་གཞུང་གི་འོག་ཏུ་གནས་དགོས་རེད་ཅེས་སྐད་བརྒྱབ་སྟེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྱུར་མིད་གཏོང་གི་ཡོད། མར་ཁུ་སི་དང་ལེ་ཉིན་གྱི་ལྟ་གྲུབ་ནང་དུ་གྲལ་རིམ་རྩ་གཏོར་ཞེས་པ་ཞིག་ཡོད། དམར་ཕྱོགས་པ་འདི་ཚོས་གྲལ་རིམ་རྩ་གཏོར་གླེང་གིན་གླེང་གིན་རང་གི་གོ་གནས་ཧམ་བཟུང་གིས་མི་མང་ལ་གཉའ་གནོན་དང་། སྡུག་རྩུབ་གཏོང་གི་ཡོད་པ་འདི་དམར་ཕྱོགས་པ་ཚོའི་ཁྱད་ཆོས་ཤིག་རེད།
བོད་ཀྱི་གཞོན་སྐྱེས་ཚོས་རང་བཙན་གྱི་གོ་དོན་སེམས་ཀྱིས་འཆུན་མིན་ངས་མི་ཤེས་ཀྱང་། གཞོན་སྐྱེས་འདི་ཚོར་སེམས་ཤུགས་ཆེན་པོ་དང་། བོད་མི་རིགས་ལ་ངེས་པར་དུ་རང་དབང་དགོས་པའི་ཚོར་བ་གཏིང་ཟབ་པོ་ཞིག་ཡོད་པ་ངས་གསལ་པོར་མཐོང་བྱུང་།
བཙན་པོའི་བུ་ལགས།
ངས་ལྷ་མོ་སྐྱབས་ལ་བཏབ་པའི་མཆན་དང་པོར་ལྟོས་དང་། ཁྱེད་ཀྱི་བསམ་ཚུལ་འགའ་ལ་ལན་བཏབ་ཡོད། རྒྱལ་སྤྱིའི་སྟེང་བོད་རང་བཙན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་སྐད་ཆ་དེ་ངས་བཤད་མི་ནུས། མ་གཞི་ནས་རྒྱལ་སྤྱིའི་སྟེང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད། དེ་ཚོས་བོད་མི་རིགས་ཀྱི་དཀའ་སྡུག་ལ་ལྟོས་ནས་རྒྱབ་སྐྱོར་གནང་གི་ཡོད་པ་ལས། བོད་རང་སྐྱོང་རྩོད་པའི་ལངས་ཕྱོགས་ལ་ཡིད་འཕྲོག་སྟེ་རྒྱབ་སྐྱོར་གནང་གི་མེད་པ་འདྲ།
འཇིགས་སྐུལ་བ་ཞེས་པ་འདི་རྒྱ་ནག་གིས་རྟག་ཏུ་བཤད་བསྡད་པ་ཞིག་རེད། སྔོན་ཆད་ཨ་རིའི་སྲིད་འཛིན་ཟུར་བ་བྷི་ཤུས་གལ་སྲིད་བོད་མི་ཚོས་དྲག་པོའི་ལས་འགུལ་སྤེལ་ཚེ། ཁོང་ཚོ་ནི་འཇིགས་སྐུལ་རིང་ལུགས་པ་ཞེས་འབོད་སྲོལ་མེད་ཅེས་གསུངས་ཡོད། བསམ་ཚུལ་སྤེལ་བར་ཐུགས་རྗེ་ཆེ།
ལྷ་མོ་སྐྱབས་ལགས།
༢༠༠༨ལོའི་དམིགས་བསལ་ཚོགས་ཆེན་འཚོགས་ཏེ་མང་མོས་ཐག་གཅོད་ཀྱི་གྲོས་ཆོད་ཅིག་བཞག་ཡོད། གྲོས་ཆོད་དེའི་ནང་དུ་བོད་གཞིས་ལུས་མི་མང་གིས་བསམ་འཆར་ཕུལ་ཡོད་ཅེས་པའི་ཚིག་འདི་འདྲ་ཞིག་འདུག བོད་མི་ག་ཚོད་ཀྱིས་བསམ་འཆར་ཕུལ་ཡོད་དམ། རྐྱེན་གང་འདྲ་ཞིག་གི་འོག་ནས་བསམ་འཆར་དེ་བསྡུས་པ་རེད་དམ། སྐབས་དེའི་གྲོས་ཆོད་ཀྱི་ནང་དུ་‘‘གཞིས་ལུས་མི་མང་’’ཞེས་འཁོད་འདུག བོད་མི་རེ་ཟུང་གི་བསམ་འཆར་ལ་བསྙད་དེ་མིང་ཆེན་པོ་འདི་བེད་སྤྱོད་གནང་རྒྱུ་ཞེ་དྲག་ཡོད་པ་མ་རེད།
ངས་ཁ་ཡོད་ལག་ཡོད་ཀྱི་མང་མོས་འོས་བསྡུ་ཞིག་དགོས་ཟེར་དོན་ནི། ཁྱེད་ལྟ་བུའི་མི་དག་གིས་རང་བཙན་ཡོང་ཐབས་མེད། རྒྱ་ནག་གི་གནས་སྟངས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་སོགས་ལ་གཟིགས་དང་ཞེས་བཤད་ཀྱི་ཡོད། འོ་ན། རྒྱ་ནག་གིས་ཁྱེད་ལ་བོད་རང་སྐྱོང་ནི་ལག་རྟགས་ལྟ་བུ་བཞིན་དུ་སྤྲོད་ཀྱི་རེད་བསམ་གྱི་འདུག་གམ། ཁྱེད་ལ་དེའི་གདེང་ཚོད་ཡོད་དམ། དབུ་མའི་ལམ་གྱི་སྲིད་ཇུས་བཏོན་ནས་མི་ལོ་འདི་འདྲའི་མང་པོ་ཞིག་འགོར་བ་རེད། འགྱུར་བ་ཞིག་བྱུང་ངམ། མ་གཞི་ནས་ང་ཚོས་རང་བཙན་བློས་བཏང་བ་ནི། བོད་རང་བཙན་ཡིན་མིན་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ཡོད་མེད་ཀྱི་སྐད་ཆ་མ་རེད། རྒྱ་ནག་ལ་བསྟུན་ཤེས་བྱས་པ་ཞིག་རེད། ཏིན་ཞའོ་ཕིན་དང་ཧུའོ་ཡའོ་ཕང་སོགས་ཤི་ཚར་བ་རེད། རྒྱ་ནག་གིས་སྲིད་ཇུས་གསར་པ་སྤེལ་གྱི་ཡོད། ད་ནི་ང་ཚོས་ཀྱང་སྲིད་ཇུས་གསར་པ་སྤེལ་དགོས་པ་རེད། སྲིད་ཇུས་དེ་ཡང་བོད་མི་རིགས་ཀྱི་མངོན་འདོད་དང་བསྟུན་ནས་སྤེལ་དགོས་པ་རེད། སྲིད་ཇུས་འདི་སྤེལ་བ་ལ་མང་མོས་འོས་བསྡུ་བྱེད་རོགས་ཞེས་འབོད་སྐུལ་བྱེད་ཀྱིན་ཡོད།
རང་བཙན་རེག་མི་རེག་ཅེས་པ་ནི་རྒྱ་ནག་གི་ད་ལྟའི་གནས་སྟངས་ལ་བསྡུར་ནས་བཤད་དཀའ་བ་ཞིག་རེད། སྔོན་ཆད་སུས་ཀྱང་རྒྱ་ནག་གིས་ཕྱི་སོག་ལ་རང་བཙན་སྤྲོད་འདོད་པའི་བསམ་བློ་ཡོད་པ་མ་རེད། ཕྱིས་སུ་རང་བཙན་སྤྲད་པ་རེད། སྦིར་བིན་གྱི་གྱང་རྩིགས་དང་། ཨི་རུ་སིའི་གསར་བརྗེ། ཨ་རབ་ཀྱི་དཔྱིད་ཀ་སོགས་ཀྱང་གློ་བུར་དུ་བྱུང་བ་ཞིག་རེད། འདི་དག་ལ་བསམས་ན་རྒྱ་ནག་གི་སྲིད་ཇུས་འདི་ཡང་ལྕགས་རི་བཞིན་དུ་བརྟན་པོར་གནས་ཐུབ་ཀྱི་མ་རེད་འདོད་ཀྱི་ཡོད། རྗེས་མར་བོད་རང་བཙན་ཏན་ཏན་རེག་གི་རེད་བསམ་བཞིན་ཡོད། དེའི་བར་དུ་ང་ཚོའི་འཐབ་རྩོད་ཀྱི་ལངས་ཕྱོགས་བོད་གཞིས་ལུས་མི་མང་གི་མངོན་འདོད་དང་མཐུན་པ་བསྒྲུབ་ན། ང་ཚོའི་ཆིག་སྒྲིལ་དང་། ལས་འགུལ། ཁ་ཕྱོགས་སོགས་ཀྱང་བརྟན་པོར་གནས་ངེས་རེད་བཤད་ཀྱི་ཡོད།
ཕྱོགས་ཡོངས་ནས་བསམ་བློ་ཞིབ་ནན་ཞིག་གཏོང་དགོས་པ་གལ་ཆེན་པོ་ཡིན།
གོང་གི་མཆན་ཁ་ཤས་ལ་ལྟོས་ན་་་ནམ་རྒྱུན་མཚན་སྙན་རེ་དང་གོ་ས་རེ་སྙེད་ཀྱང་་་རང་དབང་འཐབ་རྩོད་ཀྱི་དཔའ་ངར་རྨོང་ནས་སྟོང་བའི་བདེན་རྟགས་་་་གཅིག་ལས་གཉིས་མཛེས་པ་ལྟ་བུ་དར་སྐད་ཤོར་འདུག།
ཕན་ལས་གནོད་ཆེས་བས་སྐད་ངནའདི་ཚོ་་་རྗེས་སུ་འདིར་མ་བརྒྱབས་རོགས་་་་གཞན་ཕྱི་ནང་གཉིས་གིས་མ་ཐོས་སར་རྒྱབ་རོགས་
ད་ལྟའི་གནས་བབ་མཐོང་གིན་ཡོད་ན་མང་མོས་འོས་འཕེན་ཞིག་ཐུབ་ཐབས་མེད་ལ་བོད་ནང་གི་ཤེས་ཡོན་ཅན་ཚོའི་རྩོམ་ཡིག་རིགས་དང་ཞི་རྒོལ་པ་ཚོའི་འབོད་ཚིག་དང་སྦྱར་ཡིག་ཚང་མར་བློ་གཟུ་བོར་གནས་ནས་ཞིབ་འཇུག་ཅིག་གནང་ན་དབུ་མའི་ལམ་གྱི་སྲིད་བྱུས་རང་ལས་བརྒལ་མེད་པ་གསལ་རྟོགས་ཐུབ་ངེས།
ཡང་ན་ལོ་ངོ་ཆིག་སྟོང་ལྷག་སྔོན་གྱི་གནའ་སྒྲུང་ལྟ་བུའི་བོད་རྒྱལ་ཁབ་ཆེན་མོ་དེ་འཛུགས་རྒྱུ་ཡིན་ནམ། ས་སྐྱའི་སྐབས་ཀྱི་ཆོལ་ཁ་གསུམ་བསྐྱར་གསོ་བྱ་རྒྱུ། ཡང་ན་༡༩༥༠སྔོན་ཙམ་གྱི་སྡེ་བ་གཞུང་དགོས། ཡང་ན་གསར་བ་ཞིག་དགོས། དོན་ངོ་མ་དེང་གི་གཞོན་སྐྱེས་མང་པོས་བོད་རང་བཙན་ཟེར་བའི་གོ་དོན་ངོ་མ་ཞིག་ཀྱང་ཤེས་ཀྱིན་མེད་པར་བོད་རང་བཙན་ཞེས་སྟོང་སྐད་རྒྱག་གིན་འདུག་ག
བོད་སྤྱི་དོན་ལ་བསམ་བློ་བཏང་བ་ཤིན་ཏུ་ལེགས། ང་ཚོས་ལས་དོན་འགྲུབ་རྒྱུ་ཡོད་མེད་ལ་ངེས་པར་བསམ་ཤེས་བྱེད་རྒྱུ་གལ་ཆེན་པོ་རེད་བསམ། དེང་སྐབས་ཀྱི་རྒྱ་ནག་གི་གནས་བབ་སོགས་གང་ཅིའི་ཐད་ནས་གལ་སྲིད་འོས་བསྡུ་བྱས་ནས་ད་ལྟའི་སྲིས་བྱུས་ལ་འགྱུར་བ་ཕྱིན་ན་ལག་ལེན་ག་འདྲ་ཞིག་བསྟར་རྒྱའི་གྲ་སྒྲིག་ཡོད། ང་ཚོ་མིའི་ལུང་པར་གནས་ཚང་གཡར་ནས་བསྡད་ཡོད་པ་འདི་ལ་བསམ་བློ་གཏོང་གལ།
ཁྱེད་ཀྱི་སྙན་ངག་གིས་ཁོ་བོ་ཡིད་འགུག་སོང་། ཁྱེད་ཀྱི་སྙན་ངག་ནི་དོན་སྙིང་ལྡན་པ་རེད་འདུག་ལ། སྙན་ངག་གི་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་འདུག
ཁྱེད་ཀྱི་རེ་བ་བཞིན་མྱུར་དུ་འགྲུབ་ཐུབ་ཀྱི་རེད་སྙམ།
སྙན་བཟང་ལགས་། ཁྱེད་རང་གིས་ཀུན་སློང་ཡག་པོ་རེད་དེ་དོན་དངོས་ལ་གཞིགས་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་བོད་ཕྱི་ནང་གཉིས་ཀྱི་བོད་མི་མི་ཉུང་བ་ཞིག་ལ་བསམ་ཚུལ་བསྡུས་མཐར་བོད་མི་བརྒྱ་ཆ་དྲུག་ཅུ་ཡན་གྱིས་དབུ་མའི་ལམ་ལ་མང་མོས་བྱས་པ་རེད། དེ་གཅིག་རེད། གཉིས་ཐད་༧གོང་ས་མཆོག་གིས་གཙོས་རང་གཞུང་གི་དབུ་འཁྲིད་ཚོས་ཕྱོགས་མང་པོར་དགོངས་པ་བཞེས་ནས་དབུ་ལམ་ཕེབས་པ་རེད་མ་གཏོགས་རང་བཙན་མི་དགོས་པར་ཕེབས་པ་ཞིག་མ་རེད། གསུམ་ནས་བོད་ཀྱི་ས་ཁྱོན་དེས་དེ་མིག་སྔའི་རྒྱ་ནག་གི་ས་ཁོངས་ནས་བརྒྱ་ཆ་ག་ཚོད་ཟིན་ཡོད་པ་དང་རྒྱ་དམར་གྱི་ངོས་ནས་བཤད་ན་ཐབས་བྱུས་རང་བཞིན་གྱི་ས་མཚམས་ཀྱི་གནས་བབ་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཚང་མར་གཞིགས་ཚེ་རྒྱ་ནག་གིས་བོད་ལ་རང་བཙན་སྤྲོད་ཀྱི་རེད་དམ། རྒྱལ་སྤྱིའི་སྟེང་བོད་ལ་རང་བཙན་གྱི་ལང་ཕྱོགས་ལ་རྒྱབ་སྐྱོར་ཅི་ཙམ་ཡོད་མིན། རང་དབང་ཆེད་རང་ལུས་གློས་གཏོང་གི་ལས་ཀ་མི་ཉུང་བ་ཞིག་འཇིགས་སྐུལ་བའི་བྱ་སྤྱོད་ཡིན་པར་བརའཇོད་པ་སོགས་མདོར་ན་དོན་དངོིས་དང་བསྟུན་ནས་གོ་སྐབས་ཅི་བྱུང་ལེན་ཐུབ་པ་བྱ་རྒྱུ་དེ་གལ་ཆེར་མཐོང་ངོ་།
ཁྱེད་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད། འོས་བསྡུ་ཡག་པོ་ཞིག་དང་དྲང་བདེན་ཡོད་པ་ཞིག་བྱེད་ནས་ཐག་གཅོད་ན་ཡག་པོ་ག་འདྲ། དམངས་མོས་ཀྱིས་ཐོག་ནས་བོད་རང་བཙན་མི་འདོད་ངོ་མ་ཡིན་ན་་་ང་རང་ཚོ་ཡང་རེ་ཐག་ཆོད་འགྲོ་གི་རེད། དེ་ནས་བཟུང་སྟེ་སེམས་པའི་འཁོར་ཐག་ཆད་འགྲོ་གིན་རེད།
གོང་ཁྲན་ཏང་གི་མངའ་འོག་ཏུ་སྡོད་འདོད་ཡོད་མཁན་ཚོ་ལ་ཡང་ལས་སླ་རེར་འགྲོ་གིན་རེད། སྡོད་འདོད་མེད་པ་ཚོ་ཡང་རུས་པ་ས་མཐའ་གཡུག་སྟངས་སྟབས་བདེ་རེར་འགྲོ་གིན་རེད་འདོད།
དྲྭ་གྲོགས་སྙན་བཟང་གཡུང་དྲུང་ཚེ་རིང་ཁྱེད་ལ་རྒྱབ་སྐྱོར་ཡོད།
ཁྱེད་ཀྱིས་བསམ་བློ་བཏང་པ་བཞིན་ལེགས་འགྲུབ་ཡོང་བར་སྨོན།