རྒྱ་གཞུང་གིས་ཟླ་འདིའི་ཚེས་ ༤ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཡོན་ཏན་དང་། ཚེས་ ༦ ཉིན་གྲྭ་བློ་པེ་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཀ་ཀ་ཚང་གི་བུ་རྔ་པ་ཀིརྟི་དགོན་པའི་གྲྭ་ཡོན་ཏན། རང་ལོ་ ༡༩ ། ཕ་མིང་ལ་ཀ་ཀ་དང་། མ་མིང་ལ་སྒྲོན་རིས་ཡིན་པ་ཁོང་རང་ཤག་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཡང་ཚེས་ ༦ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༣ ཙམ་ལ་རྔ་པ་རྫོང་ཁྲིན་ཀན་སྡེ་བ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་པེ། རང་ལོ་ ༢༡ ། ཕ་མིང་ལ་བསོད་ནམས་དར་རྒྱས་དང་། མ་མིང་ལ་བསོད་ནམས་སྒྲོལ་མ་ཡིན་པ་ཁོང་དགོན་པའི་གླིང་བར་ནས་འཛིན་བཟུང་བྱས་འདུག ཁོང་གཉིས་དེང་སྐབས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ཤེས་རྟོགས་ཐུབ་མི་འདུག
དེང་སྐབས་རྔ་པའི་རོང་འབྲོག་གི་སྡེ་བ་ཚང་མར་ལས་བྱེད་ཚན་ཁག་སྐོར་སྐྱོད་ཀྱིས་མི་ཚང་རེ་རེ་བཞིན་རང་ལོ་བཅོ་བརྒྱད་མ་ལོན་པའི་ཕྲུ་གུ་རྣམས་ས་གནས་གང་དུ་ཡོད་ཀྱང་འཕྲལ་དུ་རྒྱ་གཞུང་གི་སློབ་གྲྭར་འགྲོ་དགོས་པའི་བཙན་སྐུལ་བྱེད་བཞིན་པ་དང་། གལ་སྲིད་ནང་མིས་ངོས་ནས་མ་བཏང་ཚེ་ཕྲུ་གུ་རེར་རྒྱ་སྒོར་ ༣༠༠༠ ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཤིང་། མི་ཚང་ཁ་ཤས་ཀྱིས་ཕྲུ་གུ་དགོན་པའི་ནང་གྲྭ་པ་བྱས་ཡོད་ཚུལ་བརྗོད་པར་རྩ་བ་ནས་ཉན་འཇོག་བྱེད་ཀྱིན་མེད་པར་ངེས་པར་རྒྱ་གཞུང་གི་སློབ་གྲྭར་གཏོང་དགོས་ལུགས་བརྗོད་པར་བརྟེན། མི་ཚང་ཁ་ཤས་ཀྱིས་ཕྲུ་གུ་དགོན་པ་ནས་བླངས་ཏེ་རྒྱ་གཞུང་གི་སློབ་གྲྭར་གཏོངབཏང་དགོས་ བྱུང་ཡོད་འདུག
ཡང་དེང་སྐབས་རྔ་པའི་ཁྲོམ་གཞུང་ཡོངས་སུ་སྒྲིག་ཆས་གྱོན་ཡོད་པ་དང་མེད་པའི་ཉེན་རྟོག་པ་ཧ་ཅང་མང་པོ་བཀྲམས་ཏེ་བཀག་སྡོམ་ནན་མོ་བྱས་ཡོད་པ་དང་། དགོན་པའི་ནང་ལ་ལས་བྱེད་པ་ ༢༠༠ ལྷག་བརྟན་སྡོད་ཀྱིས་དགེ་འདུན་པ་རྣམས་ཀྱི་ཉིན་རེའི་བྱེད་སྒོ་ཁག་ལ་ལྟ་རྟོག་དང་གྲྭ་མང་ལ་སུན་བཙེར་བཟོ་བཞིན་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
རྔ་བའི་བྱིས་པ་ཚོ་རྒྱའི་སློབ་གྲྭར་ཁྲིད་ནས་རྒྱའི་རིག་གནས་ཀྱིས་བསླུ་དགོས་བསམ་གྱིན་ཡོད་པ་འདྲ། ད་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ཡིན། ཨ་མའི་བུ་རྣམས་གང་ནས་ནར་སོན་ན་ཡང་སྔར་བཞིན་ཨ་མའི་རང་ཡིན་ངེས།
ཇི་སྲིད་དམག་གི་འཇིགས་པ་མེད་མ་གྱུར། དེ་སྲིད་དམངས་ཀྱི་ངོ་རྒོལ་ཡལ་མི་འགྱུར།
ནམ་ཞིག་རང་དབང་དམངས་གཙོའི་ནམ་ལངས་དུས། དེ་དུས་འཚོ་བ་གསར་བའི་དགའ་སྟོན་འབྱུང།