ཉེ་ཆར་རྒྱ་གར་ནང་ནང་སྐྱབས་བཅོལ་དུ་འབྱོར་ཡོད་པའི་ཡང་པ་ཅན་དགོན་པའི་དགེ་འདུན་པ་ཞིག་གིས་བརྗོད་ན། ཁོང་ཅག་གི་ས་གནས་སུ་ལོ་ལྔ་དྲུག་གོང་ནས་རྒྱ་མི་མང་པོ་ཞིག་གིས་གཏེར་ཁ་སྔོན་འདོན་བྱས་ཏེ། ད་ཆར་རི་སྟོང་པ་ཆགས་ཏེ་གཏེར་སྔོག་གི་ལས་ཀ་ཕྱིར་བསྡུ་བྱེད་བཞིན་འདུག་ཟེར།
ཉེ་ཆར་བོད་ནས་གསར་དུ་འབྱོར་ཏེ་ད་ཆར་དབུས་སྣེ་ལེན་ཁང་དུ་བཞུགས་ཡོད་པའི་ཕ་ཡུལ་ནག་ཆུ་འདམ་གཞུང་ཡང་པ་ཅན་ནས་ཡིན་པ་གྲྭ་ཀརྨ་ངེས་སྟོན་རྒྱ་མཚོ་ལགས་སུ། གསར་འགོད་པས་ཁོང་གི་མི་ཚེའི་ལོ་རྒྱུས་རག་བསྡུས་དང་འབྲེལ་ཕ་ཡུལ་གྱི་གནས་སྟངས་དང་། ཐེངས་འདིར་རྒྱ་གར་ནང་ཡོང་དགོས་པའི་རྒྱུ་མཚན་བཅས་ཀྱི་སྐོར་གླེང་མོལ་བྱས་ཡོད། གྲྭ་ཀརྨ་ངེས་སྟོན་རྒྱ་མཚོ་ལགས་ནི་རང་ལོ་ ༡༣ སྟེང་འདམ་གཞུང་ཡང་པ་ཅན་དགོན་པ་རུ་གྲྭ་བ་བྱས་ཀྱང་། ཆོས་སྒོར་ཞུགས་པའི་ལོ་དེ་ནས་ཁོང་གི་རྐང་པར་ནད་གཞི་ཞིག་ཕོག་སྟེ་ཕྱིར་ཁྱིམ་དུ་ལོག་དགོས་བྱུང་ཡོད་ཀྱང་། ནང་ནས་ལོ་ ༥ ཙམ་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་པར་རྐང་པ་གཉིས་ཞ་བོར་གྱུར་རྗེས་སླར་དགོན་པར་ཕྱིན་ཡོད་འདུག སྔ་ལོའི་བོད་ཟླ་ ༢ པ་ནང་དགོན་པ་ནས་ཐོན་ཏེ་ལག་པ་གཉིས་ལ་རྟེན་ནས་བོད་ནང་གི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕྱིན་ཡོད་ཅིང་། མཐར་མ་ཕམ་གཡུ་མཚོ་དང་གངས་ཏི་སེ་བཅས་སུ་གནས་སྐོར་གྱིས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་རེད།
ཐོག་མར་ཁོ་རང་གི་དགོན་པའི་གནས་སྟངས་དང་། ད་ལན་རྒྱ་གར་ལ་ཡོང་དོན་སྐོར་བརྗོད་པ་ལྟར་ན། འདམ་གཞུང་ཡང་པ་ཅན་དགོན་པར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱས་ཏེ། དགོན་པ་དེར་གྲྭ་བ་ ༧༠ ཙམ་ཡོད་པ་ལས་ད་ཆར་གྲྭ་བ་ ༤༠ ཙམ་ལ་མ་གཏོགས་གྲྭ་བའི་ཐོབ་ཐང་སྤྲད་མེད་པ་མ་ཟད། དེ་དག་དགོན་པའི་བྱེད་སྒོ་ཁག་ཏུ་འཛུལ་ཞུགས་ཀྱི་ཐོབ་ཐང་མེད་པ་བཟོས་ཡོད་འདུག་ལ། དགོན་པར་འཆམ་འཁྲབ་རྒྱུ་དང་སྨོན་ལམ་འཚོགས་རྒྱུ་སོགས་ལ་ཡང་ཟླ་འགའི་གོང་ནས་ས་གནས་དཔོན་རིགས་ཚོར་ལྐོག་རྔན་སྤྲད་དེ་ཆོག་མཆན་ཞུ་དགོས་ཤིང་། རྫོང་དང་ཞིང་ཆེན་རིམ་པའི་མགོ་འཁྲིད་ཡོངས་རྫོགས་རྒྱ་རིགས་དང་། ཁོང་ཅག་གི་འོག་ཏུ་ལས་ཀ་བྱེད་མཁན་གྱི་ལས་བྱེད་དཀྱུས་མ་དག་བོད་རིགས་ཡིན་སྟབས། བོད་རིགས་ལས་བྱེད་བེད་སྤྱོད་ཀྱིས་གཞུང་གི་སྲིད་ཇུས་ལག་བསྟར་དང་དགོན་སྡེ་ཁག་ཏུ་དམ་དྲག་བྱེད་པར་བསྐུལ་ཏེ། བོད་པས་བོད་པ་གཏོར་བརླག་གཏོང་དུ་འཇུག་གིན་ཡོད་འདུག
ཁོང་ལོ་བཅུ་གྲངས་ཤིག་ཏུ་དགོན་པར་བསྡད་རིང་གྲྭ་བའི་ཐོབ་ཐང་ལག་འཁྱེར་མ་སྤྲད་པའི་ཁར་དགོན་པའི་ནང་བསྡད་པ་དེ་ཡང་ཁྲིམས་འགལ་ལྟ་བུ་ཆགས་ཤིང་། ལོ་སྔོན་མར་དགོན་པ་ནས་སྡོད་མི་ཆོག་པར་ནང་དུ་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཁོང་དགོན་པ་ནས་ཐོན་ཏེ་ཕྱོགས་ཡར་མར་ལ་གནས་སྐོར་དུ་འགྲོ་སྐབས་ཀྱང་། རྒྱ་གཞུང་གི་གྲྭ་བའི་ཐོབ་ཐང་ལག་འཁྱེར་མེད་སྟབས། ཉེན་རྟོག་པ་ཚོས་སུན་གཙེར་བཟོ་བ་དང་། གྲྭ་ཆས་གྱོན་མི་ཆོག་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་ཀྱང་། ཁོང་གིས་གཅིག་ནས་རང་ཉིད་དབང་བོ་སྐྱོན་ཅན་ཡིན་པས་ལས་ཀ་བྱ་མི་ཐུབ་པ་དང་། གཉིས་ནས་བདག་པོ་མེད་པའི་དབུལ་བོ་ཡིན་པས་གྲྭ་ཆས་གྱོན་པ་ནི་རང་ཉིད་ཀྱི་ལྟོ་གོས་ཆེད་ཡིན་སྐོར་བཤད་དེ་ཕྱིན་ཡོད་འདུག གསར་འགོད་པས་ཁོང་ལ་རྒྱ་ནག་གཞུང་གིས་དབུལ་བོ་དང་དབང་བོ་སྐྱོན་ཅན་ཚོར་སྐྱོབ་གསོ་སྤྱོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། “ ང་ལ་རྒྱ་གཞུང་གིས་སྐྱོབ་གསོ་ཡིན་ཟེར་ནས་ལོ་གཅིག་རང་ལ། ཤ་རྒྱ་མ་གཉིས་དང་། མར་རྒྱ་མ་གཉིས། རྩམ་པ་རས་ཁུག་གང་སྤྲད་བྱུང་། དེ་མ་གཏོགས་སྐྱོབ་གསོ་དང་ལྟ་རྟོག་གང་ཡང་རག་མྱོང་མེད་” ཅེས་བརྗོད་བྱུང་།
ཁོང་བོད་ཀྱི་ས་ཁུལ་མང་པོའི་ནང་གནས་སྐོར་དུ་ཕྱིན་པའི་མཐོ་ཐོས་གང་འདྲ་བྱུང་མྱོང་སྐོར་དྲིས་པའི་ལན་དུ། བོད་ཅེས་པ་འདི་བརླག་འགྲོ་བཞིན་འདུག་ཟེར་ལ། དེ་ཇི་ལྟར་བརླག་བཞིན་པའི་སྐོར་ནས། ཁོང་སྡོད་སའི་ས་གནས་ནང་ ༢༠༠༥ ལོ་ཙམ་ནས་གཏེར་ཁ་རྔོག་འདོན་བྱས་ཤིང་ད་ཆར་རི་སྟོང་པ་ཆགས་ཏེ་ལས་གཞི་མཚམས་འཇོག་བཞིན་ཡོད་པ་དང་། འདས་པའི་ལོ་ལྔ་དྲུག་རིང་ཉིན་རེར་གཏེར་རྫས་རླངས་འཁོར་བརྒྱ་ཕྲག་མང་པོ་རྒྱ་ཡུལ་དུ་དབོར་འདྲེན་བྱེད་ཀྱི་ཡོད་ཀྱང་། ཁ་ནས་ནམ་རྒྱུན་བོད་ལ་རོགས་སྐྱོར་བྱེད་ཀྱི་ཡོད་ཟེར་ནས་བཤད་ཀྱི་ཡོད་ཚུལ་སོགས་བརྗོད་བྱུང་།
ཡང་ཁོང་གིས་གནས་སྐོར་དུ་ཕྱིན་པའི་མཐོང་ཐོས་སྐོར་ལ་ཁོང་སྟོད་མངའ་རིའི་ཕྱོགས་སུ་ཕྱིན་སྐབས། གྲྭ་བ་ཚོའི་ལུས་ལ་གྲྭ་ཆས་གྱོན་པ་ཙམ་ལས་གྲྭ་བའི་འདུལ་ཁྲིམས་སྲུང་མཁན་མཐོང་དཀོན་པ་དང་། རྒྱ་གཞུང་གིས་བོད་ཀྱི་ནང་བསྟན་གཙོ་བོར་གྱུར་པའི་རིག་གནས་སློབ་གསོ་རྩ་བརླག་བཟོ་བཞིན་ཡོད་པ་དང་། སྤྱི་ཚོགས་ཀྱི་ཐད་ནས་ཀྱང་བོད་ཀྱི་ས་གནས་གང་དུ་ཕྱིན་ཡང་བོད་པ་ལས་རྒྱ་མི་མང་པ་དང་། ས་ཁུལ་ཚང་མ་རྒྱའི་གྲོང་ཁྱེར་དུ་སྒྱུར་བཞིན་ཡོད་ཚུལ་རྗོད་བཞིན་ཁོ་དང་མཉམ་དུ་སྣེ་ལེན་ཁང་ལ་འབྱོར་མཁན་གཞོན་སྐྱེས་འགའ་བསྟན་ཏེ། བྱིས་པ་འདི་དག་ཕལ་ཆེ་བས་རྒྱ་ཡིག་རྒྱ་སྐད་ལས་བོད་སྐད་བོད་ཡིག་ཤེས་ཀྱི་ཡོད་པ་མ་རེད་ཅེས་བརྗོད་བྱུང་།
མཐར་ཁོང་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་གྲངས་ཉུང་མི་རིགས་སྤྱི་དང་ལྷག་པར་དུ་བོད་རིགས་ཐོག་འཛིན་པའི་སྲིད་ཇུས་རྒྱ་ནག་གཞུང་གི་རྩ་ཁྲིམས་ཇི་བཞིན་ལག་བསྟར་བྱེད་ཀྱི་མེད་པའི་ཁར། བོད་ཀྱི་ས་ཁུལ་རེར་སྲིད་ཇུས་རེ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁོ་རང་ཉིད་ལ་མཚོན་ན་ས་གནས་དང་ཡང་པ་ཅན་དགོན་བཅས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་འདྲ་ཞིག་རྒྱ་ནག་གི་རྩ་ཁྲིམས་ནང་མེད་པ་ཤེས་ཀྱི་ཡོད་ཀྱང་། ཞུ་གཏུག་བྱེད་ས་དང་སྐད་ཆ་བཤད་སའི་གོ་སྐབས་མེད་པས། རྒྱ་ནག་ནི་རང་སྣང་གང་དྲན་དང་ཁྲིམས་མེད་ལུགས་མེད་ཀྱི་ཇག་ཚོགས་ལྟ་བུ་ཞིག་ལ་མཐོང་གི་ཡོད་ཅེས་སོགས་བརྗོད་བྱུང་།
གསར་འགོད་པ། བནྡེ་སྐྱབས།
༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད ༽
བོད་ནས་རྒྱ་གར་དུ་ལམ་ཡིག་དང་བྲོས་བྱོལ་ཐབས་ལམ་ནས་ཡོང་བཞིན་པའི་སྤུན་ཟླ་རྣམས་ལ་དམིགས་འབེན་གཉིས་ཡོད་པའི་དང་པོ་ནི། སྒེར་གཅོད་དང་མཁྲེགས་བཟུང་གི་སྲིད་དབང་ལ་ཁ་ལོ་བསྒྱུར་བའི་དྲང་མིན་གཞུང་ནས་རང་མི་རིགས་ཀྱི་ཤ་ཁྲག་གཤིས་སུ་གྲུབ་པའི་ཁྱད་ཆོས་སོགས་ལ་སྒེར་བསྡོམ་གྱིས་སྲིད་བྱུས་ཆེས་འཇིགས་སུ་རུང་བ་ལག་བསྟར་བྱས་པར་མ་བཟོད་ནས་གཞན་ཡུལ་གྱི་རང་དབང་ཆེད་དུ་ཕེབས་པའི་རིགས་ཤིག་དང་། དེང་གི་ས་ཆེན་པོའི་ཁྱོན་འདིར་འཚེ་མེད་ཞི་བདེའི་ཤིང་རྟ་པ་གང་ཅན་མགོན་པོའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལ་ཡིད་ལྷག་པར་འཕྲོག་སྟེ་མགོན་པོ་གང་གི་གསུང་ཐོས་ཞལ་མཇལ་སླད་དུ་ཅི་ཡང་བློས་བཏང་ནས་ཕེབས་པའི་རིགས་གཉིས་སུ་དགར་ན་ཁ་ན་མ་མཐོ་བ་མེད་པ་ཞིག་རེད་སྙམ།
བོད་ནས་རྒྱ་གར་དུ་ལམ་ཡིག་དང་བྲོས་བྱོལ་ཐབས་ལམ་ནས་ཡོང་བཞིན་པའི་སྤུན་ཟླ་རྣམས་ལ་དམིགས་འབེན་གཉིས་ཡོད་པའི་དང་པོ་ནི།
སྒེར་གཅོད་དང་མཁྲེགས་བཟུང་གི་སྲིད་དབང་ལ་ཁ་ལོ་བསྒྱུར་བའི་དྲང་མིན་གཞུང་ནས་རང་མི་རིགས་ཀྱི་ཤ་ཁྲག་གཤིས་སུ་གྲུབ་པའི་ཁྱད་ཆོས་སོགས་ལ་སྒེར་བསྡོམ་གྱིས་སྲིད་བྱུས་ཆེས་འཇིགས་སུ་རུང་བ་ལག་བསྟར་བྱས་པར་མ་བཟོད་ནས་གཞན་ཡུལ་གྱི་རང་དབང་ཆེད་དུ་ཕེབས་པའི་རིགས་ཤིག་དང་།དེང་གི་ས་ཆེན་པོའི་ཁྱོན་འདིར་འཚེ་མེད་ཞི་བདེའི་ཤིང་རྟ་པ་གངས་ཅན་མགོན་པོའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལ་ཡིད་ལྷག་པར་འཕྲོག་ཏེ་མགོན་པོ་གང་གི་གསུང་ཐོས་ཞལ་མཇལ་གྱི་སླད་དུ་ཅི་ཡང་བློས་བཏང་ནས་ཕེབས་པའི་རིགས་གཉིས་སུ་དགར་ན་ཁ་ན་མ་མཐོ་བ་མེད་པ་ཞིག་རེད་སྙམ།
ངོ་མ་བོད་པ་ཟེར་མཁན་དེ་ཆོས་དད་ཆེན་པོ་དང་སེམས་ཐག་ཆོད་པའི་རང་གཤིས་ལྡན་མཁན་ཞིག་རེད། ཁོང་ལྟ་བུ་རྐང་པ་ཞ་བོར་གྱུར་ཟིན་པ་ཡིན་ན་ཡང་ད་དུང་ས་ཐག་རིང་བའི་ས་གནས་གངས་རིན་པོ་ཆེ་སོགས་ལ་སྐོར་སྐྱོད་བྱེད་ཐུབ་པ་ནི་ཞེ་དྲག་རེད། ཁྱེད་ཀྱི་མི་ཚེ་ལ་བདེ་སྐྱིད་འབྱུང་བ་དང་བསམ་དོན་འགྲུབ་པའི་སྨོན་འདུན་ཡོད།
མི་ཟེར་མཁན་འདིའི་ཁོག་པར་བློ་ཐག་ཅིག་གཅོད་ཐུབ་ན། གང་ཡང་ཐག་རིང་པོ་མེད་པ་ཅིག ཕ་ཡུལ་ནག་ཆུ་འདམ་གཞུང་ཡང་པ་ཅན་ནས་ཡིན་པ་གྲྭ་ཀརྨ་ངེས་སྟོན་རྒྱ་མཚོ་ལགས་སུ་ལོ་རྒྱུས་འདིས་ཤེས་ཐུབ་པ་འདུག་གོ །
དེ་ཡིན་ད་ཡིན། ༢༠༠༨ལོ་གཅིག་པོར་ཡང་རྒྱ་དམག་དགོན་པའི་ནང་འཛུལ་ཏེ་འཕྲོག་བཅོམ་ག་ཚོད་བྱས་བྱུང་།
རྒྱ་ནག་གཞུང་གིས་ང་ཚོའི་ས་གཞི་ཐམས་ཅད་རྔོག་འདོན་བྱས། རྒྱུ་ནོར་ཐམས་ཅད་བཙན་འཕྲོག་བྱས། ད་དུང་བོད་ལ་རང་དབང་སྤྲོད་གྱུར་ཡིན་ཟེར་བཞིན་འཛམ་གླིང་ཀུན་ལ་ཁྱབ་བསྒྲགས་བྱས་པ་འདི་ནི་ཁྲིམས་འགལ་ཡིན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དངོས་གནས་མ་མཐོང་བ་ཡིན་ནམ། བོད་མི་རིགས་ལ་མཐོང་ཆུང་བྱས་པ་ཡིན།
རྒྱ་དམར་གྱིས་བཙན་འཛུལ་བྱས་པས་བོད་མི་ཁག་ཅིག་བཙན་བྱོལ་བྱས་པ་རེད། བཙན་བྱོལ་བྱས་ནས་རྒྱ་གར་ལ་གནས་ཚང་གཡར་བ་རེད། གནས་ཚང་འདི་ནི་ང་ཚོའི་གནས་སྐབས་ཀྱི་མགོན་སྐྱབས་འདྲ་བོ་རེད། ཡང་གཅིག་བཤད་ན་ང་ཚོ་གཞན་ཞིག་ལ་སྐྱབས་བཅོལ་དུ་འགྲོ་དགོས་དོན་དེ་རང་སའམ་རང་གི་བདག་དབང་བཙན་གྱིས་འཕྲོགས་པས་ཡིན། དེས་ན་ང་ཚོར་མཚོན་ན་བཙན་བྱོལ་བ་ཡིན་ལ་སྐྱབས་བཅོལ་བ་ཡང་ཡིན།
ཡིན་ན་ཡང་སྤྱིར་བཏང་སྐྱབས་བཅོལ་བ་ཞིག་ཡིན་ན་བཙན་བྱོལ་བ་ཡིན་པས་མི་ཁྱབ་པར་འདོད།
དོམ་དམ་དམར་གཞུང་གི་བྱ་སྤྱོད་འདི་ལྟ་བུ་ཞིག་ཡིན་པ། དེའི་དབང་གི་བོད་མི་འབུམ་གཉིས་ཞིག་སྐྱབས་བཅོལ་ལ་ཡོང་དགོས་ཐུག་པ་མིན་ནམ། ངོ་མ་དམར་གཞུང་གི་བྱ་སྤྱོད་དེ་ངན་པ་རེད་འདུག་གོ
ཁ་བྱང་ལས་ཀློག་ཁོམ་མ་བྱུང་། ༼རྒྱ་ནག་དེ་ཁྲིམས་མེད་ལུགས་མེད་ཇག་ཚོགས་ཤིག་ཏུ་མཐོང་སོང་། ༽ ངོ་མ་དམར་ཤོགས་ཚོག་པ་དེ་འདི་འདྲ་ཞིག་ཏུ་གྱུར་ནས་ཡོད་པ་འདྲ།
རྒྱ་ནག་འདི་ཁྲིམས་མེད་ལུགས་ཀྱི་ཇག་ཚོགས་ཤིག་ཏུ་མཐོང་ཟེར་བའི་སྐབས་འདིར་ངས་ཀྱང་རྒྱ་ནག་དམར་ཤོག་འདི་རྩ་ཁྲིམས་དང་ཁྲིམས་སྒྲིག་གང་གི་ཆ་ནས་བལྟས་ན་ཡང་མི་དམངས་ལ་རང་དབང་མེད་པའི་ཇག་ཚོགས་ཤིག་དང་འདྲ་བར་རྟག་པར་མཐོང་གིན་ཡོད།
ཡིན་ནའང་ངས་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་རིགས་ཟེར་བ་དེར་ལོ་ངོ་སྟོང་ཕྲག་མང་པོའི་ཆོས་དང་། སྐད་ཡིག རིག་གཞུང་། སྒྱུ་རྩལ། མི་གཤིས། ལས་ལ་བརྩོན་པའི་མི་རིགས་ཤིག་ཏུ་མཐོང་གིན་ཡོད།
དམར་ཕྱོགས་ཚོགས་པ་སྤྱི་ལོ་ ༡༩༤༩ ། ༡༠ ། ༠༡ ཉིན་འཚུགས་པའི་རྗེས་སུ་རྒྱ་ནག་མི་དམངས་ལ་སྲིད་དབང་གཅིག་སྡུད་ཀྱིས་འབུར་འཇོམས་བྱས་པ་ལ་སྐབས་དེར་རྒྱ་ནག་མི་དམངས་ཀྱི་སེམས་ངོར་ཡང་དག་པའི་དམངས་གཙའོ་རྒྱལ་ཁབ་ཞིག་ཆགས་རྒྱུའི་རྨི་ལམ་དེ་དུས་ཡོད་ཡོད་པ་རེད།
དེར་བརྟེན་སྤྱི་ལོ་ ༡༩༥༧ མའོ་ཙེ་ཏུ་གིས་ཨུ་རུའི་སུའི་སི་ཏ་ལི་ཤི་རྗེས་ཁཆེ་ཤ་ཕུས་སྐྱོན་འཚང་ཐེར་བཏོན་བྱས་རྗེས་མེ་ཏོག་མཇམ་བཞད་དང་མཁས་བརྒྱ་འགྲན་གླེང་ཟེར་བའི་རྩོམ་ཡིག་སྤེལ་བ་ནས་བཟུང་ཐན་ཅིང་གྲོང་འཁྱེར་སོགས་རྒྱ་ནག་གིས་སློབ་ཕྲུག་ཚོས་དམངས་གཙོ་ནི་མི་དམངས་ལ་བདག་པ་ལས་མི་སྒེར་ལ་བདག་པ་ཞིག་མ་རེད་ཅེས་དམངས་གཙའོ་སྐད་འབོད་ཐེངས་དང་པོ་དེ་བསྒྲགས་མ་ཐག་ཏུ་མའོ་ཡིས་སློབ་མའི་ལས་འགུལ་ཐོག་དྲག་གནོན་བྱས་པ་རེད།
དེ་རྗེས་སྤྱི་ལོ་ ༡༩༧༨ པེ་ཅིང་དུ་དམངས་གཙོའི་རྩིག་གྱང་གི་ལས་འགུལ་བྱུང་ཡོད་ཀྱང་གནའ་གནོན་བྱས་ཡོད།
དེའི་རྗེས་སྤྱི་ལོ་ ༡༩༨༩ ལོར་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྤེལ་ནས་སློབ་ཕྲུག་སྟོང་ཕྲག་མང་པོ་བསྡེབ་བསད་བྱས་ཡོད།
ཡིན་ནའང་རྒྱ་ནག་མི་རིགས་འདི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཕུལ་བྱུང་གི་མི་རིགས་གཅིག་ཡིན་སྟབས། དུས་ཀྱི་སྔ་ཕྱི་མ་གཏོགས་རྒྱ་ནག་དམངས་གཙོ་ཅན་དུ་མ་བསྒྱུར་བར་འགྲོ་ལམ་གཞན་མེད།
དེར་བརྟེན་ཤིན་ཅང་དང་། སོག་པོ། བོད་སོགས་གྲངས་ཉུང་མི་རིགས་རྣམས་ཀྱིས་ཀྱང་སེམས་ཤུགས་མ་ཆགས་པར་རྟག་ཏུ་ལས་འགུལ་སྤེལ་དགོས། ངོ་རྒོལ་བྱེད་དགོས། མཐར་བཏུགས་ན་མི་དམངས་ཀྱི་རྒྱལ་ཁ་ཡིན་སྟབས་དམར་ཤོག་གི་ཇག་ཚོགས་འདི་རྩ་མེད་དུ་གཏོང་རྒྱུར་ང་ཚོ་མི་རེ་ངོ་རེས་འགན་འཁུར་ནས་ཡུན་རིང་འཐབ་རྩོད་བྱེད་དགོས།
ང་ཚོ་ལ་དཔེ་དེབ་ངོ་སྤྲོད་ཀྱི་ཚན་པ་ཞིག་ཡོད་ན་ཧ་ལས་པའི་ཕན་ཐོགས་ཡོང་ས་རེད།
ནད་པ་ཡིས་བཤད་པ་བཞིན། ད་སྐབས་ངའི་ལག་ན་དཔེ་དེབ་ཅིག་ཡོད། དེའི་མིང་ལ་དབྱིན་སྐད་དུ་ (Shock Doctrine) ཟེར་གི་རེད། བོད་སྐད་ལ་(གསིག་སྤྲུགས་ཀྱི་གཞུང་) ཟེར་བ་མིན་འགྲོ། གང་ལྟར། དེབ་དེས་བླ་འདར་གི་འཇུག་གིན། རྩོམ་པ་པོ་ནི་ཁེ་ན་སྒྲའི་བུད་མེད་ཅིག་རེད། དེབ་དེ་ཧ་ལས་པའི་སྐད་གྲགས་ཆེན་པོ་རེད། མི་ལ་ལས་ལོ་ངོ་བཅུ་ཕྲག་ཅིག་གི་རིང་དེབ་འདི་འདྲ་བཀླག་མྱོང་མེད་ཟེར་གི། དེབ་འདི་མི་ལོ་བརྒྱའི་རིང་གི་དེབ་སྐད་གྲགས་ཅན་དག་གི་ནང་ནས་ཨང་ ༢༠ པ་རེད། དེབ་དེ་ཀློག་གིན་དུ་ངས་འབའ་བ་ཕུན་ཚོགས་དབང་རྒྱལ་དང་འཇམ་དབྱངས་སྐྱིད། ད་དུང་ངས་སྔོན་མ་བཅར་འདྲི་བྱ་མྱོང་བའི་བུ་མོ་དེ་དང་མིག་ལམ་ལ་ཤར་གི་འདུག ད་དུང་བཀླགས་ཚར་མེད།
སྔོན་མ་ཡིན་ན་སྤྱི་ཚོགས་ནང་མི་གང་བྱུང་ལ་ཉེས་མེད་ཉེས་འཛུགས་བྱེད་མི་ཆོག་པར་མ་ཟད་གང་བྱུང་སྣང་བ་གང་དྲན་བྱས་ཏེ་ཉེན་རྟོགས་པས་མི་འཇུ་བཟུང་བྱེད་ཆོག་གི་མེད་པ་རེད།
ཡིན་ནའང་ཉེ་བའི་འཆར་རྒྱ་གཞུང་གིས་ཉེན་རྟོགས་མི་སྣས་དོགས་གཞིའི་ཡོད་པའི་མི་སྣ་སུ་ཞིག་ཡོད་རུང་གོང་རིམ་ལ་འཛིན་བཟུང་བཀའ་ཁྲོལ་ཞུ་མི་དགོས་པར་ཐད་ཀར་འཇུ་བཟུང་བྱེད་ཆོག་པའི་ཁྲིམས་ལུགས་ལག་བསྟར་བྱ་རྒྱུ་རེད་ཟེར།
ད་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ས་ཁུལ་དུ་བསུན་བཙེར་ཚད་མེད་བཟོ་རྒྱུ་ལས་མ་འདས་ཤིང་། རང་ཉིད་སྣང་བར་མི་འགྲོ་བའི་མི་སོགས་ཚང་མ་གང་བྱུང་གིས་ཉེས་འཛུགས་བྱས་ཏེ་ཁྲིམས་མེད་ཀྱི་བཙན་བཅུག་བྱ་བ་སོགས་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་བཟོ་རྒྱུར་ཐེ་ཚོམ་མེད།
གྲྭ་རྐྱང་འཚོ་བར་རོལ་བའི་ཉམ་ཆུང་སྐུ་ཞབས་འདིས་རྐྱག་བརྫུན་ནམ་ཡང་མི་བཤད་པར་ང་ཚོས་ཡིད་ཆེས་བྱེད་ཆོག་པ་ལྟར་ད་ལྟའི་འཆར་རྒྱ་ནག་གཞུང་འདི་ཁྲིམས་མེད་ལུགས་ཀྱི་ཇག་ཚོགས་ལྟ་བུ་ཞིག་མཐོང་གི་ཡོད་ཟེར་བ་དེ་བདེན་པ་རེད།
མི་ནག་ཚང་ལའང་ཐུགས་ཁག་མེད། ང་ཚོ་མ་གཞི་བཙན་གནོན་ལ་བྱོལ་ནས་ཡོང་བ་ཞིག་ཡིན་ནའང་། ད་ལྟ་བློ་མཐུན་ཚོས་སྐྱབས་བཅོལ་ཡོད་ཚུལ་བརྗོད་ཀྱིན་པ་རེད། དྲང་པོར་ཞུས་ན། ཕུགས་བསམ་གྲོངས་ཚར་བ་རེད་ལ། ཕུགས་བསམ་གྲོངས་ཚར་བའི་མི་ཚོགས་ཤིག་ལ་ཁ་རྒྱབ་ལས་ཅི་ཡང་དགོས་ཀྱི་མེད་པས། སྐྱབས་བཅོལ་ཡོད་པ་མ་ཡིན་ནམ།
གཏེར་ཁ སྔོག་ན་དེ་ལ་ངོ་རྒོལ་གནང་དགོས། རྩྭ་ས་འཕྲོག་ན་དེ་ལ་རྒོལ་དགོས། སྐད་ཡིག་བཀག་ན་དེ་ལ་རྒོལ་དགོས། ཆོས་དད་བཀག་ན་དེ་ལ་རྒོལ་དགོས།་སྨྲ་བརྗོད་རང་དབང་བཀག་ན་དེ་ལ་རྒོལ་དགོས། མདོར་ན་ཚུལ་མིན་འོས་མིན་གྱི་གཞུང་འབྲེལ་ལས་གཞི་དང་སྟངས་འཛིན་བྱེད་ཚུལ་ཅི་རིགས་ལ་དེ་འབྲེལ་གྱི་ཁྲིམས་མཐུན་ཞི་བའི་ངོ་རྒོལ་གནང་དགོས། ཆབ་སྲིད་ཀྱི་ཐ་སྙད་རིགས་ཆེད་སྤྱོད་གནང་དགོས་དོན་མེད། དེ་ལྟར་བྱས་ན་ཕར་ལ་གནོད་པ་གང་ཞིག་ལ་རང་ལ་རང་སྲུང་གི་ཕན་ཐོགས་ཅུང་ཡོད།
ཐུགས་ཁག་མེད།
ཀློག་མཁན་ཚོར་འདྲི་རྒྱུར། བཙན་བྱོལ་བ་དང་སྐྱབས་བཅོལ་བ་གཉིས་ཀར་ཁྱད་པར་ཡོད་པ་རེད་དམ། ང་ཚོ་ཐ་སྙད་གང་གི་འོག་ཏུ་ཡོད་པ་རེད། གཉིས་ཀ་རེད་དམ།