༼ སྙིང་དབུས་ནས་གངས་ཅན་གྱི་གླུ་བ་དང་གླུ་མ་རྣམས་ལ་རྗེས་དྲན་དུ་ཕུལ༽
ཆབ་མདོ་ངག་དབང་ཕུན་ཚོགས།
“ བོད་གངས་ཅན་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཡིན” ཞེས་བཤད་སྲོལ་ཡོད་པ་ལྟར། དེང་སྐབས་བོད་གངས་ཅན་ལྗོངས་སུ་གླུ་གར་ལ་མཁས་པ་བགྲང་ལས་འདས་པ་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་ལ། དེ་དག་ཁྲོད་སྐད་ངག་སྙན་པོ་དང་ཚིག་དོན་ཟབ་མོ་ཡོད་མེད་ལ་མ་ལྟོས་པར་སོ་སོའི་སེམས་ཀྱི་འདུན་མ་དང་མ་འོངས་པའི་རེ་བ་མཚོན་པའི་གླུ་གཞིས་ཀྱི་བརྙན་འཁོར་ཡང་དུ་མ་ཞིག་འགྲེམས་སྤེལ་བྱེད་བཞིན་འདུག ལྷག་པར་དུ་གཞས་ལུས་རྒྱ་ཆེ་མི་མང་ལ་མཚོན་ན། རྒྱ་དམར་གྱི་གདུག་རྩུབ་དྲག་སྤྱོད། གཉའ་གནོན་དང་བརྙས་བཅོས་འོག་མི་ལོ་དྲུག་ཅུར་ཉེ་བ་བསྐྱལ་ཞིང་། ལྷག་པར་དུ་ “རིག་གནས་གསར་བརྗེ”ཟེར་བ་སོགས་ཀྱི་སྐབས་སུ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཆེས་རྗེས་ལུས་དང་། ཆེས་མུན་ནག་ཡིན་རབས་བརྗོད་དེ་འཇམ་རྩུབ་གཉིས་ཐོག་ནས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད་ཀྱང་། གཞིས་ལུས་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཉམས་པ་མེད་པར་བོད་པའི་སྐད་ཡིག་རིང་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཡོད་ལ། འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་དང་བསྟུན་ཏེ་བོད་ནང་དུའང་སྲིད་ཇུས་ཕྲན་བུ་གུ་ཡངས་ཕྱིན་པ་དང་བསྟུན། གཞིས་བཞུགས་མཁས་དབང་བགྲེས་སོང་འགས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཡོད་ཚད་བློས་གཏོང་གིས་ཕྱག་རྗེས་རླབས་ཆེན་བཞག་ཡོད།
རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་དེ་རིམ་གྱིས་བོད་པའི་དགོན་སྡེའི་ཐོག་བསྐོར་ཏེ། མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་དགོས་ཚུལ་བརྗོད་དེ། བོད་མི་རིགས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་དཔར་ཙམ་ཡང་བཞུགས་མི་ཆོག་པ་དང་། ཁོང་ལ་གསོལ་འདེབས་ཙམ་ཡང་ཞུ་མི་ཆོག་པའི་བཙན་དབང་གིས་ཁྲིམས་ལུགས་བཟོས་ཏེ། བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་གིས་ཉིན་མཚན་གཉིས་ཀར་འཇིགས་སྐྲག་གིས་འཚོ་བ་སྐྱེལ་དགོས་བྱུང་ཡོད་ཀྱང་། བོད་ནང་གི་གླུ་བ་གླུ་མ་ཚོའིི་སྙིང་སྟོབས་ལ་འགྱུར་བ་མེད་པར་མངོན་གསལ་འདོད་པོའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་དང་། གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ། བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་སྐྱོ་གདུང་སོགས་གདངས་སུ་གྱེར་ཏེ། མི་མང་ལ་དྲན་སྐུལ་དང་བསླབ་བྱ་གནང་བ་འདི་ཅི་འདྲའི་བསྟོད་བསྔགས་ཞུ་འོས་པའི་རླབས་ཆེན་གྱི་ལས་དོན་ཞིག་རེད་ཨང་།
ངས་བརྙན་འཁོར་དེ་དག་ལ་ཡང་ཡང་ཞིབ་ལྟ་བྱས་པའི་རྒྱུད་རིམ་ཁྲོད་ཚོར་སྣང་ཟབ་མོ་ཞིག་དང་འབྲེལ་བསམ་ཚུལ་ཐུང་ཙམ་ཞིག་གླེང་འདོད་བྱུང་སོང་། ཕ་ཡུལ་གངས་ལྗོངས་ཀྱི་གླུ་བ་གླུ་མ་ཚོ་དེ་དག་གི་དབྱངས་རྟ་སྙན་མོའི་འགྱུར་ཁུག་རེ་རེ་ངའི་རྣ་བའི་བུ་གར་འཛུལ་བ་དང་། ལུས་ཀྱི་ཉམས་འགྱུར་གཞས་ཚིག་གི་ནང་དོན་དང་མཐུན་པར་སྟངས་སྟབས་བསྒྱུར་དུས། སེམས་ཀྱི་རྟ་ཕོ་དབུགས་རྒྱུན་ཆད་ལ་ཉེ་བར་གསོན་ཤུགས་གསར་པའི་ངར་ཆུ་བླུད་པ་དང་ཀུན་ནས་མཚུངས་བར་སེམས་ཁུངས་སུ་རེ་བ་གསར་པའི་གཟུགས་རིས་གསོན་པོ་ཞིག་བསྐྲུན་སོང་། གངས་ཅན་གྱི་གླུ་པ་དང་གླུ་མ་རྣམས། ཁྱེད་རྣམས་བཀའ་དྲིན་ཤིན་ཏུ་ཆེ།
ཁྱེད་ཅག་གིས་དབྱངས་རྟ་སྙན་མོར་དྲངས་པའི་ཚོར་ཤུགས་དྲག་པོའི་ཉམས་འགྱུར་དང་། ཚིག་དོན་ཟབ་མོར་བསྡུས་པའི་ལ་ཞེན་ཆེན་པོའི་གདོང་མདོག་དེ་དག་ལས། ཁྱེད་རྣམ་པའི་སེམས་ཁོངས་སུ་གང་ཞིག་སྒོམ་ནས་སྙན་མོ་གླུ་ཡི་མཆོད་པ་འབུལ་བཞིན་ཡོད་པ་ང་ཚོས་ཚོར་ཐུབ་ཀྱི་འདུག་ལ། ད་ལྟའི་བོད་མི་རིགས་ཀྱི་ལས་དབང་ལ་སེམས་གསོ་དང་སྐུལ་འདེད། བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩའི་ན་གཞོན་རྣམས་ལ་དྲན་སྐུལ་དང་ཁ་བརྡ་བསླབ་བྱ་གནང་གི་ཡོད་པའང་ང་ཚོས་རྟོགས་ཐུབ་ཀྱི་འདུག གངས་ལྗོངས་ལ་མཛེས་སྡུག་དང་དཔྱད་དཔལ་སྐྲུན་མཁན་གླུ་བ་གླུ་མ་རྣམས། ཁྱེད་རྣམས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ། ང་ཚོའི་མི་རིགས་ཀྱི་རྩ་དོན་འདི་ནི་མི་ཁ་ཤས་ཀྱི་ཁེ་ཕན་དང་ཐོབ་ཐང་ཆེད་གཏན་ནས་མིན་ལ། ང་ཚོའི་འཐབ་རྩོད་ཀྱི་རྩ་དོན་ནི་བོད་མི་རིགས་ཡོངས་རྫོགས་ཀྱི་ལུས་སེམས་ལ་རང་དབང་དང་། འགྲོ་བ་མིའི་ཐབ་ཐང་། མེས་བོ་གོང་མ་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་བཏང་བའི་བོད་མི་རིགས་ཀྱི་གཅེས་ནོར་སྐད་ཡིག་རིག་གཞུང་འདི་མི་རབས་ནས་མི་རབས་བར་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད་ཡིན་པ་ལས་མི་རིགས་གཞན་ཞིག་ལ་མཐོང་ཆུང་དང་། དམའ་འབེབས། གཅིག་འོག་གཅིག་བསྡུ་ཡི་དམིགས་ཡུལ་གཏན་ནས་མིན།
བོད་མི་རིགས་འདི་ནི་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་མཐོ་སྒང་ལ་འཚོ་སྡོད་བྱས་ཏེ་ཀྱག་ཀྱོག་གི་འཕྲེང་ལམ་མང་པོ་བརྒྱུད་མྱོང་བའི་བཟོད་སྲན་དང་། དཀའ་སྡུག་ལ་གདོང་ལེན་གྱིས་གཡུལ་ས་ལས་རྣམ་པར་རྒྱལ་བའི་བཙན་པོའི་མི་རིགས་རླབས་ཆེན་ཞིག་ཡིན་ལ། ལྷག་པར་དུ་གོང་བརྗོད་ལྟར་བོད་མི་རིགས་ཀྱང་མི་རིགས་གཞན་ལྟར་སེམས་ལ་རང་དབང་དང་། མི་མང་གི་ཁེ་ཕན་ལ་སྲུང་བརྩི། སོ་སོའི་མི་རིགས་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་གཅེས་སྲུང་། མི་རིགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་རྣམས་སྲུང་སྐྱོབ་དང་བདག་འཛིན། རང་ས་རང་སྲུང་བཅས་ཀྱི་ཆེད་ཁོ་ན་ཡིན་ཞིང་། ཐོབ་ཐང་དེ་དག་རྩོད་ལེན་ཐུབ་མིན་ནི་བོད་མི་ཡོད་དོ་ཅོག་གི་ཕྲག་ཏུ་བབ་པའི་ལས་འགན་ཡིན་པས། སོ་སོ་བོད་མི་ཡིན་སྙམ་པའི་འདུ་ཤེས་དེ་མ་དོར་བའི་ཐོག་ནས་ཐོབ་ཐང་རྩོད་ལེན་བྱ་དགོས་པ་ལས་མི་རེ་གཉིས་ཀྱི་རྩོད་ཐུབ་པ་ཞིག་གཏན་ནས་མིན།
རང་དབང་དེ་དག་རྩོད་པར་འཇིགས་སུ་རུང་བའི་རྐང་ལམ་ཀྱག་ཀྱོག་དུ་མ་བརྒྱུད་དགོས་པའི་སྔོན་དཔག་བསམ་བློའི་གྲ་སྒྲིག་གིས་བོད་མི་ཡོངས་ཀྱིས་དཔུང་གདང་ཆིག་བསྒྲིལ་བྱས་ཏེ། ད་ནི་འགྱེལ་ས་ནས་ལངས་ཐུབ་པའི་དཔའ་ངར་ཞུམ་མེད་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བློས་གཏོང་བྱེད་དགོས་པ་ལས་ལྷོད་གཡེང་དང་ཕྱི་བཤོལ་དང་འཐུས་ཤོར་ཕྲ་མོ་ཙམ་ཡང་འགྲོ་མི་རུང་། ད་ནི་ང་ཚོས་ཕྱི་བཤོལ་དང་འཐུས་ཤོར་ཕྱིན་པ་ཡིན་ན་སླར་མི་རིགས་འདི་བཙན་གནོན་དང་དཀའ་སྡུག་འོག་ནས་ནམ་ཡང་གསོན་ཐབས་མེད་ལ། བུ་རབས་ཚ་རྒྱུད་རྣམས་ཀྱི་མདུན་ལ་ངོ་གནོང་དགོས་པའི་ལོ་རྒྱུས་ནང་ནམ་ཡང་གསབ་ཏུ་མེད་པའི་ནག་ཐིག་འབབ་ངེས་ཡིན། སྤྱིར་མི་རིགས་སོ་སོའི་རང་དབང་དང་ཐོབ་ཐང་འཐབ་རྩོད་བྱེད་ཆོག་པ་ཞིག་དང་། རྩོད་དགོས་པ་ཞིག་ཀྱང་ཡིན་མོད། ང་ཚོའི་འཐབ་རྩོད་བྱེད་སའི་ཁ་གཏད་ལ་གནས་ལུགས་དང་རྒྱུ་མཚན་ཡེ་ནས་བགྲང་ས་མེད་པ་ཞིག་ཡིན་རུང་། ང་ཚོའི་སེམས་ཤུགས་ནམ་ཡང་ཆགས་མི་རུང་ལ། ག་ཚད་ས་ལ་འགྱེལ་དགོས་བྱུང་ཡང་དེ་ཙམ་སླར་འགྲེངས་ཐུབ་པའི་སེམས་ཤུགས་བསྐྱེད་དེ་མདུན་བསྐྱོད་བྱ་དགོས་སོ།། གནས་སྟངས་དེ་དག་ལ་བརྟེན་ནས་གངས་ལྗོངས་ཀྱི་མི་རབས་གསར་པའི་གླུ་བ་གླུ་མ་དེ་དག་གིས་སྙིང་སྟོབས་ཞུམ་པ་མེད་པར། བརྒྱུད་ལམ་སྣ་ཚོགས་ནས་བློས་གཏོང་ཆེན་པོས་བདེན་དོན་གླེང་མཁན་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་རྒྱ་ནག་གི་དྲག་རྩུབ་དང་གཉའ་གནོན། མཐོང་ཆུང་ཅི་ཙམ་བྱས་ཀྱང་གཞན་འོག་ཏུ་མགོ་བོ་མི་སྒུར་བའི་རྣམ་པ་གསལ་པའི་མཚོན་རྟགས་ཤིག་ཀྱང་ཡིན་པས་སོ།
གངས་ཅན་པའི་གླུ་བ་གླུ་མ་དེ་དག་གི་དབྱངས་རྟ་སྙན་མོའི་འགྱུར་ཁུག་རེ་རེ་ནས་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་དང་། མ་འོངས་པའི་རེ་བ་མཚོན་པའི་དྭངས་གཙང་ལྷད་མེད་ཀྱི་འདུན་མ་དེ་ལ་ཡི་རངས་མི་ཞུ་མཁན་སུ་ཞིག་ཡོད། གངས་ཅན་གྱི་གླུ་པ་གླུ་མ་རྣམས། ད་དུང་མུ་མཐུད་དུ་བོད་མི་རིགས་ལ་ཕན་པའི་དབྱངས་རྟ་སྙན་པོ་རེ་མཐོང་དང་། གངས་ཅན་པ་རྣམས་གཉིད་ལས་དཀྲོག་པའི་ཕན་ཐོགས་བླ་མེད་དུ་ཆེ་ཞིང་། གླུ་པ་གླུ་མ་ཚོ་ཁྱེད་ཅག་གི་དབྱངས་རྟ་སྙན་པོས་གངས་ལྗོངས་ཀྱི་འདས་གསོན་གཉིས་ལ་དྲན་གསོ་དང་། རྩ་བའི་བླ་མར་བསྟོད་དབྱངས་རེ་འཕུལ་དང་། དེ་ནི་ང་ཚོ་བོད་མི་རིགས་ཡོད་དོ་ཅོག་ལ་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱིས་བསྐུར་བའི་འགན་ཁྲི་ཞིག་ཀྱང་ཡིན། དེ་ཡང་“ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང་“ཞེས་པའི་སྙན་དབྱངས་དེ་དང་དེས་མཚོན་པའི་སྙན་དབྱངས་དེ་དག་གི་ངའི་སེམས་ཁོངས་སུ་ནམ་ཡང་གསུབ་ཏུ་མེད་པའི་སྙིང་སྟོབས་ཤིག་འོང་ཞིང་། ངས་གངས་ཅན་གྱི་གླུ་བ་གླུ་མ་ཁྱེད་རྣམས་ལ་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུའོ།།
དེ་ཡང་“གླུ་ནི་དགའ་སྡུག་སྐྱོ་གསུམ་ཤུགས་ཆེར་འབྱུང་བའི་གནས་སྐབས་སུ་མགུལ་ནས་རང་དབང་མེད་པར་ལུད་ཡོང་བས་ན་མགུར་གླུ་ཞེས་ཟེར་ཞིང་། གར་ནི་འཕགས་མཆོང་དང་བཅས་པ་མྱུར་བར་རྒྱུག་པའི་དོན་དང་། འཆམ་ནི་རྒྱང་རིང་པོ་མི་འགྲོ་པར་འཁོར་ས་གཅིག་ཕར་འགྲོ་ཚུར་འོང་བྱེད་པའི་དོན། གཞས་ནི་བཞེས་དང་ཡང་ན་བཞད་ཀྱི་དོན་ཡིན་ནམ་སྙམ་ལ། ཡང་ན་གནའ་བོའི་བྲོ་ཤོན་ཞེས་པ་ཟུར་ཆག་ནས་བྲོ་གཞས་གྱུར་པ” སོགས་གསུངས་པ་ལྟར་རེད། བོད་མི་རིགས་ནི་གླུ་བྲོ་ལ་དགའ་བ་རིགས་ཤིག་ཡིན་ལ། ཁ་དཔེ་ལའང་དགའ་ན་ཇ་ཆང་མཚར་གླུ་དང་སྡུག་ན་རང་སེམས་གསོ་གླུ་སོགས་བརྗོད་པ་ལྟར་དོན་དངོས་དང་མཐུན་པ་ཡིན།
རྩོམ་འཐུང་འདི་ནི་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སོ་གཉིས་པ་ཚུགས་ལ་ཉེ་བའི་དུས་དེར་གཞུང་དོན་དུ་ཕྱིན་པའི་སྐབས། ཟ་ཁང་ཞིག་ཏུ་(མཚོ་སྔོན་བརྙན་འཕྲིན་ཁང་ནས་འགྲེམས་སྤེལ)ཞེས་པའི་གློག་བརྙན་ལས། བོད་ནང་གི་གླུ་བ་གླུ་མ་སྐོར་ཞིག་གིས་བོད་སྐད་གཙང་མ་མ་གཏོགས་རྒྱ་སྐད་ཚིག་གཅིག་ཀྱང་སྲེས་ལྷད་མེད་ཅང་། བོད་པའི་ལ་རྒྱ་དང་༧གོང་ས་ཡིད་བཞི་ནོར་བུར་དད་འདུན་དམ་ཚིགས་གཙང་མ། འཐབ་རྩོད་ཀྱི་སྙིང་སྟོབས་དང་མ་འོངས་པར་རེ་བ་འཆང་བའི་གླུ་གཞས་དེ་དག་མཐོང་བས་དགའ་སྤྲོ་འབུམ་གྱིས་སྨྱོས་ཏེ། སྟོན་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་འགྲམ་དུ་བྱང་ཆུབ་ཤིང་སྡོང་གི་སིལ་གྲིབ་འོག་ནས་བྲིས་པ་དང་། ཕྱིར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་རྗེས་བསྐྱར་དུ་ཕྲན་བུ་བཟོས་བཅོས་བཏང་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༢ ཉིན་མོར་ཕུལ།
གླེང་གཞི་ཡག་ལ་གླེང་སྟངས་ཡང་ཡག་འདུག། འོན་ཀྱང་ལྷ་མོས་རང་སྟོད་དང་ཟློས་པ་མང་བ་ལས་རང་ཚུགས་ཀྱིས་དྲི་ལན་གནད་ལ་ཁེལ་བའི་རིགས་ལ་འབད་དགོས།
ཅོ་རི་ལགས། མི་མཐུན་ས་བརྒྱ་དང་མཐུན་ས་བརྒྱ་ལོས་ཡོད། གཙོ་བོ་མི་མཐུན་ས་ནས་མི་དགའ་བ་བྱེད་མི་ཉན་པ་དང། མཐུན་ས་ནས་ཡང་ཁས་ལེན་བྱེད་ཐུབ་པ་འདི་མི་དྲང་མོའི་མཚོན་རྟགས་ཡིན་སྙམ། དེ་བས་ང་ཚོས་གཅིག་གཅིག་ལ་བསམ་ཚུལ་བཤད་དུས་ཕར་ཚུར་གཉིས་ཀས་གཅིག་གཅིག་བསམ་ངན་ཞིག་དང་མ་རབས་ཤིག་ཡིན་པའི་འདུ་ཤེས་འཛིན་མི་རུང། ང་ཚོས་མུ་མཐུད་དུ་བསམ་ཚུལ་བརྗེ་རེས་བྱད་དགོས། མི་ཉུང་བ་ཞིག་གིས་མི་ཉུང་བ་ཞིག་ལ་དྲ་འབུ་ཟེར་ནས་སྡིགས་ཚུལ་དེ་ངའི་སྣང་བར་མི་འོས་པ་ཞིག་རེད། སུ་ཞིག་དྲ་འབུ་ཡིན་ན་མིན་ན་ངའི་དམིགས་ཡུལ་ནི་ཚང་མ་འདྲ་མཉམ་དང་ཚང་མ་འཆམ་མཐུན་གྱི་ངང་ནས་རང་རང་གི་ལྟ་ཚུལ་ཤུགས་ཀྱིས་གླེང་རེས་བྱེད་དགོས་པར་འདོད། དེ་བས་ངས་ང་ལ་སྡིགས་མཁན་དང་གཤེ་མཁན་སུ་ཞིག་ཡིན་ཡང་མ་དགའ་བ་སྤུ་ཙམ་བྱེད་ཀྱིན་མེད་པར་མ་ཟད། གལ་ཏེ་ཉིན་ཞིག་ལ་ངོ་ཐུག་ནས་ཆང་ཞིག་འཐུང་ནས་སྐད་ཆ་ལྷོད་ལྷོད་རེ་བཤད་ནས་ཉི་མ་འགའ་རེར་འགྲོགས་ནས་སྡོད་པའི་གོ་སྐབས་རེ་བྱུང་ན་རང་བཞིན་གྱིས་འཆམ་མཐུན་ཡོང་བར་ཡིད་ཆེས་ཡོད། འདི་ངས་རང་གི་ཉམས་མྱོང་མང་པོ་ཞིག་གི་ཐོག་ནས་ངེས་པ་རྙེད་པ་ཞིག་ཡིན། དེ་བས་ང་ངོ་མི་ཤེས་པའི་རྩོད་ཟླ་བ་སུ་ཞིག་ཡིན་ཡང་གལ་ཏེ་ཧྥ་རན་སིར་སླེབས་ན་ང་བཙལ་ནས་ཡོང་རོགས། ང་ཚོ་སྙུ་གུ་ཐོགས་པ་ཚོས་རང་ངོས་ནས་དོན་དམ་གྱི་གུ་ཡངས་དང་བཟོད་བསྲན་གྱིས་ལག་འཇུ་ངོ་མ་རེ་བྱེད་མ་ཐུབ་ན་ང་ཚོས་ཆིག་སྒྲིལ་ཟེར་བའི་སྐད་ཆ་རྣམས་ནི་ཅི་འདྲའི་སྙིང་བོ་མེད་པ་ཞིག་མ་རེད་དམ།
ཀྭི་ཀྭི་གསོལ་གསོལ་ལྷ་རྒྱལ་ལོ་་་་་དེ་རིང་ཡིན་ན་ལྷ་མོ་སྐྱབས་ངེད་གཉིས་མཐུན་སའི་བརྗོད་གཞི་ཞིག་རག་འདུག་་་་་་ཧཧཧཧཧ
ངས་བསམ་པ་སྔར་ནས་གླེང་དགོས་ཀྱི་བསམ་ཀྱང་གླེང་ཕོད་མ་སོང་། བཙན་བྱོལ་ནང་ནས་བཅུག་བཤད་བསྡད་ན་ཁོང་རྣམ་པ་ཚོའི་སྐུ་ཚེ་ལ་བར་ཆད་འཕྲོད་ཡོང་དོགས་ཀྱིས་བཞག་དགོས་བྱུང་།
དེ་རིང་འདི་ནས་ཆབ་མདོ་བས་ཚོར་བ་ཡོད་པའི་ཐོག་ནས་གསུངས་ཡོང་དུས་སུ་བཅུག་གླེང་ཁུལ་བྱས་པ་ཡིན། ཡ་ཏང་བཤད་འདུག་ཀྱང་་་་ངས་ཀྱང་ཁོང་བོད་མི་རིགས་སུ་ཕན་ཐོག་ཡོད་པའི་གླུ་བ་ཞིག་རེད་བསམ་གྱི་མེད།
བོད་མི་རིགས་ཀྱི་གླུ་བ་ཟེར་དུས་བོད་མི་རིགས་ཀྱི་རྩ་དོན་དང་ཁེ་ཕན་གཞིར་བཟུང་གི་ཐོག་ནས་ཕ་སྐད་གཙང་མའི་གླུ་དབྱངས་ལེན་མཁན་ཞིག་ཡིན་དགོས་སོ།
ཅོ་རི་ཉི་མས་དོ་སྣང་བྱས་པ་བློ་བཟང་ཟེར་བ་ལས་ལྡབ་འགྱུར་གྱིས་བཟང་གི ངས་གླུ་བ་འདི་རིགས་ལ་དོ་སྣང་དང་བསྔགས་བརྗོད་བྱས་པ་དུས་ཀྱི་རྗེས་ཟིན་ཡོད་སྙམ། འདི་དེ་རིང་གཞི་ནས་གླེང་རྒྱུ་ཞིག་མ་རེད། སྔ་མོ་ནས་གླེང་དགོས་ངེས་ཤིག་རེད། ངས་ཐ་ན་གྲོས་ཚོགས་ནང་ནས་ཀྱང་གླུ་ཚིག་རང་ལུང་འདྲེན་གྱིས་གདེང་འོག་བྱས་ཡོད། ཡ་དུང་ལགས་གླུ་བ་མ་རེད་ཞུས་མེད། ལ་རྒྱའི་གླུ་རེ་ཡང་ཡོད་མོད། གཞས་ཚིག་དང་ཕ་སྐད་སོགས་ནས་བསྡུར་ན་ངས་ཁོང་མི་རིགས་ཀྱི་གླུ་བའི་ནང་ལ་འདེམས་ཐབས་བྲལ་བ་ཞིག་རེད།
ཆབ་བྲག་བླུན་པོ་ཡིན་པའི་རྒྱུ་མཚན་འདི་ནས་བསྟན་འདུག གླུ་བ་རིག་དགའ་སོགས་ལ་བསྟོད་ནས་དུས་དེབ་ཀྱི་མདུན་ངོས་བཞག་པ་དེ་ནས་ངས་ཁོར་ཅང་མེད་པ་ཤེས་སོང་།བོད་ཀྱི་ས་ཆ་ཁ་ཤས་ན་དེ་ལས་ཡན་གྱི་གླུ་བ་ཚད་ལྡན་ཡར་དུང་སོགས་ཡོད་པ་སེ་པར་གྱིས།
དེང་སང་བོད་པའི་གླུ་བ་ལ་རྒྱ་རིགས་རྒྱ་སྐད་ལ་ཐན་དུ་བརྩི་བ། སྐད་དང་གྱོན་ཆས་ཚུན་ཆད་ནས་འབྲོག་པ་རང་གི་ཁྱད་ཆས་འཛིན་མཁན་གྱི་རིགས་གཅིག་དང་། བོད་པའི་གྲས་ལ་སླེབས་ན་བོད་པའི་ཁྱད་ཆོས་དང་། རྒྱ་གྲལ་ལ་སླེབས་ན་རྒྱ་ལས་ཏེ་དཔའ་འདྲ་བོ་ཡོང་དགོས་བསམ་མཁན་གྱི་རིགས་གཉིས་ཡོད་པ་རེད།
ཡང་མཚོ་སྔོན་རླུང་འཕྲིན་ལྟ་བུ་བོད་རང་གི་བྱ་དགའ་ལ་གཙིགས་སུ་བྱེད་མཁན་དང་། ཚོགས་པ་ག་གེ་མོ་ནས་གྲངས་ཉུང་མི་རིགས་ཀྱི་གཞས་པ་ཨང་ཅི་མ་ཞིག་གི་བྱ་དགའ་ཟེར་བ་ལ་མཐོང་ཆེན་བྱེད་མཁན་གྱི་རིགས་གཉིས་ཡོད་པ་རེད།
ཡང་རྒྱ་གཞས་རྒྱ་འདྲ་བ་ལངས་ན་བོད་མི་རིགས་ཀྱི་བླ་སྒུལ་དུ་བརྩི་བ་དང་གཟི་བརྗིད་དུ་བརྩི་བའི་རིགས་གཉིས།
ཡང་ང་བོད་པའི་བུ་ཡིས་བོད་གླུ་ལེན་ཟེར་བཞིན་མི་རབས་བརྒྱད་ལ་རྒྱ་སྐད་མི་ཁྱོང་བར་སྨོན་ལམ་འདེབས་མཁན་གྱི་རིགས་གཅིག་དང་། དེ་རིང་ང་བོད་པའི་བུ་ཡིས་བོད་གླུ་ལེན་ཟེར་བཞིན་སང་ཉིན་ཧ་ཧ་ཏོ་ཏོ་པ་པ་པོ་ཟེར་མཁན་གྱི་རིགས་གཉིས།
དེ་བཞིན་མི་རིགས་ཀྱི་ཞེན་ཁོག་འཛིན་མཁན་ལའང་། ཨ་ལག་ཚང་གི་སྐུ་མཁྱེན་ནོ་ཟེར་མཁན་དང་དྷི་ཚ་སྐམ་པོས་འདི་སྐད་གསུངས་ཟེར་མཁན་གྱི་རིགས་གཉིས། སངས་རྒྱས་བསྟན་པའི་ཟེར་མཁན་དང་སངས་རྒྱས་ཆོས་ལུགས་ཟེར་མཁན་གྱི་རིགས་གཉིས། མ་ཎི་ཁ་ཏོན་གྱི་གྲངས་ཀ་གསོག་མཁན་དང་བཀའ་པོད་ལྔ་བོ་བམ་ཀློག་བྱེད་མཁན་གྱི་རིགས་གཉིས། སྔོན་བྱོན་གྲུབ་ཆེན་གྱི་གཏམ་རྒྱུད་བཤད་མཁན་དང་། མཁས་པ་ལུའུ་ཞུན་ཡང་ཡང་གླེང་མཁན་གྱི་རིགས་གཉིས།
1་་གླུ་བ་བདུད་བྷེ་ལགས་་་་་་་བོད་མི་རིགས་ཀྱི་ཕོ་ཉ་ཡིན།
2་་གླུ་བ་རི་དགའ་ལགས་་་་་་་བོད་མི་རིགས་ཀྱི་མཚོན་རྟགས་ཡིན།
2་་གླུ་བ་སྨོན་ལམ་གྲྭ་ལོག་་་་་་བོད་མི་རིགས་ཀྱི་ལམ་སྟོན་ཡིན།
4་་གླུ་བ་སྒྲོལ་མ་སྐྱབས་ལགས་་བོད་མི་རིགས་ཀྱི་ཕོ་རྒོད་ཡིན།
5་་གླུ་བ་ཤེར་བསྟན་ལགས་་་་་བོད་མི་རིགས་ཀྱི་ལ་རྒྱ་ཡིན།
6་་གླུ་བ་བློ་བཟང་ལགས་་་་་་་་བོད་མི་རིགས་ཁུ་བྱུག་ཡིན།
1་་གླུ་མ་རིག་འཛིན་སྒྲོལ་མ་ལགས་་་་བོད་མི་རིགས་ཀྱི་དགེ་རྒན་ཡིན།
2་་གླུ་མ་ཚེ་དབང་ལྷ་མོ་ལགས་་་་་་་་་་བོད་མི་རིགས་ཀྱི་འཆམ་མཐུན་ཡིན།
3་་གླུ་མ་འོ་བཞུགས་སྐྱིད་ལགས་་་་་་་་བོད་མི་རིགས་ཀྱི་མཛེས་མ་ཡིན།
4་་་་་་་་
གླུ་བ་གླུ་མ་འདི་དག་ངས་དོ་སྣང་བྱས་ས་དང་གླུ་དབྱངས་ཉན་ས་ཡིན། མི་ཡུལ་ས་མཐའ་སེམས་པ་སྐྱོ་སྐབས་སུ་གླུ་རེར་ཉན་ནས་མིག་ཆུ་ཡང་ཤོར་མྱངས་ཡོད། ངོ་མ་་་ཁ་འཐོར་རུ་ཡོད་པའི་བཙན་བྱོལ་བ་ཚོ་ལ་བོད་ཀྱི་གླུ་བ་གླུ་མ་རྣམས་བཀའ་དྲིན་ཆེ་པོ་ཡིན།
བོད་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་བཅས་གོང་འཕེལ་འགྲོ་བ་ལ་གྲུབ་འབྲས་ཆེན་པོ་ཐོན་སོང་སྙམ་པ་ཞིག་རེད། རིགས་རུས་སུ་བསྟོད་མཁན་གླུ་བ་གླུ་མ་རྣམས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གནས་ཚུལ་དང་ཡུལ་རང་ག་བའི་གནས་སྟངས་ལ་མི་ལྟ་བར་རྟག་ཏུ་ཞེན་ཁོག་སྐམ་པོའི་སྐད་ཆ་ཤོད་མཁན་རིགས། དོན་དུ་སོ་སོའི་ནང་སྙིང་ངོ་མ་ཕྱི་ནང་ཀློག་བཞིན་འདུག
འོན་ཀྱང་ལ་རྒྱ་ཅན་གྱི་གླུ་པ་མདོ་དབུས་ཁམས་སུ་གྲགས་ལ། གླུ་བ་རྒྱ་དགའ་གང་མང་ཞིག་བོད་ས་ཡོངས་རྫོགས་སུ་མཆིས། ནམ་ནམ་ཞར་ཞར་ལ་འདི་དང་གན་ཞེས་དབྱེ་འབྱེད་མཁན་རིགས་ལ་ངོ་མ་སུན་གི
གླུ་བ་དཔལ་མགོན་དང་བདུད་བྷེ་རིག་དགའ་སོགས་སྔ་རབ་པ་ཡིན་པ་ཁས་རྒྱུ་བྱོས། དེ་ཙམ་རེད། དེ་བས་ལ་རྒྱའི་གླུ་བ་ཕུལ་བྱུང་སོགས་གླེང་རིན་ཡོད་ཡ།
དེ་མ་གཏོགས་པས་་་་ང་ཁྱོད་ལ་དགའ་ཁྱོད་སྙིང་རྗེ་མོ་འདུག་ལ་སོགས་པ་ལེན་བཞིན་གླུ་བ་ཡིན་རློམ་མཁན་གྱི་གཞེས་ཆགས་ཁག་གི་གླུ་བ་ཚོར་ཉན་ན་མི་འདོད་གི། གཏད་ནས་ཉན་ན་མི་འདོད་གི ་
གླུ་བ་གླུ་མ་ཟེར་བ།།
སྙན་པའི་ངལ་གསོ་རྟེན་ས།།
སེམས་དང་སེམས་པ་མཐུན་ན།།
དཀའ་དྲིན་ཆེའོ་ཞུས་ཆོག།
གླུ་བ་བདུད་བྷེ་ལགས་དང་ནམ་མཁའ་རིག་དགའ་སོགས་ཀྱིས་མགོ་བརྩམས་ཤིང་གླུ་བ་ཤེར་བསྟན་ལགས་དང་བཀྲ་ཤིས་དོན་གྲུབ་སོགས་ཀྱིས་མཇུག་སྐྱོང་ནས་དཔའ་བོའི་གླུ་སྐད་ཀྱིས་བོད་ཀྱི་གནམ་ས་བཀང་ཡོད། གཞིས་ལུས་མི་དམངས་ཀྱི་རེ་སྨོན་གྱི་ཚབ་མཚོན་ཐུབ་པའི་་ཁོང་ཅག་གི་གླུ་སྒྲ་དེས་རྒྱུན་ཆད་མེད་པར་བོད་མིའི་སེམས་ལ་གཡོ་འགུལ་ཐེབས་ཀྱིན་ཡོད། ཁོང་ཚོ་ནི་དུས་རབས་གསར་བའི་བོད་ཀྱི་དྲིལ་བསྒྲགས་རུ་ཁག་སྟོབས་ལྡན་ཞིག་ཀྱང་ཅི་ལ་མིན།
བདག་གིས་ནི་དེ་སྔ་ཞིག་ནས་རྩམ་པ་དུས་དེབ་ཐོག་ལ་རྒྱལ་གཅེས་དཔའ་བོ་འདི་རིགས་ཀྱི་གླུ་གཞས་ཁག་ཅིག་རིམ་འགོད་བྱས་ཡོད། དེང་གི་གཞས་ཚིག་གི་ནང་དོན་ནི་སྣ་ཇེ་མང་དང་དོན་ཇེ་ཟབ་ཏུ་འགྱུར་བཞིན་ཡོད། འདིའི་ཐད་ལ་ཆེད་དུ་ཞིབ་འཇུག་གནང་མཁན་ཡང་ཡོང་གིན་ཡོད། འོན་ཀྱང་བོད་ཀྱི་ས་ཁུལ་མི་ཉུང་བ་ཞིག་ལ་གླུ་བ་འདི་རིགས་ད་དུང་འཁྲུངས་མྱོང་མེད། ཕལ་ཆེར་ད་དུང་དུས་ཡུན་རིང་ཙམ་ལ་་་་་
གྲོགས་ཕུན་ཚོགས་ལགས། ཉིད་ཀྱིས་བོད་ཀྱི་སྤྱི་ཚོགས་གནས་བབ་ལ་ཕན་ཐོགས་པའི་རྩོམ་ཡིག་སྤེལ་དང་སྤེལ་བཞིན་པ་ལགས་ན་ཡི་རིང་སེམས་གཏིང་ནས་ཞུ། ད་སྐབས་ཀྱང་སུས་ཀྱང་འབྲི་མ་མྱོང་བའི་བོད་གཞིས་བཞུགས་ཀྱི་གླུ་བ་གླུ་མ་དག་གི་མཛད་རྗེས་དང་དཔའ་སྙིང་དོད་པ་དེ་བྲིས་འདུག་པ་ནི་དོན་ལ་རན་པ་ཞིག་དང་གནད་ལ་ཕོག་པ་ཞིག་རེད་འདོད་ཡོད། ལྷག་པར་གཞིས་གཞུགས་མང་ཚོགས་ཀྱི་སེམས་ཀྱི་ཚོར་འདུ་ཟབ་ས་ནས་གྱེར་མཁན་ཞིག་འཚོལ་དགོས་ཚེ། ད་དུང་རྡུང་ལེན་སྒྱུ་རྩལ་ལ་ཡིད་ཕྱོགས་པའི་གླུ་བ་གླུ་མ་དག་ཡིན་པས་འདི་དག་ལ་ངེས་པར་དུ་འབུར་དུ་ཐོན་པའི་རྩོམ་ཡིག་ཞིག་ཀྱང་འབྲི་ཐུབ་ན་དགེ་མཚན་འདུག་སྙམ། དེ་དང་ཞོར་དུ་བཙན་བྱོལ་གླུ་བ་གླུ་མ་དག་གིས་ད་ལོ་ལྟ་བུའི་མེ་སྲེག་དོན་རྐྱེན་བྱུང་བའི་སྐབས་སུ་འདི་དག་གིས་དགུན་གཞུང་གི་བྱ་ཁུ་བྱུག་གི་རྟུལ་བཞུགས་བཟུང་བ་ལའང་དགག་རྩོམ་ཚ་ཐག་ཆོད་ཅིག་འབྲི་དགོས་པར་སྙམ། འདི་དག་ཚང་མ་བསམ་ཚུལ་ཙམ་ཡིན་གཞན་དམིགས་བསལ་གང་ཡང་མེད། ཐུགས་རྗེ་ཆེ། ཁྱེད་ཀྱི་རྩོམ་ཡིག་དེ་བདག་ལ་འབྱོར་སོང། བཀའ་དྲིན་ཆེ།
བོད་ཀྱི་
གླུ་པ་གླུ་མའི་མཆོད་སྤྲིན་རྒྱ་མཚོ་ནི།
དགའ་བའི་མཚར་གླུ་སྡུག་་པའི་གསོ་གླུ་སོགས། །
རོལ་གཞས་འདི་ནི་འཛམ་གླིང་སྤྱི་སྐད་བསྒྲགས། །
གོང་མར་བསྟོད་དང་མི་རིགས་ལ་རྒྱ་སོགས། །
དབྱངས་རྟའི་གདངས་གྱེར་མཆོད་སྤྲིན་རྒྱ་མཚོ་ལགས། །
བོད་ཀྱི་
གཞས་པ་གཞས་མའི་གླུ་ཡིས་བློ་སྒུགས་ཤོག །
བོད་མི་རིགས་འདི་ནི་གླུ་གར་གྱི་རྒྱ་མཚོ་ཡིན་ཟེར་པ་བཞིན་གནའ་ནས་ད་བར་གླུ་གར་ལ་དུངས་བའི་མི་རིགས་ཤིག་ཡིན། མ་ཟད་དེང་དུས་ཀྱི་གླུ་པ་གླུ་མ་དེ་ཚོ་ནི་སྤྱི་ཚོགས་ཀྱི་སློབ་གསོ་མཁན་དང་ལམ་བསྟོན་གནང་མཁན་ཡིན་ཟེར་ན་མི་ཆོག་པ་མེད་པ་འདྲ། མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ལ་དུངས་བའི་སེམས་ཁམས་ཡོད་མཁན་རྣམས་ཡིན་པས་དགའ་འོས་པ་ཞིག་མ་ཡིན་ནམ།