སྙན་བཟང་གཡུང་དྲུང་ཚེ་རིང་།
བཙན་བྱོལ་དུ་འཁྲུངས་པའི་ལམ་དབུ་མ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་ཤིག་ཡིན་ཞེས་ང་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད་བཞིན་ཡོད། མི་ལོ་སུམ་བཅུ་ལྷག་ལ་སྲིད་ཇུས་འདི་ཉིད་གླེང་སྟོབས་ཀྱིས་ད་ནི་ང་ཚོའི་འགྲམ་པའི་འཕྲུལ་འཁོར་ཟད་ལ་ཉེ། དོན་དངོས་སུ་འདས་པའི་ལོ་རྒྱུས་ནང་དུ་ང་ཚོས་གླེང་བཞིན་པའི་སྲིད་ཇུས་འདི་ལ་བརྟེན་ནས་བོད་དོན་ལ་གྲུབ་འབྲས་ག་རེ་བྱུང་ཡོད་དམ། བོད་རྒྱ་གཉིས་ཀྱི་བར་ལ་གྲོས་མོལ་གསལ་ལ་མ་གསལ་བ་ཞིག་དང་། མགོ་ཚོས་ལ་མ་ཚོས་པ་ཞིག་བྱུང་ཡོད་པ་དེ་དག་སྲིད་ཇུས་འདིའི་གྲུབ་འབྲས་སུ་རློམ་རྒྱུ་ཡིན་ནམ། གྲུབ་འབྲས་འདིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཕར་ཞོག ཐ་ན་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གཅིག་ཀྱང་ཀློད་ཐུབ་མེད། མ་འོངས་པ་ནའང་སྲིད་ཇུས་འདི་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་སེལ་ཐུབ་རྒྱུ་མིན་པ་འདྲ། ཉེ་ཆར་‘‘དམིགས་བསལ་སྐུ་ཚབ་ཀྱི་བརྡ་ཁྱབ་’’ཅེས་པའི་རྩོམ་ཡིག་ནང་དུ་‘‘ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཧ་ཅང་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་བལྟས་ན་གྲོས་མོལ་ཡོང་ཐབས་འབད་རྩོལ་བྱ་རྒྱུ་ཡང་ཕན་ཐོགས་མེད་པ་ལྟ་བུ་རེད་’’ཅེས་གསུངས་ཡོད། ཚིག་དུམ་འདི་ནི་༸རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱིས་གསུངས་ཤིང་། ཡུན་རིང་པོར་བོད་རྒྱ་གྲོས་མོལ་གནང་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གསུངས་པ་ཞིག་རེད།
༡༩༧༩ ལོར་ཏིན་ཞའོ་ཕིན་གྱིས་གློ་བུར་དུ་‘‘རང་བཙན་མིན་པའི་སྐད་ཆ་ག་རེ་ཡོད་ན་བཤད་ཆོག་’’ཅེས་རྔ་ཞིག་བརྡུངས་མ་ཐག ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། བོད་གཞིས་ལུས་མི་མང་གི་གནས་སྟངས་ནི་ཆེས་ཛ་དྲག་ཏུ་དགོངས་ནས་འཆམ་ཞིག་འཁྲབ་ཁུལ་གྱིས་སྲིད་ཇུས་འདི་བཏོན་པ་མ་གཏོགས། ཨ་རི་དང་ཡུ་རོབ་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་ང་ཚོའི་འཐབ་རྩོད་ལ་གནོན་ཤུགས་སྤྲད་པ་ཞིག་དང་། རྒྱ་གར་གཞུང་གིས་ཀྱང་བོད་རང་བཙན་ལ་བསྙད་དེ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་མ་རེད་སྙམ། ཡིན་ནའང་། སྐབས་དེར་༸རྒྱལ་བ་རིན་པོ་ཆེས་གསུངས་པའི་‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་པའི་གསུང་དུམ་འདི་ནི་གནད་འགག་ཅན་ཞིག་ཏུ་མཐོང་ཞིང་། གསུང་དུམ་འདིའི་ནུས་སྟོབས་ཀྱིས་ཡུན་རིང་པོར་བོད་རང་བཙན་གྱི་དྲོད་རླབས་ཡལ་བཅུག་མེད། ཕྱིས་སུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་ས་གནས་མི་རིགས་ཁག་གི་རང་སྐྱོང་བཅའ་ཁྲིམས་གླེང་བ་དེས། གོང་གི་གསུང་དུམ་འདི་ལ་དོ་ཕོག་དང་། ནུས་པ་ཇེ་ཞན་དུ་བཏང་ཡོད།
༡༩༨༧ ལོར་༸རྒྱལ་བ་རིན་པོ་ཆེས་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང་། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་ཞི་བའི་གྲོས་འཆར་དོན་ཚན་ལྔའི་དགོངས་དོན་དང་། ལྷག་པར་ནང་གསེས་དོན་ཚན་ལྔ་པའི་སྐོར་ལ་འགྲེལ་བཤད་ཞིབ་གསལ་གནང་ཡོད། ཡིན་ནའང་། སྐད་གྲགས་ཅན་གྱི་ལམ་དབུ་མའི་འགྲེལ་བཤད་འདི་གཉིས་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་སྲིད་དོན་པ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་རྡོ་ཁབ་ལེན་གྱིས་ལྕགས་དྲངས་པ་བཞིན་བྱུང་བ་ཞིག་མིན་པ་འདྲ། དོན་དངོས་སུ་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐད་སེམས་ཁུར་གནང་བར་རིགས་གཉིས་འདུག རིགས་གཅིག་གིས་༸རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྩི་མཐོང་གིས་བོད་རྒྱབ་ཏུ་ལངས་པ་དང་། རིགས་གཞན་པ་དེས་བོད་ཀྱི་ཛ་དྲག་གི་གནས་བབ་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་བོད་པར་གཞོགས་འདེགས་ཀྱི་ལག་པ་སྲིང་བཞིན་ཡོད།
ལམ་དབུ་མའི་རྒྱབ་ཀྱི་རང་སྲིད་རང་སྐྱོང་ལ་འདོད་པའི་རྣམ་འགྱུར་སྟོན་མཁན་ཞིག་ཡོད་པ་ནི། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོ་རེད། དམངས་གཙོ་དོན་གཉེར་བ་འདི་ཚོས་ཕྱོགས་གཅིག་ནས་རྒྱ་ནག་པ་དུང་ཕྱུར་གཉིས་ལྷག་གི་འགྲོ་བ་མིའི་ཐོབ་ཐང་རྩ་འཕྲོག་བཏང་བར་ངོ་རྒོལ་བྱེད་པ་དང་ཆབས་ཅིག ཕྱོགས་གཞན་པ་ཞིག་ནས་བོད་མིའི་རང་དབང་གི་ཐོབ་ཐང་སྟེ་བོད་རང་བཙན་གླེང་གི་མེད། རྒྱ་ནག་དམངས་གཙོ་དོན་གཉེར་ཅན་དུ་གྲགས་པའི་ཤེས་ཡོན་པ་ཚོའི་ནང་དུ། ཚའོ་ཁྲང་ཆིང་དང་ཞའོ་ཧུའེ་གཉིས་ཀྱིས་བྲིས་པའི་‘‘བོད་དེ་ནམ་ཞར་ཡང་རྒྱ་ནག་གི་མངའ་ཁོངས་ཆ་ཤས་མིན་’’ཞེས་པའི་རྩོམ་ཡིག་དང་། ལྦེ་ཅིན་ཧྲིན་གྱིས་བརྩམས་པའི་‘‘བཙོན་ཁང་ནས་བོད་ཀྱི་གནད་དོན་སྐོར་ཏིན་ཞའོ་ཕིན་ལ་བཏང་བ་ཡི་གེ་’’ཞེས་པ་ལྟ་བུའི་རྩོམ་ཡིག་རྣོན་པོ་འབྲི་ཐུབ་མཁན་རེ་ཟུང་ཞིག་ལས་བྱུང་མེད། འདི་ལ་བསམས་སྐབས། ནུབ་ཕྱོགས་ཀྱི་རྒྱ་ནག་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཕལ་མོ་ཆེས་དགོས་མཁོ་ཞིག་གི་ཆེད་དུ་ལམ་དབུ་མར་རྒྱབ་སྐྱོར་གནང་གི་ཡོད་པ་ལས་བོད་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད།
དེས་ན། ད་བར་དུ་ང་ཚོས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མར་བརྟེན་དགོས་བྱུང་བ་
དང་། སྲིད་ཇུས་འདི་ལའང་འཕོ་འགྱུར་གྱི་བསེར་བུ་ཙམ་ཡང་མ་ཤོར་བའི་གནད་འགག་དེ་མཐར་གཏུགས་ན་འཚེ་བ་མེད་པའི་ལྟ་གྲུབ་དང་དད་པ་དག་སྣང་གཉིས་ལ་ཐུག་འདུག ༸རྒྱལ་བ་རིན་པོ་ཆེས་‘‘ངས་བདམས་པའི་ལམ་དབུ་མའི་སྲིད་ཇུས་ལ་འགྱུར་བ་མེད་’’ཅེས་གསུངས་བཞིན་དུ་མང་མོས་འོས་བསྡུའི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང་། བཙན་བྱོལ་གྱི་བོད་མི་ཚོས་ཀྱང་རང་གི་རྩ་བའི་བླ་མའི་ཞལ་རས་སྒོམ་བཞིན་ལམ་དབུ་མར་འོས་ཤོག་བླུགས་ཡོད། ང་ཚོས་མཁྱེན་དགོས་པ་ཞིག་ལ། ༸རྒྱལ་བ་རིན་པོ་ཆེ་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་རྣམ་སྤྲུལ་རེད། བོད་ཁ་བ་ཅན་དུ་ཤ་གཟུགས་ཀྱིས་བྱོན་པ་རེད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་བོད་ལ་བསྲེགས་ཏེ་སྐུ་གཤེགས་ཁར་༸རྒྱལ་བ་རིན་པོ་ཆེས་དཔའ་བོ་དམ་པ་ཁོང་ལ་‘‘དགྲ་བོའི་ཕྱོགས་ལ་ཁོང་ཁྲོ་མ་གནང་’’ཞེས་གསུངས་ཡོད། ཚིག་འདི་འདྲ་འཛམ་གླིང་གི་སྲིད་དོན་པ་སུ་ཞིག་གིས་གསུང་ཐུབ་བམ། ཡིན་ནའང་། ང་ཚོ་ཀླུ་སྒྲུབ་ཡབ་སྲས་གཙོས་པའི་དགྲ་བཅོམ་པ་དེ་དག་གི་རྣམ་སྤྲུལ་མ་རེད།
ལར་ནས་ལམ་དབུ་མའི་ཐབས་ལམ་ལ་བརྟེན་ནས་རང་སྲིད་རང་སྐྱོང་གླེང་བ་ནི་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་སྐོར་ནས་ཤོད་ཅིང་། བོད་འདི་ཉམ་ཆུང་ནུས་མེད་ཟུངས་ཟད་དུ་གྱུར་སྟབས་རྒྱ་ནག་གི་དཔལ་འབྱོར་གྱི་རོགས་སྐྱོར་མེད་ཚེ་འཚོ་ཐབས་མེད་པའི་བསམ་བློ་གཏོང་གི་ཡོད། འདི་ལ་སེམས་དཔའ་ཆེན་པོ་གན་ངྷིས་‘‘ཁྱེད་རང་ལ་སྟག་གི་གཤིས་ཀའམ་སྟག་གི་རང་བཞིན་དེ་དགོས་ཀྱང་སྟག་མི་དགོས་པ་རེད’’ཅེས་གསུངས་ཡོད། ཡང་། བོད་མི་མང་པོ་ཞིག་གིས་རྒྱ་ནག་གིས་ང་ཚོར་རང་སྐྱོང་སྤྲད་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་སྙམ་བཞིན་ཡོད། མ་གཞི་ནས་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་མིན་མི་ཤེས་མོད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་གི་ནང་ནས་ང་ཚོར་དམིགས་བསལ་གྱི་ཐོབ་ཐང་ཞིག་སྤྲོད་ཐུབ་བམ། ཐོབ་ཐང་འདི་མེད་ཚེ་ང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩ་ཆེན་པོ་དེ་ཡང་མེད་པ་ལྟ་བུར་མཐོང་། ཕྱོགས་གཞན་ཞིག་ནས་བཤད་ན། བོད་རྒྱ་གཉིས་སྤྱི་ཚོགས་གཅིག་གི་དཀྱིལ་འཁོར་དུ་བསྡད་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་ང་ལ་མཚོན་ན་དོགས་པ་རེད་ལ། བོད་ཀྱི་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོ་གསོད་མཁན་གྱི་མི་རིགས་ཤིག་དང་མཉམ་དུ་གནས་འདོད་ཀྱི་བློ་ལྡང་བ་ནི་ཡ་མཚན་ཅན་དུ་མཐོང་།
ད་ནི་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ན་སྙིང་དམར་པོ་ཐང་ལ་ལྷུང་གྲབས་བྱེད། རྒྱ་གཞུང་གིས་བོད་དུ་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུག ལྷག་པར་དུ་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱས་ཏེ་བོད་ཀྱི་མི་རབས་གསར་པ་ཚོའི་བོད་ལྕེ་རྒྱ་ལྕེ་གཙང་མར་འགྱུར་བར་བྱེད་ཅིང་། བོད་ཀྱི་འབྲོག་སྡེ་མང་པོ་ཞིག་གྲོང་ཁྱེར་ཅན་དུ་བསྒྱུར་ཏེ་སྲོལ་རྒྱུན་རྩ་གཏོར་བྱེད་མགོ་ཚུགས་ཡོད། བོད་གཞིས་ལུས་མི་མང་གིས་ཀྱང་རྒྱ་ནག་གིས་དྲངས་པའི་གདུག་རྩུབ་སེམས་ཀྱིས་མ་ཐེག་པར་ཞི་རྒོལ་དང་། ཐ་ན་རང་གི་གཅེས་ཤིང་ཕངས་པའི་ལུས་པོ་འདི་ཡང་མེ་ལ་སྒྲོན་བཞིན་ཡོད། ང་ཚོར་བོད་གཞིས་ལུས་མི་མང་གི་སྡུག་བསྔལ་གང་མྱུར་གྱིས་སྐྱོབ་པའི་སྒྱུ་འཕྲུལ་ལྟ་བུའི་ནུས་པ་མེད་ཀྱང་། གཞིས་ལུས་མི་མང་གི་མངོན་འདོད་སྣང་མེད་རྒྱ་ཡན་དུ་མ་བསྐྱུར་བར་དེ་ལ་བརྩི་མཐོང་གིས་སྲིད་ཇུས་ཤིག་སྤེལ་ན་ཅི་ལ་མི་ཆོག་དྲན་བྱུང་།
ང་ཚོར་དབུ་འཁྲིད་ཅིག་དགོས་པ་རེད། དབུ་འཁྲིད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་ལས་གཞན་ངས་བཙལ་ཀྱང་རྙེད་མ་བྱུང་། ཁོང་གིས་བོད་མི་རིགས་ཀྱི་མངོན་འདོད་ལ་དཔག་པའི་སྲིད་ཇུས་ཤིག་སྤེལ་ཐུབ་ཚེ། དེ་ནི་༸རྒྱལ་བ་རིན་པོ་ཆེར་གུས་མི་གུས་དང་། རྒྱ་ནག་ལ་ཁོང་ཁྲོ་སློང་མི་སློང་གི་སྐད་ཆ་མ་རེད། ང་ཚོས་ཐོབ་ཐང་ཞིག་གླེང་གི་ཡོད་པ་རེད། མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་གི་རྩ་དོན་འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་གཉིས་ནང་། ‘‘མི་རིགས་སོ་སོའི་མི་དམངས་ཚང་མར་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་’’ཅེས་དང་། ‘‘སྤྱི་ཆིངས་འདི་འཇོག་མཁན་གྱི་རྒྱལ་ཁབ་ཚང་མས། རང་ཐག་རང་གཅོད་ཀྱི་དབང་ཆ་འདི་མངོན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་’’ཞེས་གསུངས་ཡོད།
ཉིན་ཁ་ཤས་ཀྱི་གོང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བློན་གྱིས་‘‘མ་འོངས་པར་རྒྱ་གར་ནང་གི་བོད་པའི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། དེ་གསལ་པོ་བཟོས་ཟིན་པ་ཡིན། དེ་སྔ་དང་ད་བར་ནང་བཞིན་མུ་མཐུད་ནས་གནས་ཀྱི་རེད’’ཅེས་གསུངས་ཡོད། དེ་བདེན་ན་‘‘བཙན་བྱོལ་བོད་གཞུང་’’འདི་ཡང་ཕྱིར་རྩིས་ལེན་གྱིས་བོད་ཀྱི་རང་བཙན་ལེན་ཐབས་ལ་འཆར་ཟིན་གྱི་རི་མོ་ཡག་པོ་ཞིག་འཐེན་དགོས་ཤིང་། མ་འོངས་བོད་ཀྱི་དཔལ་འབྱོར་འཚོལ་སྒྲུབ་དང་། ལས་འགུལ་སྤེལ་ཕྱོགས། རྒྱབ་སྐྱོར་འཚོལ་སྟངས་བཅས་ཀྱི་ཐད་ལ་བགྲོ་གླེང་ཆེན་མོ་རེ་འཚོགས་ཏེ་གྲོས་བསྡུར་ཞིབ་ལྷུག་གནང་དགོས་ཤིང་། ལྷག་པར་དུ་གཞིས་བྱེས་གཉིས་ཀྱི་སེམས་དང་སེམས་ཀྱི་བར་ཐག་སྲིད་ཕྱོགས་ནས་དམ་པོར་བཟོ་དགོས་པ་ནི་དུས་ལ་བབ་ཡོད་པར་སེམས།
ང་ཚོས་དམངས་གཙོ་ཞེས་ག་ཚོད་བཤད་ཀྱང་། བོད་མི་རིགས་ཀྱི་མངོན་འདོད་དང་མཐུན་པའི་སྲིད་ཇུས་ཤིག་སྤེལ་མ་ཐུབ་ཚེ། ང་ཚོའི་དམངས་གཙོ་ཞེས་པ་ནི་དམངས་གཙོ་ཆ་ཚང་བ་ཞིག་མིན། དེ་ལ་ནུས་སྟོབས་ཀྱང་མེད། བོད་ཀྱི་བཙན་པོ་དག་གིས་གཙོས་པའི་དཔའ་རྟུལ་ཁྲི་ཕྲག་གི་ཀྭི་སྒྲས་བཞེངས་པའི་བོད་རྒྱལ་ཁབ་འདི་སླར་ཡང་རང་བཙན་ཅན་དུ་གནས་མི་གནས་ཀྱི་འགན་བབ་འདི་དུས་རབས་ཉེར་གཅིག་པའི་བོད་མི་མང་ལ་ཡོད། དེ་བཞིན་དུ་ང་ཚོས་རྒྱ་ནག་གི་སྲིད་ཇུས་འདི་ཡང་རྟག་བརྟན་ཐེར་ཟུག་ཅིག་མིན་པ་མཁྱེན་དགོས་པར་མ་ཟད། བོད་རང་བཙན་མ་ཐོབ་ན་ང་ཚོ་ནམ་ཡང་རྒྱ་ནག་མི་རིགས་གཙོས་པའི་མི་རིགས་གཞན་གྱི་བྲག་གཡོག་ཡིན་པ་མ་བརྗེད་རོགས་ཞེས་བརྗོད་འདོད་དོ།
གང་ཟག་ཐེབས་ཆག་རེ་ཟུང་གིས་ལྷག་བསམ་ཡོད་མདོག་གིས་རལ་གྲི་གནམ་གཡུག་བྱས་པར་གསལ་བཤད་ཙམ་གྱི་ཆེད་དུ་མཆན་བུ་འགའ་བྲིས་པ་ཡིན། གང་བྲིས་པ་དེ་དག་ལ་འགྱོད་པ་ཅི་ཡང་མེད། མ་འོངས་པ་ནའང་དེ་དེ་བཞིན་དུ་ཡིན། མཆན་དེ་དག་ཀྱང་བྲེལ་འཚུབ་ཀྱིས་བྲིས་ཏེ་གཏོང་རྐྱང་བྱས་པ་ཡིན་སྟབས། གཏགས་ནོར་དང་། ཆད་ལྷག ཡིག་ནོར་རེ་ཟུང་ཤོར་འདུག་པས། ད་རྟ་ཤོར་ན་འཛིན་ཐབས་ཡོད། ཚིག་ཤོར་ན་འཛིན་ཐབས་མེད་པའི་སྐད་ཆ་རེད།
དོན་དག་གཞན་ཞིག་ཞུ་འདོད་པ་ནི། བོད་ཀྱི་དུས་བབ་ཚང་གིས་དྲང་བདེན་དང་ལྷག་བསམ་ཆེན་པོས་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཅིག་གནང་བ་དང་། མཆན་གྲོགས་གཞན་དག་གིས་ཀྱང་རྩོམ་འདི་ལ་དགོངས་ཚུལ་སྤེལ་བྱུང་བས། སོ་སོའི་ལྟ་བ་མཐུན་མིན་གྱི་གནད་འགག་རིང་དུ་དོར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
ཚེ་རིང་བཀྲ་ཤིས་ལགས་ཀྱང་ད་ཐེངས་འབེན་གྱི་ཕྱོགས་ལ་ཁ་འཁོར་ཡོང་བ་དགའ་བོ་བྱུང།
དང་ཐོག་དབུ་མའི་ལམ་ལ་མི་འདོད་པའི་རྣམ་འགྱུར་རབས་དང་རིམ་པ་སུ་དག་གིས་ཚུལ་ཇི་ལྟར་བསྟན་ཚུལ་དེ་ཁྱེད་ཀྱིས་ཤེས་ལོས་ཡོད།
དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་གསལ་བོ་མེད་པ་ཧ་ཅང་མང་བ་ང་རང་དངོས་སུ་ཕྱོགས་སྐྱོད་བྱས་པའི་སྐབས་དག་ལ་ཧ་གོ་སོང། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ཐོག་མར་གསར་འཛུགས་གནང་མཁན་ཁོང་ཅག་ངོ་མ་ལྷག་བསམ་ལ་རྨ་མེད་པ་ཤ་སྟག་ཡིན་པར་ང་རང་ངོས་ནས་ངོས་འཛིན་གྱིན་ཡོད། དེ་རྗེས་དེའི་ཚོགས་མིའི་ནང་ལ་འདྲ་མི་འདྲ་རེ་ཐོན་ཡོད་ན་ཐང། དེ་ཙམ་ཞིག་ཚོགས་པ་ཚང་མའི་ནང་ལ་ཡོད་ཡོད་པ་ཞིག་རེད། དབུ་མའི་ལམ་མི་མང་ལས་འགུལ་ཁང་འཛུགས་སྐབས་༸གོང་ས་མཆོག་གིས་བསྔགས་བརྗོད་དང་ལམ་སྟོན་གྱི་ཕྱག་ཡིག་གནང་ཡོད། སྐབས་དེའི་བཀའ་ཁྲི་རིན་པོ་ཆེས་དམིགས་བསལ་གཟིགས་སྐྱོང་རྒྱབ་སྐྱོར་གནང་ཡོད། ཕྱོགས་སྐྱོད་སྐབས་སུ་གཞིས་ཆགས་ཕལ་མོ་ཆེའི་མི་དམངས་ཀྱིས་དགའ་བསུ་དང་རྒྱབ་སྐྱོར་གནང་ཡོད།
ལས་ཁུངས་ནང་ན་ད་བར་དུ་ཕོགས་འདྲ་བོ་བླངས་ནས་ལས་ཀ་བྱེད་མཁན་དབུ་མའི་ལམ་གྱི་འགོ་ཁྲིད་ཚོའི་ནང་ན་གཅིག་ཀྱང་མེད། ཡང་གཅིག་བཤད་ན་ཁོང་ཚོ་མང་ཆེ་བ་ཚོང་ལས་གཉེར་མཁན་ཕྱུག་པོའི་གྲས་ཀྱང་རེད། དེ་བས་ལས་ཁུངས་དེ་འདྲ་ཞིག་ལ་མ་བསྟེན་པར་རང་ཁ་མི་སོས་མཁན་ཞིག་གཏན་ནས་མ་རེད། ལས་ཁུངས་ནང་ལ་རྒྱུན་ལས་རྩོམ་སྒྲིག་པ་རེ་བཙལ་ཡང་ད་བར་གཏན་འཇགས་པ་རག་མེད། དེ་ཚོ་ཁྱེད་ཀྱི་ལོག་མཐོང་དག་ལ་གསལ་བཤད་ཙམ་ཡིན།
ཁྱེད་འདྲི་རྒྱུའི་གནད་དོན་གཙོ་བོ་ཞིག་ནི། དབུ་མའི་ལམ་གྱི་ལས་ཁུངས་སམ་ཡང་ན་མི་བྱེ་བྲག་པ་སུ་དང་སུས་༸གོང་ས་མཆོག་དང་གཞུང་གི་སྲིད་བྱུས་ཀྱི་དབུ་མའི་ལམ་དང་མི་འདྲ་བའི་ལོག་འགྲེལ་བརྒྱབ་སོང། གང་ནས་་་ནམ་ཞིག་ལ་་་སྐད་ཆ་གང་དག་་དེ་ཚོ་གསལ་བཤད་གནང་རྒྱུ་མེད་ན་སྐད་ཆ་དེ་དག་ཐལ་ཆ་ཅན་ཡིན་པས་ཕྱིར་བསྡུ་གནང་རོགས་ཞུ་རྒྱུ་ཙམ་ཡིན།
འདི་དག་གླེང་དགོས་དོན་ང་ཚོའི་བར་གྱི་མ་ཤེས་པ་དང་ལོག་ཤེས་ཀྱི་བསམ་ཚུལ་རིགས་སེལ་ནས་འགལ་བ་ཇེ་ཆུང་དུ་བཏང་ནས་ནུས་པ་ཆིག་སྒྲིལ་ཡོང་སླད་ཡིན།
རང་བཙན་དང་དབུ་མའི་ལམ་གང་ཡིན་ནའང་མི་རིགས་ཤིག་གི་ཁེ་ཕན་འཐབ་རྩོད་ཀྱི་ལམ་ཁ་གལ་ཆེན་གཉིས་ཡིན། འདི་གཉིས་གང་ལའང་མང་ཚོགས་སྤྱི་ཡོངས་ཀྱིས་གུས་ཞབས་དང་རྒྱབ་སྐྱོར་གནང་དགོས་པ་དངོས་བདེན་རེད། ཡིན་ནའང་། རྒྱབ་སྐྱོར་བྱ་སྟངས་སྣ་ཚོགས་དགོས་རྒྱུ་རེད། འདི་ལ་དྲང་ལྡོག་གཉིས་ཀྱི་སྒོ་ནས་རམ་འདེགས་བྱ་སྟངས་ཡོད་ཀྱི་རེད། མི་རིགས་ཀྱི་ཁེ་ཕན་འཐབ་རྩོད་བྱ་ཐབས་ཀྱི་ལམ་ཁ་འདི་གཉིས་ཀྱི་སྐོར་ལ་སྐད་ཆ་བཤད་མཁན་སུ་ཡོད་པ་དག་ཕལ་ཆེར་མི་རིགས་འདིར་སེམས་ཁུར་ཆེ་བའི་མི་ཤ་སྟག་ཡིན་རྒྱུ་རེད། དེ་ཡིན་ན་བསམ་ཚུལ་དང་རིག་ལམ་སྣ་ཚོགས་ཀྱི་སྒོ་ནས་བརྡར་ཤ་གཅད་དེ་ཡང་ལམ་ཁ་འདི་འཐུས་ཇེ་ཚང་དང་གཞི་ཇེ་བརྟན་དུ་གཏོང་བའི་ཐབས་ལམ་བསྟེན་དགོས་རྒྱུ་རེད། ཡང་ལ་ཤས་ཀྱིས་མི་རིགས་གཅིག་གི་འཐབ་རྩོད་འདིར་སེམས་ཁྲལ་གནང་མ་ཤེས་པའམ་མ་ཤེས་ཁུལ་གྱིས་ཡིན་མིན་མི་ཤེས་ཏེ། ལྟ་གྲུབ་འདི་གཉིས་ཀྱི་བར་ལ་འགལ་ཟླ་བཟོ་ཅི་ཐུབ་བྱེད་པ་ནི་རྩ་ནས་འདོར་འོས་པའི་བསམ་བློའི་རིགས་ཤིག་རེད། ལྟ་གྲུབ་འདི་གཉིས་གང་ལ་དགའ་མོས་བྱ་བ་ནི་མི་སུ་ཡིན་པའི་ཐོབ་ཐང་ཡིན་མོད། དབུ་མ་བཤད་ན་ལྷ་ཡུལ་འཕུར་འགྲོ་བ་ཞིག་དང་། རང་བཙན་བརྗོད་དམྱལ་ལྷུང་འགྲོ་གཅིག་ཀྱང་མེད་པའང་ཤེས་དགོས། རིགས་གཅིག་གིས་རང་བཙན་འཐབ་རྩོད་པ་ཞིག་ཡིན་ན་ཐད་ཀར་བཙན་བྱོལ་སྲིད་གཞུང་གི་དགྲ་རུ་ངོས་འཛིན་གནང་བ་དེའང་ཧ་ཅང་ཧ་ཅང་གི་ཐལ་ཆེ་བའི་བྱ་སྤྱོད་ཅིག་རེད། དེའི་རིགས་བརྗོད་མཁན་ནི་སྐྱབས་མགོན་རིན་པོ་ཆེ་ཡི་དབུ་མའི་ལྟ་གྲུབ་མི་མང་ལ་འགྲེལ་བའི་དབུ་མའི་ལས་ཁུངས་གཙོ་བྱས་པའི་མ་སྣ་ཁ་ཤས་ཡིན། དབུ་མའི་ལྟ་གྲུབ་འདི་བོད་རིགས་ཡོད་དོ་ཅོག་གིས་མ་ཤེས་པ་ཞིག་དང་མ་རིག་པ་ཞིག་གཏན་ནས་མེད་པར་འདོད། འདི་མི་ལ་ཤས་ཀྱིས་ལྟོ་རྒྱབ་འཚོལ་བའི་ཆེད་དུ་ལས་ཁུངས་ག་གེ་མོའི་སྒོ་ཕྱེ་སྟེ་རང་གིས་རང་ཉིད་ལ་ལྟོ་གོས་འཚོལ་ཐབས་ཀྱི་ཁ་གཡར་ས་རང་ཡིན། ༧གོང་ས་མཆོག་གིས་གསུངས་པ་ལས་ལྷག་ཅིག་མི་འདི་དག་ལ་བཤད་རྒྱུ་མེད་ལ། ༧གོང་ས་མཆོག་གིས་བསྒྲགས་པ་ལས་ལྷག་ཅིག་མི་འདི་དག་གིས་སྒྲོག་མི་ཐུབ་པ་དེའོ། དབུ་མའི་ལས་ཁུངས་ཟེར་བ་ལྟ་བུ་བཙུགས་ཏེ་སྤྱི་ཚོགས་ནང་དབུ་མའི་སྐོར་ལ་འགྲེལ་ཤེས་མིན་གཉིས་ཀས་སྣ་ཚོགས་ཤིག་འགྲེལ་གྱིན་འདུག་ལ། ༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་སློབ་གསོ་ངན་པ་རེའང་སྤྲོད་ཀྱིན་པ་དེ་རེད། འདི་དག་གིས་མི་མང་སྐུལ་སློང་སྣ་ཚོགས་བརྒྱུད་ནས་རང་བཙན་དང་ལམ་དབུ་མ་ཞེས་ཕྱོགས་འཛིན་བྱ་རྒྱུའི་འགོ་ཚུགས་པ་རེད། ༧གོང་ས་མཆོག་སྐུ་སྒེར་ནས་རང་བཙན་འཐབ་རྩོད་པ་དག་ལའང་བཀའ་སློབ་གང་ཡང་གནང་མ་མྱོང་ལ། མང་ཚོགས་ལ་དེ་ག་རང་མི་རིགས་ཀྱི་བདེ་རྩའི་སླད་དུ་ཕྱོགས་གང་ནས་ཡིན་ནའང་ཐབས་ཤེས་འཚོལ་དགོས་པའི་བཀའ་སློབ་གནང་གིན་ཡོད། གོང་ཞུས་མི་རེ་ཟུང་གིས་སོ་སོའི་ལྟོ་རྒྱབ་ཀྱི་ཆེད༧གོང་ས་མཆོག་དང་མི་མང་བར་གྱི་ཕོ་ཉ་བྱས་ཏེ་སྐྱག་རྫུན་སྨྲ་བ་དང་རང་བཙན་འཐབ་རྩོད་པ་དག་ལ་དམོད་མོ་བྱས་སྟབས། མང་ཚོགས་ནང་ཁ་ཤས་ལ་རང་བཙན་ལྟ་བ་འཛིན་མཁན་དག་ལ་མི་དགའ་བའི་བག་ཆགས་བཞག་ཡོད་པ་དེ་ནི་མི་རིགས་ཤིག་གི་འཐབ་རྩོད་ལ་བར་ཆད་གྱོང་གུད་ཚབ་ཆེན་ཞིག་གྱུར་ཡོད་དོ།
ལྷ་མོ་སྐྱབས་ལགས།
ཁྱོད་ཀྱིས་རྒྱལ་བ་རིན་པོ་ཆེའི་ལྟ་གྲུབ་ལུང་འདྲེན་གྱིས་ང་ལ་ཅིག་ཤོད་ཀྱི་ཡོད་ན་ང་ལ་བཤད་རྒྱུ་ཅི་ཡང་མེད། ངས་ཀྱང་དོ་སྣང་བྱས་ཡོད། རྒྱལ་བ་རིན་པོ་ཆེ་ནི་ངའི་རྩ་བའི་བླ་མ་ཡིན། ངའི་དབུ་འཁྲིད་ཡིན། དེ་ཡིན་པར་བརྟེན་ནས་ངས་ཀྱང་མ་སྐུལ་དྭང་བླངས་ཀྱིས་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ལྷ་མོ་དོན་གྲུབ་ཅེས་པ་བྲིས་ཏེ་དཔར་བསྐྲུན་བྱས་ཡོད། ཐ་ན་རྒྱལ་བ་རིན་པོ་ཆེའི་ཉིན་གཅིག་གི་མཛད་པ་རྒྱ་མཚོའང་གལ་གནད་དུ་བཟུང་སྟེ་རྒྱལ་བ་རིན་པོ་ཆེའི་ཉིན་གཅིག་ཅེས་པའི་རྩོམ་ཡིག་བྲིས་ཡོད། འདི་ནི་ངའི་གཟི་བརྗིད་ཡིན། ཕོ་ཁྱོ་ག་ཡིན་པའི་རྟགས་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་ལྕོགས་ན་རང་བཙན་ཡང་རེག་སྲིད་པ་རེད། ང་ཚོས་མ་ལྕོགས་ནས་རང་སྐྱོང་ཡང་རེག་གི་མེད། རྒྱ་ནག་ལ་བློ་གཏོད་གནང་རྒྱུ་མེད། ཧོང་ཀོང་གི་འགོ་འཁྲིད་ཀྱིས་ཀྱང་སྡུག་ཐུག་ནས་དགོངས་པ་ཞུས་སོང་། མ་གཞི་ནས་ཧོང་ཀོང་དང་བོད་གཉིས་བསྡུར་ས་འགྲོ་གི་མ་རེད།
ལྷ་མོ་སྐྱབས་ལགས་་་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པ་ཞིག་བྲིས་ནས་དུས་བབ་ཚང་ལ་བསམ་ཚུལ་ནང་དུ་འགོད་རོགས་་ཞུས་ཀྱང་བཀོད་མ་སོང་།
གཟིགས་འདོད་འདྲ་བྱུང་ན་འདིར་ཡོད་་འབྲེལ་ཐག་་་http://www.shambalapost.com/blog/viewpost/8273
ལྡོག་ཕྱོགས་ཀྱི་གོ་བ་འདི་འདྲ་ཇི་ལྟར་བྱུང་བ་ཡིན་ནམ། འདི་ཡིད་བཞིན་ནོར་བུའི་སྐུ་སྒེར་གྱི་ཁེ་ཕན་གང་ཞིག་རེད།
རྒྱ་གཞུང་གིས་བོད་མི་རིགས་ཀྱི་བདག་དབང་ཁོང་ཚོར་ཡོད། ཁོང་ཚོ་བོད་མི་རིགས་ཀྱི་དབུ་ཁྲིད་དང་དྲིན་ཆེན་ཡིན་ཚུལ་བཤད་ན་ཡང། བོད་མི་དམངས་ཀྱི་སེམས་ནང་གི་འདི་ཕྱིའི་༸སྐྱབས་མགོན་དམ་པ་དང་བཀའ་དྲིན་བླ་ན་མེད་པ་དེ་སུ་ཡིན་འཛམ་གླིང་ཀུན་གསལ་རེད། མི་དམངས་བརྒྱ་ཆ་དགུ་བཅུས་བླ་རུ་བཀུར་མཁན་དེས་མི་དམངས་གང་དུ་འཁྲིད་རྒྱུར་ཡང་སྐུ་དབང་དང་འགན་ནུས་ཆ་ཚང་ཡོད་པ་རེད། འདི་ལ་རྟེན་འབྱུང་གི་བདེན་མཐུ་ཟེར།
དེ་ཡིན་ན་རྒྱ་ནག་གིས་ཤོད་བཞིན་པ་ལྟར་བོད་དོན་འདི་༸རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་གནད་དོན་ཞིག་རེད་འདུག་གཱ ལན་འདི་ཡིན།
སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས།
ང་ལ་ལྷག་བསམ་མེད། ནམ་རྒྱུན་སྐུད་པ་ཡར་སྒྲིལ་དང་བསམ་པ་ཡར་སེམས་འདྲ་རེ་འཛིན་ཁུལ་བྱས་པར་ཡང་རིན་ཐང་ཆུང་བ་ང་རང་གིས་ཤེས་ཡོད། ངས་ཅུང་ཙམ་ཤེས་པ་བོད་ཡིག་ཡིན་ལ་ངས་ཟ་མ་ཟ་སྤྱད་ཀྱང་འདི་ཡིན། ངའི་མི་ཚེ་ལ་འདིས་མ་ཆོག་པ་ཡང་ཅང་མི་འདུག ངས་ངའི་བོད་ཡིག་འདི་ཆེ་ས་མཐོ་ས་རེ་ལ་འགྲོ་ས་ཨེ་ཡོད་བསམས་མོད། འདི་ཡང་ཁྱེད་ཅག་གི་སྣང་ངོར་ནོར་འཁྲུལ་ལམ་ཤེས་རློམ་ཞིག་ཡིན་ན། ང་འདི་ནས་ཁ་རོག་ལ་འདུག་ད་ལོས་ཐུབ།
རྗེས་མ་ནས་ངའི་ལྟ་ཚུལ་དང་འབྲེལ་བའི་ཐད་ནས་གླེང་ན་མ་གཏོགས་ལན་འདེབས་བྱེད་རྩིས་མེད།
ཞང་ཀང་ལ་རྒྱལ་ཁབ་གཅིག་འོག་གི་ལམ་ལུགས་གཞན་གྱི་ཐོབ་ཐང་དེ་སྤྲད་ཡོད་པས་བོད་ལ་མ་མཐའ་ཡང་ད་ལྟའི་དབུ་མའི་ལམ་གྱི་ཐོབ་ཐང་དེ་ཡོད་པ་ཞིག་རེད། འདི་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་གིས་ཀྱང་ཁས་ལེན་གྱིན་ཡོད། ང་ཆོའི་འཐབ་རྩོད་ཀྱི་ནུས་པ་ཐོན་ན་རྩ་ཁྲིམས་ལ་རང་བཞིན་གྱིས་འགྱུར་བ་འགྲོ་ངེས་པ་ཞིག་རེད།
ང་ཚོས་གཙོ་བོ་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གི་མི་རིགས་ཀྱི་ཐོབ་ཐང་དེ་དག་ཇི་བཞིན་སྤྲོད་ཀྱིན་མི་འདུག་པས་དེ་སྤྲོད་དགོས་པའི་རེ་འདུན་ཞུ་གིན་ཡོད་པ་རེད། རེ་འདུན་འདི་སྤྲོད་མིན་གྱི་གནད་དོན་གཙོ་བོ་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ལ་ཐུག་ཡོད། གལ་ཏེ་སྤྲད་པ་ཡིན་ན་ཡང་བོད་རྒྱ་ཆེས་མི་དམངས་ཀྱིས་དེ་ཅམ་གྱིས་མི་ཆོག་པའི་དགོས་འདུན་བཏོན་ཚེ་ང་ཚོའི་གཞུང་གི་ངོས་ནས་ཀྱང་ཐག་གཅོད་མི་ཐུབ་པ་ཆགས་པ་རེད། བོད་རྒྱ་ཆེའི་མི་དམངས་ལ་ཡིད་བཞིན་ནོར་བུར་དད་པ་དང་ཡིད་ཆེས་གཙང་མ་ཡོད་པས་དེ་ལ་དགེ་མཚན་ཞིག་ཡོད་པའི་རེ་བ་བཅངས་ཏེ་ངོས་ལེན་བྱེད་རྒྱུར་ཚོད་དཔག་བྱེད་ཐུབ་པ་ཞིག་མ་རེད་དམ།
ལན་ཚང་མར་འདིས་འཐུས་སྙམ།
ལྷ་མོ་སྐྱབས་ལགས།
ངས་མུ་མཐུད་དུ་གླེང་། ང་ཚོས་རང་སྐྱོང་གི་རྩ་བའི་སྒྲོམ་གཞི་འདི་དག་རྒྱ་ནག་ལ་ཤོག་བུ་དཀར་པོའི་ངོས་ཡིག་ཆུང་ནག་པོས་བྲིས་ཡོང་སྟབས། གལ་སྲིད་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་འདོད་ཚེ་ཁོང་གིས་དོན་ཚན་འདི་དག་སྟངས་འཛིན་བྱ་རྒྱུ་རེད་མ་གཏོགས། བོད་ཀྱི་མཐའ་མའི་ཐག་གཅོད་བོད་གཞིས་ལུས་མི་མང་གིས་གནང་གི་རེད་ཅེས་པའི་གསུང་དུམ་འདི་ལ་བརྩི་བཀུར་བྱ་རྒྱུ་མ་རེད། ང་ཚོ་འགག་སོང་ངཱ་།
ཟམ་གདོང་རིན་པོ་ཆེས་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་མི་རིགས་ཁག་གི་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གླེང་ཡོད་ཀྱང་། ལོ་ཁ་ཤས་ཀྱི་གོང་དུ་རྒྱ་ནག་གིས་རེ་འདུན་དེ་རྩིས་མེད་དུ་བཏང་སྟབས། ཟམ་གདོང་གིས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དེ་ནུས་མེད་དུ་ཕྱིན་པ་ཡིན་ཞེས་གསུངས་ཡོད། ཁོང་ལ་སྲིད་ཇུས་གསར་པ་རེ་སྤེལ་ཆོག་ཆོག་ཅིག་ག་པ་ཡོད། རེ་འདུན་དེ་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐག་བཅད་ནས་བཏོན་པ་ཞིག་མ་རེད། ཐ་ན་བོད་གཞིས་ལུས་མི་མང་གི་རེ་འདུན་ཙམ་ཡང་མ་རེད།
ངས་ཚིག་རིས་ཇི་མ་ཇི་བཞིན་མི་དྲན་ཡང་། བོད་གཞུང་མང་ཛ་དྲག་ཚོགས་ཆེན་གྱི་གྲོས་ཆོད་ཅིག་གི་ནང་དུ། རྒྱ་ནག་གིས་བོད་རྒྱའི་དཀའ་རྙོག་ཐད་གྲོས་མོལ་འགོ་འཛུགས་མ་བྱས་པ་ཡིན་ན། བོད་གཞུང་གིས་སྲིད་ཇུས་ལངས་ཕྱོགས་རྩ་སྒྱུར་གྱིས་བོད་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་ཟེར་བ་ལྟ་བུ་ཞིག་ཡོད། འདི་ག་རེ་རེད། ང་ཚོས་ལོ་དང་ཟླ་ཚེས་དུས་བཀག་གི་གྲོས་ཆོད་ཅིག་མ་གནང་བའི་རྒྱུ་མཚན་ག་རེ་ཡིན་ནམ།
ད་ནི་རྒྱ་ནག་གིས་ང་ཚོར་ཁེ་སྦུ་ཁུ་ལྟ་བུའི་རང་སྐྱོང་དང་། སི་ཁོ་ལན་ཊི་ལྟ་བུའི་རང་སྐྱོང་ནམ་ཡང་སྤྲོད་ཀྱི་མ་རེད། རྒྱ་ནག་གིས་ཁས་ལེན་མང་པོ་བྱས་ནས་ཧོང་ཀོང་ལ་རང་སྐྱོང་སྤྲད་ནའང་། ཧོང་ཀོང་ནང་དུའང་རྒྱ་ནག་གི་སྲིད་ཇུས་དང་རང་སྐྱོང་གི་ཐོབ་ཐང་གཉིས་ཀྱི་བར་ན་མེ་སྟག་མཆེད་ཀྱི་ཡོད། ཁྱོད་ཀྱིས་འདི་དག་ལ་བསྡུར་དང་ཤེས་རྒྱུ་ཞིག་ཡོད་པ་རེད་དྲན།
ད་ནི་མཆན་གོང་མ་དག་ལ་ལན་འདེབས་པར་དུས་ཚོད་མེད། སང་གནངས་བལྟའོ།
ལྷ་མོ་སྐྱབས་ལགས།
ཁྱོད་བདེ་མོ། དེ་རིང་བྲེལ་འཚུབ་ཀྱིས་དབུགས་ཀྱང་ལེན་དཀའ་བར་གྱུར། དོ་དགོང་དུས་ཚོད་ཡོད་སྟབས། རྩོམ་གྱི་རྩ་བར་འཇུས་ནས་རྩེ་མོ་འགའ་གླེང་འདོད།
ང་ཚོས་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་ཟེར་ན་མ་ཟེར་ན་བོད་རང་སྐྱོང་གི་སྒྲོམ་གཞི་དེ་ཞི་བའི་དོན་ཚན་ལྔ་རེད། མ་གཞི་ནས་སྒྲོམ་གཞི་འདི་དག་ཕྱི་ལོ་༨༧དང་༨༨ལོར་བཏོན་པ་ཞིག་རེད། ད་ནི་རྒྱ་ནག་གི་མགོ་འཁྲིད་ཚོའི་ྐླད་པ་ཏིན་ཞའོ་ཕིན་དང་ཧུའུ་ཡའོ་པཱང་ལྟར་སྙི་མོ་མིན་པར་མཁྲེགས་པོ་རྡོ་ལྟ་བུ་རེད། ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བསྟུན་ཤེས་དང་གུ་ཡངས་ཀྱི་གཤིས་ཀ་དེ་འགྱུར་མེད།
ཞི་བའི་དོན་ཚན་ལྔའི་ནང་དུ། ༡༽ བོད་ས་ཡོངས་རྫོགས་དྲག་མཚོན་གྱི་རིགས་གཏན་ནས་མེད་པའི་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་ཞེས་པ་ཞིག་འདུག དྲག་མཚོན་འདི་ནི་རྒྱ་ནག་གིས་མི་མང་དང་རྒྱལ་སྤྱིར་འཇིགས་སྐུལ་བྱེད་ཀྱི་ལག་ཆ་ཡོད་ན་མེད་ན་དེ་རེད། དྲག་མཚོན་འདི་དག་མེད་ཚེ་རྒྱ་ནག་ཀྱང་ཤོག་བུ་ངོས་ཀྱི་སྟག་གི་རི་མོ་བཞིན་འཇིགས་འཇིགས་འདྲ་ཡང་སྙིང་པོ་མེད་པ་ཞིག་ཏུ་ཆགས་པ་རེད། ལྷག་པར་དུ་རྒྱ་ནག་བརྟན་བརླིང་དུ་གནས་པར་རྒྱ་དམག་དང་དམག་གི་རྟེན་གཞི་རྣམས་ནམ་ཡང་ཕྱིར་འཐེན་ཡོང་གི་མ་རེད།
༢༽རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་ཇུས་དེས་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ། ཞེས་གསལ། རྒྱ་ནག་གི་མི་འབོར་གྲངས་ཀའི་ངོས་ནས་བཤད་ན་ཁོང་ཚོར་ས་ལག་མཐིལ་ཙམ་ཞིག་ལས་མེད། ང་གྲངས་ཀྱི་ནང་དུ་༸རྒྱལ་བ་རིན་པོ་ཆེ་རྒྱ་ནག་པེ་ཅིན་དུ་ཕེབས་སྐབས། རྒྱ་ནག་གི་དཔོན་རིགས་ཤིག་གིས་༸རྒྱལ་བ་རིན་པོ་ཆེར་རྗེས་སུ་ང་ཚོས་ས་ཚོང་རྒྱག་དགོས་པ་རེད་ཅེས་བཤད་འདུག་ནའང་། ཁོང་ཚོས་ས་ཚོང་རྒྱག་མ་འདོད་པར་བཙན་འཕྲོག་བྱས་པ་རེད། ལྷག་པར་དུ་བརྒྱད་བཅུ་གྱ་གྲངས་ནས་ད་ལྟའི་བར་དུ་རྒྱ་མི་ག་ཚོད་ཅིག་བོད་དུ་སླེབས་ཡོད། ད་ནི་བོད་དུ་ཡོད་པའི་རྒྱ་མི་ཚོས་གཉའ་ཞུམ་ཞུམ་དང་སྒྱིད་པ་ལྷེམ་ལྷེམ་བྱས་ནས་ཁ་ཕྱི་འཁོར་ནས་འགྲོ་འདོད་མཁན་མེད། ང་ནི་བོད་ཤར་ཕྱོགས་ཨ་མདོའི་ཡུལ་དུ་ཡོད་པའི་རྒྱ་ཁ་ཆེ་བ་ཚོར་སྐྲག སྐྲག་དགོས་དོན་ནི་འདི་ཚོས་དངོས་ཡོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་ཏེ་བོད་ཤར་ཕྱོགས་ཀྱི་ཡུལ་ལུང་ཕལ་ཆེ་བ་གནའ་སྔ་མོར་བསྐལ་བ་ས་ལ་ཆགས་ནས་བཟུང་ཁོང་ཚོའི་ཡིན་ཞེས་ཤོད་ཀྱི་ཡོད་པ་དེ་རེད།
༣༽བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་ལ་བརྩི་བཀུར་ངེས་པར་བྱེད་དགོས་པ་ཡིན། བོད་མི་རྣམས་སླར་ཡང་ཆོས་དང་། རིག་གཞུང་། བསམ་བློ། ཤེས་ཡོན། དཔལ་འབྱོར་དང་བཅས་པ་རང་དབང་གི་སྒོ་ནས་ཡར་རྒྱས་གོང་མཐོར་གཏོང་བ་དང་། གཞི་རྩའི་དམངས་གཙོའི་རང་དབང་ལའང་ལོངས་སུ་སྤྱོད་ཆོག་པ་ཞིག་དགོས་པ་ཡིན་ཞེས་གསལ། རྒྱ་གཞུང་གིས་ཆོས་རིག་བསམ་བློའི་རང་དབང་ཡོད་ཅེས་ཤོད་ཀྱི་ཡོད་པ་དང་། ཐ་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡང་ཡོད་ཅེས་ཤོད། རྒྱ་ནག་གིས་ང་ཚོར་དམངས་གཙོའི་རང་དབང་ངོ་མ་དེ་སྤྲད་ཚེ། ང་ཚོ་བོད་རང་བཙན་ཐོབ་པ་རེད།
༤༽བོད་ཀྱི་རང་བྱུང་ཁོར་ཡུག་གིས་གནས་སྟངས་སྔར་སོར་ཆུད་ཡོང་ཐབས་སུ་དོན་དམ་གྱི་འབད་རྩོལ་བྱ་དགོས་པ་དང་། བོད་ནང་རྡུལ་ཕྲན་མཚོན་ཆ་ཐོན་སྐྱེད་བཟོ་སྐྲུན་བྱ་ཡུལ་དང་། རྡུལ་ཕྲན་མཚོན་ཆའི་སྙིགས་རོ་ཕུང་གསོག་བྱེད་བཞིན་པ་མཚམས་འཇོག་དགོས་པ་ཡིན་ཞེས་གསལ། རྡུལ་ཕྲན་མཚོན་ཆར་རིགས་མང་ཡང་། ཕྱོགས་ངོས་གཅིག་གི་ངོས་ནས་བཤད་ན། རྡུལ་ཕྲན་མཚོན་ཆ་ནི་རྒྱ་ནག་དཔལ་འབྱོར་འཕེལ་རྒྱས་ཀྱི་དབུགས་ལེན་བྱེད་ཀྱི་གློ་པ་ལྟ་བུ་རེད། མ་གཞི་ནས་རྡུལ་ཕྲན་མཚོན་ཆ་བཟོ་བར་ཁོར་ཡུག་ཅིག་དགོས་ཤིང་། དེ་ཚོད་བལྟ་བྱེད་པར་རང་བྱུང་ཁོར་ཡུག་རྒྱ་ཆེན་པོ་ཞིག་དགོས། བོད་མ་གཏོགས་རྒྱ་ནག་ཏུ་མི་མེད་རང་བྱུང་ཁམས་ཀྱི་ཁོར་ཡུག་མེད།
༥༽བོད་ཀྱི་མ་འོངས་པའི་གནས་སྟངས་དང་། བོད་རྒྱ་མི་རིགས་དབར་གྱི་འབྲེལ་ལམ་གྱི་གནད་དོན་སྐོར་གྱི་གྲོས་མོལ་ཁག་ལྷག་བསམ་རྣམ་དག་གི་སྒོ་ནས་འགོ་འཛུགས་བྱེད་དགོས་པ་ཡིན། ཞེས་མཛད་ཡོད། ངས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་རྒྱ་ནག་གིས་ལག་པ་ཕུར་ཕུར་ཅིག་བྱས་ཏེ་སྒོ་ཁྲོག་སེར་བརྒྱབ་པ་མ་གཏོགས། ང་ཚོའི་ངོས་ནས་ཧ་ཅང་གུ་ཡངས་གནང་བ་དཔེར་ན། རྒྱའི་དཔོན་རིགས་ཁག་ཕྱི་རྒྱལ་དུ་ཡོང་སྐབས་དང་། ཐ་ན་རྒྱའི་ཐོག་ཏུ་མིང་ཚིག་སྤྱོད་སྟངས་ཀྱི་ཆ་ནས་ཀྱང་སྟངས་འཛིན་བྱས་པ་རེད་མོད། གྲུབ་འབྲས་ནི་ྐླད་ཀོར་རེད།
ངས་མིང་དོན་མཚུངས་པའི་བོད་རང་སྐྱོང་ཟེར་བ་ནི་ཡོང་ཐབས་མི་འདུག་སྙམ་གྱིན་ཡོད། གཙོ་བོ་རྒྱ་ནག་གི་མ་རྩ་རྡིབ་དགོས་པ་དང་། འཕོ་འགྱུར་ཞིག་བྱུང་བ་ཡིན་ན། རང་སྐྱོང་གིས་ག་རེ་བྱེད། ང་ཚོ་རང་བཙན་ཐོབ་པ་རེད། དེ་ཐོབ་པ་ཡིན་ན་འགྲོ་བའི་ཐོབ་ཐང་དང་། དམངས་གཙོ། རང་དབང་ཡོད་པ་རེད། བོད་དུ་ཡོད་པའི་རྒྱ་མི་ཚོས་བོད་ཡིག་བོད་སྐད་བཤད་ནས་གཞུང་ལ་ཁྲལ་འཇལ་བ་ཡིན་ན་ཁོང་ཚོ་སྡོད་ཆོག རྡུལ་ཕྲན་མཚོན་ཆ་ཟེར་བ་དེ་ཚོས་རྒྱལ་སྤྱིས་བཙུར་ནས་རླུང་ལ་བསྐུར་གྱི་རེད།
འདི་གཅིག་ཡིན།
ལྷ་མོ་སྐྱབས་ཀྱི་ཧམ་བཤད་ལ་ཉན་ནས་དགོད་བྲོ་བ་ཞིག་བྱས་སོང་། སྐུ་སྒེར་ཡིག་ཚང་དང་བཀའ་བློན་ཁྲི་བས་གདན་ཞུ་གནང་ཚེ་ལས་ཀ་བྱ་རྒྱུ་ཡིན་ཟེར་སྲོལ་ནི་གླེན་པའི་རང་རྟགས་ལས་མ་འདས། ཁྱེད་ལ་སྐུ་སྒེར་ཡིག་ཚང་དང་བཀའ་བློན་ཁྲི་བར་ཕན་ཐོགས་པའི་ཡོན་ཏན་ཅི་ཞིག་ཡོད་དམ། ཁྱེད་ཀྱི་བཤད་སྟངས་ལས་ཁྱེད་ལ་རང་རློམ་གྱི་ངར་རྒྱལ་འབའ་ཞིག་ལས་ཅི་གང་མེད་པ་རྟོགས་ཐུབ། སྐུ་སྒེར་ཡིག་ཚང་དང་བཀའ་ཤག་སྲིད་གཞུང་ཁྱེད་ཁོ་ནར་མིག་ཅེར་སྡོད་དགོས་དུས་བཙན་བྱོལ་བོད་གཞུང་ཡང་ཚར་ཚར་བ་རེད། དེང་སང་བཙན་བྱོལ་བོད་མིའི་ཁྲོད་སྐད་ཡིག་སྣ་ཚོགས་ཤེས་མཁན་གྱི་གཞོན་རབས་པ་སྔར་ལས་མང་དུ་ཐོན་བཞིན་ཡོད་པས། བོད་ཡིག་ཁོ་ན་ཤེས་ཙམ་ཞིག་གིས་ཁུངས་འཁྱོལ་གྱི་མེད་པ་དེའང་ཤེས་ན་བཟང་བར་མཐོང་། སྰ་ར་སློབ་གྲྭར་བཏོན་པའི་ཆ་རྐྱེན་དེའང་ཅི་འདྲའི་ཡ་མཚར་ཞིག་རེད། ཁྱེད་ལ་ཆེས་མཐོའི་སློབ་གྲྭ་ཞིག་ལ་སློབ་ཁྲིད་ཆོག་པའི་ལེག་ཁྱེར་རྫུན་མ་ཞིག་མཁོ་སྤྲོད་བྱ་དགོས་པ་དང་། བསླབ་ཁྲིད་ལས་ཁྱེད་རང་རྩོམ་ཡིག་སྤེལ་བར་དུས་ཚོད་སྤྲོད་དགོས་པ་ནི་སུས་ཀྱང་ཡིད་དུ་མ་ཤར་བ་ཞིག་རེད། དེའི་སྟབས་ཀྱིས་ཁྱེད་ཀྱི་ཧམ་བཤད་དེས་ཁྱེད་རང་གི་ཅི་གང་མི་ཤེས་པ་ཞིག་ཡིན་པ་ཚོར་སོང་ལ། ཁྱེད་ཀྱི་སློབ་མ་ཚོའི་མགོ་ལའང་ཆུ་བླུག་ཚར་བས་སྐད་ཆ་བཤད་ནའང་བསམ་བློ་གཏོང་དགོས་པར་འདོད། གལ་སྲིད་ལྷག་བསམ་ཅན་ཞིག་ཡིན་ན་གོ་གནས་མཐོ་མིན་ལ་མི་བལྟ་བར་ཚོགས་པ་སྐྱིད་སྡུག་གང་གི་ནང་ཡིན་ན་ཕྱག་ལས་ཞབས་ཞུ་སྒྲུབ་པ་རེད། ཁྱེད་ཧམ་སེམས་ཁོ་ནས་ཁ་གདེངས་སྡོད་མཁན་རིགས་ལ་ལྷག་བསམ་ཟེར་བ་ཞིག་རྒྱུད་ན་མེད་པའང་གསལ་བ་རེད། དེ་ལས་མགོ་སེར་ཚོར་ཀ་ཁ་བསླབ་སྡོད་དང་དེ་བཟང་གི་བསམ་སོང་།
༢༽ ཞང་ཀང་ཡང་རྒྱ་ནག་གི་རྩ་ཁྲིམས་འོག་ལ་བསྡད་ཡོད། དེ་བཞིན་ང་ཚོར་ལ་ཡང་དམིགས་བསལ་གྱི་ཁེ་དབང་སྤྱོད་ཆོག་པའི་ཐོབ་ཐང་དེ་རྩ་ཁྲིམས་འོག་ནས་བཟོ་རྒྱུ་ཞིག་རེད།ཞེས་པ་ལྷ་མོ་སྐྱབས་ལགས་་་ཅིག་བཤད་བསྡད་པ་རེད།
ཧོང་ཀོང་འདྲ་པོའི་དམངས་གཙོ་ཡི་རྣམ་པ་ཡོད་པའི་མིང་མཚུངས་པའི་རང་སྐྱོང་དགོས་གསུངས་ཀྱི་ཡོད་པས། ཡོད་ན་་་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཅོག་སྟེང་དུ་བཞག་པའི་ཡིག་ཆའི་ནང་དུ་དམངས་གཙོ་ཡི་སྐོར་བཀོད་ཡོད་དམ།
ཡོད་ན་གཅིག་སྟོན་རོགས་གནང་་་་་མེད་ན་ཁྱེད་ཀྱིས་རྨི་ལམ་བཏང་གི་ཡོད་པར་འདྲ་་་ཧཧཧསྤྱི་སྟངས་ནས་ཧོང་ཀོང་དང་བོད་གཉིས་སྙན་བཟང་ལགས་ཀྱིས་གསུངས་པ་ལྟར་ཁ་དང་ཁ་སྤུ་ལྟ་བུ་ཡིན་དུས་འདྲ་བསྡུར་བྱེད་ན་ཡོང་ཨེ་ཡོང་ངམ།།