༧གོང་ས་མཆོག་གིས་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་དུ་བོད་ནས་ཕེབས་པའི་གསར་འབྱོར་བ་ ༥༠༠ གཙོས་པའི་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ ༡༠༠༠༠ བརྒལ་བར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་གསང་འདུས་རིམ་ལྔའི་འགྲེལ་བ་བཀའ་ཁྲིད་གནང་བཞིན་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་རྒྱུད་སྨད་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་དགའ་ལྡན་གསེར་ཁྲི་དང་ཤར་བ་ཆོས་རྗེ་རྣམ་གཉིས་གཙོས་པའི་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ། སྤྱི་འཐུས། ས་གནས་འཐུས་ཚོགས་དང་མགོ་འཛིན། སོག་རིགས་དང་བོད་རིགས་མང་ཚོགས་བཅས་ཀྱི་ཕེབས་བསུའི་ཁྲོད་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག
ཐོག་མར་༧གོང་ས་མཆོག་གིས་གཞིས་ཆགས་དེའི་དགོན་པའི་གནས་སྟངས་དང་དགེ་འདུན་པའི་གྲངས་འབོར། ད་ལོའི་གཞིས་ཆགས་ཀྱི་སྟོན་འབྲས་ཅི་བྱུང་དང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་སྐོར་རྒྱུས་ལོན་གནང་རྗེས། བོད་ནས་གསར་དུ་ཕེབས་པའི་བོད་མི་ ༥༠༠ ལྷག་ལ་དམིགས་བསལ་བཀའ་སློབ་བསྩལ་དོན། “ ཁྱེད་ཚོར་སོ་སོའི་ལུང་པའི་ནང་ཕྱིའི་ལྟར་སྣང་ཙམ་ལས་དོན་དམ་ཐོག་ནང་ཆོས་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་མ་རེད། ཆོས་བྱས་ནའང་བོད་མི་རིགས་ཀྱི་ཞེན་ཁོག་སླེབ་ཀྱི་ཡོད་སྟབས། དེ་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་འགྲོ་ཡི་ཡོད་པ་རེད། དེ་ཡིན་དུས་རྒྱ་གཞུང་གིས་ཆེད་དུ་གཉེར་ནས་དམ་དྲག་བྱེད་ཀྱི་ཡོད་པ་རེད། བོད་ནས་ཕེབས་མཁན་ཚོར་ཡང་ཡང་སངས་རྒྱས་ཀྱི་ཆོས་ཉན་རྒྱུའི་གོ་སྐབས་རག་གི་ཡོད་པ་མ་རེད། ཁྱེད་ཚོས་དཀའ་ལས་བརྒྱབ་སྟེ་འདིར་ཡོང་བར་དམིགས་བསལ་འཚམས་འདྲི་དང་དགའ་བསུ་ཡོད་ ” ཅེས་གསུངས་འདུག
༧གོང་ས་མཆོག་གིས་མུ་མཐུད་དེ་གསང་འདུས་རིམ་ལྔའི་འགྲེལ་བ་ལྗགས་ལུང་ཞུ་བར་གསང་བ་འདུས་པའི་དབང་འཐོབ་དགོས་ཀྱང་། གཙོ་བོ་དད་པ་ལ་རག་ལས་ཡོད་པའི་ཐད་ལ། “ དེ་རིང་འདིར་ཕེབས་པ་མང་ཆེ་བ་དད་པས་ཀུན་ནས་བསླངས་ཏེ་ཡོང་བ་ཤ་སྟག་ཡིན་སྟབས། གཙོ་བོ་དེ་དད་པ་ཆགས་ཡོད་པ་རེད། གཉིས་ནས་ཁྱེད་རང་ཚོར་དབང་ཡང་ཡང་འཐོབ་རྒྱུ་ཁག་པོ་ཡིན་དུས། མཐའ་གཅིག་ཏུ་གསང་པ་འདུས་པའི་དབང་ཐོབ་མེད་ནའང་། བླ་མའི་དབང་གཞན་པ་དེ་འདྲ་ཐོབ་ཡོད་ཀྱང་འགྲིག་གི་ཡོད་པ་རེད། གཙོ་བོའི་ནང་གི་གཙོ་བོ་དེ་རང་ཉིད་ལ་དད་པ་རྩེ་གཅིག་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ ” ཅེས་གསུངས་ཡོད།
ཕྱི་ཚེས་ ༧ ཉིན་ཧོན་སུར་གཞིས་ཆགས་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་དང་། དེའི་རྗེས་༧གོང་ས་མཆོག་གིས་གཞིས་ཆགས་དེར་གསར་འཛུགས་གནང་པའི་༼རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་༽ཞེས་པ་ཞིག་དབུ་འབྱེད་གནང་རྒྱུ་ཡིན་འདུག
ཧོན་སུར་དུ་ཆིབས་བསྒྱུར་མ་གནང་གོང་༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཤཱུག་ཤཱ་ཁེན་ཌི་རཱ་ཤེས་ཡོན་བསྟི་གནས་ཁང་དུ་ (Shiksha Kendra) ཆིབས་བསྒྱུར་བསྐྱངས་ཏེ། དབུལ་ཕོངས་ཁྱིམ་ཚང་ཁག་ནས་འབྱོར་བའི་སློབ་གྲྭ་དེའི་སློབ་ཕྲུག་བརྒྱ་ཕྲག་བརྒལ་བར། སེམས་ཤུགས་བསྐྱེད་དེ་ཤེས་ཡོན་ཐོག་འབད་བརྩོན་བྱ་དགོས་པའི་སྐུལ་བ་གནང་སྟེ། སློབ་གྲྭའི་ཤེས་ཡོན་སྡེ་ཚན་ལ་ཧིན་སྒོར་ལྔ་འབུམ་ ༥༠༠༠༠༠ ལྷག་ཞལ་འདེབས་གནང་བ་དང་། མ་འོངས་པར་སློབ་གྲྭའི་འཛིན་སྐྱོང་ངོས་ནས་སློབ་གྲྭ་དེའི་ནང་དབུལ་ཕོངས་སློབ་ཕྲུག་མང་ཙམ་བསྡུ་ཐུབ་པ་ཡིན་ན། ༧གོང་ས་མཆོག་ཁོང་གིས་བྲིས་པའི་དེབ་ཀྱི་རིན་པ་རྣམས་སློབ་གྲྭའི་སློབ་ཕྲུག་ཚོར་ཞལ་འདེབས་གནང་རྒྱུ་ཡིན་པའི་ཁས་ལེན་སོགས་གནང་འདུག
མཇུག་ཏུ་༧གོང་ས་མཆོག་གིས་ཤེས་ཡོན་བསྟི་གནས་ཁང་དེའི་འགན་འཛིན་ལས་བྱེད་ཚོའི་སློབ་གྲྭའི་ལས་དོན་བྱེད་ཕྱོགས་ཐོག་བསྔགས་བརྗོད་དང་འབྲེལ། ལྷོ་ཨ་ཧྥི་རི་ཁ་དང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་གི་དབུལ་ཕྱུག་དང་ལྐོག་ཟ་རུལ་ཟུངས་ཀྱི་དཀའ་ངལ་དང་དེའི་ཉེན་ཁ་སོགས་ངོ་སྤྲོད་གནང་སྟེ། མ་འོངས་པར་རྒྱ་གར་གྱི་དབུལ་ཕྱུག་དང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཉུང་དུ་གཏོང་ཐབས་སྐོར་འབད་བརྩོན་གནང་དགོས་པའི་བཀའ་སློབ་སོགས་བསྩལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༡ ཉིན་བར་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུ་ནང་པ་ ༢༠༠༠ ཙམ་ལ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་དང་། བཀའ་གདམས་དགེ་བཤེས་གླང་རིང་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་གཉིས་འཆད་ཁྲིད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
༼ ཞིབ་ཕྲའི་གནས་ཚུལ་བོད་ཀྱི་དུས་བབ་ཚགས་ཤོག་སྟེང་གཟིགས་རོགས། ༽
“ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།”
ཞེས་པ་སྔར་ནས་སྨོན་པའི་ཡང་དག་གསུང།
འདོད་པ་མ་ཁེངས”རང་བཙན་གཙང་མ”ཞེས།
ཚིག་ལ་བཟོ་བཅོས་བྱེད་པའང་འདི་ན་སྣང།
འདི་ལ་བསམ་ན་གསོལ་འདེབས་སྨོན་ཚིག་འདི།
ཇི་བཞིན་མི་སྐྱོར་དེ་བཞིན་མི་སྨོན་པའི།
ཁྱེད་ཀྱི་གདུལ་བྱ་རྨོངས་པའང་ཡོད་པ་འདྲ།
འདི་ལ་དགོངས་ནས་ཀྱང་བཀའ་ཞིག་སྩལ་རན་འདྲ།
རིང་ནས་སྙིང་དུ་བརྣག་བའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།ཞེས་པའི་གདུལ་བྱ་ཡིན།
བོད་དམངས་སྙིང་དུ་བརྣག་བའི་འདོད་པའི་དོན།
ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།
དམངས་གཙོ་ཕོ་བྲང་ཏ་ལའི་དགའ་སྟོན་ལ།
སྤྱོད་པའི་སྐལ་བཟང་མྱུར་དུ་སྩོལ་དུ་གསོལ།ཞེས་པ་དམངས་ཀྱི་རེ་འདུན་ཡིན།།།
“མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།”
འདི་ནི་ཁྱེད་ཀྱིས་བསྟན་པའི་ལམ་མཆོག་སྟེ།
ཅི་ཙམ་ནུས་པས་དེ་ཚུལ་སྒྲུབ་བརྩོན་ཡང།
བསམ་མེད་འགའ་རེས་འཛེམ་མེད་རྒོལ་བར་བྱེད།
འདི་ལ་དགོངས་ནས་མགོན་པོ་ཀྱེ།
སླར་ཡང་བཀའ་ཞིག་གནང་འོས་སམ།
གནའ་ནས་ཁྱེད་ལ་དད་ཅན་འགས།
མདུན་དུ་སླེབས་དུས་ངོ་དགའ་བཤད།
རྒྱབ་ཏུ་བཀའ་གསུངས་ལོག་འགྲེལ་གྱིས།
བོད་མི་རིགས་མདུན་ལམ་ས་འོག་མནན།
གནའ་ནས་ཁྱེད་ལ་དཔྱོད་མཁན་འགས།
མདུན་དུ་མི་རིགས་བདེ་སྡུག་བཤད།
རྒྱབ་ཏུ་སྒེར་དོན་ཁོ་ན་ཡིས།
བོད་མི་རིགས་ལས་དབང་ཆུ་ལ་གཡུགས།།
གནའ་ནས་ཁྱེད་ལ་ཕྱག་མཚལ་འགས།
མདུན་དུ་རྡོག་རྩ་ཆིག་སྒྲིལ་བཤད།
རྒྱབ་ཏུ་ཆོལ་ཁའི་འཐེན་འཁྱེར་གྱིས།
བོད་མི་རིགས་ཆིག་སྒྲིལ་མེ་ལ་བསྲེགས།།
གནའ་ནས་ཁྱེད་ལ་བསྟོད་མཁན་འགས།
མདུན་དུ་རྒྱུ་འབྲས་དྲང་བདེན་བཤད།
རྒྱབ་ཏུ་གཞུང་དངུལ་ལྐོག་ཟ་ཡིས།
བོད་མི་རིགས་འཚོ་རྟེན་རླུང་ལ་བསྐུར།།
ཁྱེད་ཀྱི་བྱམས་བརྩེའི་འོད་སྣང་དཀར་པོ་བྷེ་ཏའི་ཡུལ་ནས་འཕྲོས་པར་མཐོང་།།
ཁྱེད་ལ་དད་པའི་ངང་ངུ་ཚོགས་རྣམས་འཕུར་རྩལ་ཁྱེད་ཀྱི་ཕྱོགས་སུ་འགྲན།།
སྐལ་ཆད་སྦྲང་འབུ་ནག་ནོག་ང་ཚོས་རྗན་རྗིན་མི་གཙང་བསྐྱར་སྐོར་བརྒྱབ།།
འདི་ནི་ལྷ་ཡི་དཀོན་མཆོག་དེ་ཡིས་ཅིའི་ཕྱིར་ལེན་ཁའི་བསྐོས་ཡིན་ནམ།།
ད་དེང་སང་དུས་བབ་སང་དངོས་གནས་སྐྱོ་གི་པར་འདི་ཡང་གསུང་ཆོས་སྐབས་ཀྱི་པར་ཅིག་མ་རེད། ད་འཐོས་ཤོར་སོང་ཡོད་ཀ་འདི་སྐྱོན་རྗོད་མིན་བསམ་ཚུལ་ཡིན།
དེང་སང་ཁྱེད་པ་དད་ཅན་འགས། ཁྱེད་ཀྱི་བཀའ་གསུང་མི་ཉན་ཟེར།།
དེང་སང་ཁྱེད་ལ་དཔྱོད་མཁན་འགས། ཁྱེད་ཀྱི་ལམ་སྟོན་ནོར་འདུག་ཟེར།
བོད་གཞུང་དགའ་བ་བརྒྱ་ལྡན་དེ། ཁྱེད་ཀྱི་དབུ་ལས་ཕབ་པ་བཟང།
དེ་མིན་མ་རྟོགས་ལོག་རྟོག་ཚོས། རྒོལ་བའི་རྣམ་འགྱུར་མངོན་ལ་ཉེ།
རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ཆེ། ཐུགས་ཕམ་པས་ཡུན་རིང་མ་བརྟན་མོད།
རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཆེ། ཐུགས་མ་ཕམ་ཡུན་རིང་བཞུགས་པར་སྨོན།
ནོར་བུའི་ནོར་ངོ་མི་ཆོད་ཅིང། ནོར་བུའི་ལོངས་སྤྱོད་མི་འདོད་པའི།
བསམ་མེད་ཁྱེད་ཀྱི་བྱིས་པ་ཚོར། ཐུགས་བརྩེ་བས་མ་འདོར་མགོན་པོ་ཀྱེ།
རྗེས་སུ་དྲན་པར་འོས་པའི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག
དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས།།
དྲི་མེད་བློ་བཟང་བསྟན་པའི་ཁང་བཟང་རྩེར།།
ཆོས་ཀྱི་རྒྱལ་མཚན་འཛིན་པའི་དཔལ་ཡོན་ཅན།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
མཁའ་ལ་འཕགས་པའི་ཉི་ཟླ་དང་། །
ཁྱེད་ཀྱི་ཐུགས་རྗེ་ཁྱབ་མཉམ་སྟེ། །
ཁྱེད་ཀྱི་འཕྲིན་ལས་གཟི་འོད་ཀྱིས། །
གླིང་འདིའི་ཁོར་མོ་ཡུད་ཀྱིས་བཅིངས། །