རྒྱལ་ཚོགས་ཀྱིས་འདས་པའི་ཟླ་ ༩ རིང་གི་སེ་རི་ཡའི་ཟིང་འཁྲུག་ཁྲོད་མི་ ༥༠༠༠ དམར་གསོད་ཐེབས་ཡོད་པ་ཁྱབ་བསྒྲགས་བྱས་རྗེས། སེ་རི་ཡའི་གཞུང་དམག་གིས་བསྐྱར་དུ་མི་ ༢༨ བསད་འདུག
ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཚོགས་གཙོ་ལྕམ་པེལ་ལེ་ (Navi Pillay) ཡིས། འདས་པའི་ཟླ་ ༩ རིང་གི་སེ་རི་ཡའི་ཟིང་འཁྲུག་ཁྲོད་གཞུང་གིས་མི་མང་ཐོག་དྲག་གནོན་བྱས་ཏེ་མི་ ༥༠༠༠ ལྷག་དམར་གསོད་བཏང་ཡོད་པའི་ཁྱབ་བསྒྲགས་དང་། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ལ། སེ་རི་ཡའི་སྲིད་འཛིན་བྷག་ཤར་གྱི་དྲག་གནོན་དེ་ནི་མིའི་རིགས་ཀྱི་བྱ་སྤྱོད་ལས་བརྒལ་པའི་ཉེས་སྐྱོན་ཚབ་ཆེན་ཡིན་སྟབས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྦྱོར་དགོས་པའི་སྐུལ་འདེད་བྱས་འདུག་ལ། གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་སེ་རི་ཡའི་སྐུ་ཚབ་ཀྱིས། ལྕམ་པེལ་ལེ་ཡིས་བཏོན་པའི་མི་གསོད་ཀྱི་གྲངས་ཚད་དེ་དངོས་བདེན་མིན་པ་མ་ཟད། ཁོ་མོས་གྱེན་ལངས་ཤོག་ཁག་གིས་གང་བརྗོད་པ་དེར་གཞི་བཟུང་སྟེ་སྤྱི་ཚོགས་ལ་གནས་ཚུལ་རྫུན་མ་བཀྲམ་པའི་སྐྱོན་བརྗོད་བྱས་འདུག
རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཚོགས་གཙོ་ལྕམ་པེལ་ལེ་ཡི་ཁྱབ་བསྒྲགས་བྱས་ནས་དུས་ཡིན་ཆུ་ཚོད་འགའི་རྗེས་སུ། སེ་རི་ཡའི་ནུབ་བྱང་ཨེ་ཌི་ལེབ་ (Idlib) མངའ་སྡེའི་ནང་གི་(Maaret Masreen) དང་ (Kfar Yahmoul) ས་གནས་གཉིས་ནང་། མི་མང་གིས་དྲག་གནོན་འོག་རྐྱེན་འདས་སུ་ཕྱིན་པའི་ཞི་རྒོལ་བ་ཁག་ཅིག་དུར་འཇུག་བྱེད་བཞིན་པར། གཞུང་དམག་གིས་འགོག་རྐྱེན་སྤྲད་པར་ཡུལ་མི་ཚོས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སྟབས། གཞུང་དམག་གིས་མི་མང་སྟེང་མེ་མདའ་རྒྱག་པ་སོགས་ཀྱི་དྲག་གནོན་བྱས་ཏེ། ཡུལ་མི་ ༢༨ ཙམ་དམར་གསོད་དང་མི་བརྒྱ་ཕྲག་ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག་ལ། དེ་བཞིན་ས་ཁུལ་གཞན་ཁག་ཅིག་ནང་ཡང་དྲག་གནོན་བྱས་ཡོད་ཀྱང་། ཤི་རྨས་ཅི་བྱུང་གི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མི་འདུག
གསར་འགོད་པ། བནྡེ་སྐྱབས།
སྐྱོ་བ་ལ། ངོ་མ་གནད་དོན་འདི་རིགས་མཐོང་དུས་ངས་ནི་སྲིད་གཞུང་ཞེས་པ་དེ་སུ་ཞིག་གི་ཆེད་དུ་རྩ་འཛུག་བྱས་པ་རེད། ཅེས་པའི་དྲི་བ་ཞིག་གིས་རྟག་ཏུ་བཙུར་འོང་གིན་འདུག་ལ། དངོས་གནས་དོན་དངོས་མི་བསམ་པའི་སྲིད་གཞུང་འདི་ཚོར་དམིགས་ཡུལ་དང་འགན་འཁྲི་ཅི་ཞིག་ཡོད་པ་རེད། དམངས་ཉམ་ཆུང་ཚོར།དབང་ཡོད། དྲག་གནོན། དམར་གསོད། ཨ་ཁ་ཁ་ངོ་མ་སྐྱོ་བ་ལ།
ལོ་དི་འགའི་རིང་གི་རྒྱལ་ཚོགས་དེ་བེད་མེད་མིང་རྐྱང་ཁོ་ན་རང་རེད། དེ་ནི་སྤང་རྐུ་མོ་ཟེར་བའི་ཙོགས་གཙོ་དེར་འཇོན་ནུས་ཅི་ཡང་མེད་པས་མ་ཡིན་ནམ།