སྐུ་ཞབས་སྤེ་ཊིར་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་ཐོག་མར་ངྷ་སར་འབྱོར་སྐབས་བོད་མི་རྣམས་སྤྱི་ཚོགས་རྙིང་པའི་མི་རྐྱང་རྐྱང་ཡིན་ཡང་། གཞན་རྟེན་གྱི་བསམ་བློ་དེ་ཙམ་མེད་པར་རང་གི་རྐང་པའི་སྒང་ལ་ལངས་ཏེ་རང་ཁ་རང་གསོ་བྱ་རྒྱུའི་སྤོབས་པ་དང་། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད་ཟེར།
སྤི་ཊིར་ལགས་ཀྱིས་བརྗོད་ན། བོད་པའི་སྤྱི་ཚོགས་ནང་སྐུ་དྲག་ཚོར་ལྟ་སྟངས་ཡག་པོ་མེད་ཀྱང་། སྐུ་དྲག་རེ་ཟུང་གིས་སྒེར་དོན་བསྒྲུབས་ཏེ་སྤྱི་དོན་སྣང་མེད་བཞག་པ་ཁོ་རང་གིས་མཐོང་ཐོས་ཡོད་ཀྱང་། སྤྱི་ཡོངས་ནས་བཤད་ན་སྐུ་དྲག་ཚོ་ཧ་ཅང་རྒྱལ་ཞེན་ཆེན་པོ་དང་། སློབ་སྦྱོང་དང་ཉམས་མྱོང་སོགས་གང་ཅིའི་ཐད་ནས་མི་དམངས་དཀྱུས་མ་ལས་ཡག་པོ་ཡོད་སྟབས། རྒྱལ་ཁབ་དང་མི་རིགས་ལ་བྱས་རྗེས་ཆེན་པོ་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་གསར་འཛུགས་དང་སྲ་བརྟན་ཐོག་དཀའ་ལས་མང་པོ་བརྒྱབ་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས་བོད་མིའི་གཤིས་ཀའི་སྐོར་བརྗོད་དོན། “ ལོ་ ༣༠ ཡས་མས་གོང་བོད་པ་ཟེར་ན་ཡིད་ཆེས་བློས་འགེལ་ཆོག་པ་ཞིག་ཡིན་ཡང་། དེང་སྐབས་བོད་མིར་ཡིད་ཆེས་བྱེད་ཁག་པོ་ཆགས་འདུག དེ་བས་རྒྱ་གར་བ་ཚོ་ཅུང་ཡག་པ་འདུག བོད་པ་ཚོར་མི་རིགས་གཞན་དང་མ་འདྲ་པའི་ཁྱད་ཆོས་ཤིག་ཡོད་པ་ནི། ཕྱི་ལོགས་ཀྱི་རྣམ་འགྱུར་སྟོན་སྟངས་དེ་རེད། མི་སུ་ཞིག་ཡིན་ཡང་གདོང་མཐོང་ཡོང་སྐབས་འཛུམ་མུལ་མུལ་དང་གད་མོ་སིལ་སིལ། སེམས་འཁྲལ་ཉུང་པ་འདྲ་བོ་དང་། རྙོག་དྲ་མི་སློང་མཁན་འདྲ་བོ་ཡིན་ཡང་། ནང་ལོགས་ན་དེ་འདྲ་ཡོད་པ་མ་རེད། དེ་ངས་ཧ་གོ་ཡི་ཡོད” ཟེར།
བོད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད། ཐོག་མ་བཙན་བྱོལ་གཞུང་དམངས་ཡོངས་ཀྱིས་བོད་རང་བཙན་ཁོ་ནའི་ཐོག་ཤུགས་བརྒྱབ་ཡོད་ཀྱང་། སི་ཌ་སུ་སྦག་གི་ཞི་བའི་གྲོས་འཆར་དོན་ཚན་ལྔ་ཟེར་བ་ཞིག་བཏོན་རྗེས་དབུ་མའི་ལམ་བྱུང་བ་དང་། བསམ་བློ་ཡག་པོ་བཏང་ན་དབུ་མའི་ལམ་བྱུང་རྗེས་ཆབ་སྲིད་ཤོག་ཁག་གཉིས་སུ་གྱེས་ཏེ། བོད་པའི་སྤྱི་ཚོགས་འདི་ཏོག་ཙམ་ཁ་འཐོར་དུ་ཕྱིན་ཡོད་པ་དང་། ཤེས་ཡོན་ཅན་དང་རང་བཙན་འཐབ་རྩོད་པ་མང་པོ་ཞིག་རྒྱ་མིའི་འོག་འགྲོ་འདོད་མེད་ཀྱང་༧གོང་ས་མཆོག་གི་སྲིད་བྱུས་ལ་ངོ་རྒོལ་བྱ་མ་ཕོད་པར་རྒྱ་གར་ནས་འདུག་འདོད་མེད་པར་ཕྱི་རྒྱལ་ཁག་ཏུ་ཕྱིན་ཡོད་པ་རེད་ཟེར།
ཡང་ཁོས་༧གོང་ས་མཆོག་གིས་མུ་མཐུད་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་འཁྱེར་བ་ཡིན་ན། གཞུང་གི་སྲིད་བྱུས་ཐོག་བསམ་ཚུལ་འདོན་མཁན་དང་སྐྱོན་བརྗོད་བྱེད་མཁན་མེད་པ། གལ་སྲིད་གཞུང་དང་གཞུང་གི་སྲིད་བྱུས་ཐོག་བསམ་ཚུལ་བཤད་ན་༧གོང་ས་མཆོག་ལ་ཐུག་ཡོང་གི་ཡོད་པ་དང་། སྤྱི་ཚོགས་ནང་གནོན་ཤུགས་ཡོང་སྲིད་པའི་དོགས་གཞིའི་འོག་དམངས་གཙོའི་བཀག་རྒྱ་ཡིན་སྐོར་བརྗོད་བྱུང་།
ཁོང་གི་བསམ་ཚུལ་དུ། ༧གོང་ས་མཆོག་གི་དགོངས་པར་ད་ལྟ་བར་ཐབས་ཤེས་མང་པོ་བྱས་ཀྱང་གྲུབ་འབྲས་མ་ཐོན་པས། ད་མང་ཚོགས་ལ་སྲིད་དབང་རྩིས་སྤྲོད་བྱས་ན་ནུས་པ་འདྲ་འདོན་ཐུབ་ན་དགོངས་ཀྱི་མེད་འགྲོ་དྲན་གྱི་འདུག་ཟེར། མ་གཞི་ཁོ་རང་༧གོང་ས་མཆོག་ལ་ཧ་ཅང་དགའ་བོ་ཡོད་ཀྱང་། དབུ་མའི་ལམ་ལ་ཡིད་ཆེས་མེད། ༧གོང་ས་མཆོག་ལ་དགོངས་པ་གུ་ཡངས་པོ་ཡོད་ཀྱང་རྒྱ་ནག་གཞུང་ལ་བསལ་བློ་དེ་འདྲ་མེད་པ་མ་ཟད། རྒྱ་ནག་གུང་ཁྲན་མ་འཐོར་བར་དུ་ཡིད་ཆེས་བྱ་རུང་བ་ཞིག་ཀྱང་མིན། གྲོས་མཐུན་དོན་ཚན་ ༡༧ ནས་མགོ་བརྩམས་ཏེ་ཁ་ནས་ཅིག་བཤད་ཀྱི་ཡོད་ཀྱང་ལས་ཀ་གཞན་པ་ཞིག་བྱས་ཏེ། སྣུམ་གྱིས་ཤོག་བུ་ཟ་བ་ནང་བཞིན་ཆགས་ཡོང་གི་ཡོད་པ་རེད་ཟེར།
ཡང་ཁོང་གིས་བོད་པ་ཚོས་རང་བཙན་ཁོ་ནའི་ཐོག་ཤུགས་རྒྱག་དགོས་པ་དང་། ལངས་ཕྱོགས་དེ་བརྟན་པོར་བཟུང་ན་བརྒྱ་ཆའི་བརྒྱ་རག་དཀའ་ཡང་གང་འཚམ་ཞིག་རག་རྒྱུར་རེ་བ་ཡོད་ལ། རེ་ཟུང་གིས་རང་བཙན་བརྩད་ན་རྒྱལ་སྤྱིའི་རྒྱབ་སྐྱོར་རག་གི་མ་རེད་ཟེར་བ་ནི་རི་བོང་གནམ་རྡིབ་ཀྱི་སེམས་འཁྲལ་ཡིན་པ་དང་། བོད་པ་ཚོ་བཙན་བྱོལ་དུ་འབྱོར་རྗེས་ལོ་མང་རིང་རང་བཙན་བརྩད་བསྡད་ཀྱང་། རོགས་རམ་བྱེད་འདོད་མཁན་ཚོས་མུ་མཐུད་བྱས་བ། ད་ཆར་དབུ་མའི་ལམ་དུ་ཕྱིན་རྗེས་རྒྱབ་སྐྱོར་རོགས་རམ་ཉུང་དུ་སོང་མེད་ན་མང་དུ་ཕྱིན་མེད་པ་མ་ཟད། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བཙན་བྱོལ་གཞུང་ངོས་ལེན་མེད་པ་གཅིག་མཚུངས་ཡིན་པ། སྔོན་ཆད་རང་བཙན་ཐོག་མུ་མཐུད་བསྐྱོད་ཐུབ་ཡོད་ན། རྒྱལ་སྤྱིའི་རྒྱབ་སྐྱོར་ད་ལྟ་ལས་ཡག་ཙམ་ཡིན་སྲིད། དེ་ནི་ཨ་རི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་ན་ཟུག་བཟོ་རྒྱུའི་གོ་སྐབས་འཚོལ་གྱི་ཡོད་པ་དང་། རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ཚོས་བོད་པར་རྒྱབ་སྐྱོར་བྱེད་མིན་དེ་ཁོ་རང་ཚོ་སྒེར་ལ་དབང་ཆ་ཡོད་པ་ཞིག་མིན་པར། མི་མང་དང་གྲོས་ཚོགས་ཀྱི་དགོངས་པར་བསྟུན་དགོས་ཚུལ་སོགས་བརྗོད་བྱུང་།
ཡང་ཁོང་གིས་བོད་པའི་འཐབ་རྩོད་སྐོར་ལ། རྒྱ་ནག་གིས་ག་ཚོད་མནན་ཡང་བོད་པ་ཚོ་དེ་ཙམ་གྱིས་ཆིག་སྒྲིལ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་དེང་སྐབས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་བཅས་ལ་བལྟས་ཡོང་ན་བོད་མི་རིགས་འདི་མི་རིགས་རང་འགའ་བ་ཞིག་མིན་པ་ཤེས་ཐུབ་ཅིང་། ད་ལྟ་བོད་ནང་གཅིག་འཕྲོར་གཅིག་བསྟུད་ཀྱིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེས་བོད་དོན་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཤུགས་ཆེན་པོ་འགྲོ་བ་མ་ཟད། བོད་ཕྱི་ནང་གི་བོད་མི་ཚོར་སེམས་ཤུགས་སྤར་ཡོང་གི་ཡོད་སྟབས། ཁོང་ཅག་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ད་དུང་དེ་འདྲའི་ལས་འགུལ་རིགས་གང་མང་བྱུང་ཐུབ་ན་གནད་དོན་ཞིག་ཐག་གཅོད་བྱ་རྒྱུར་ཕྱོགས་ཡོངས་ནས་ཐག་ཉེ་རུ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་བྱུང་། དོན་དངོས་ཐོག་རྒྱ་གཞུང་གིས་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་ཡོད་སྟབས། ཁོ་རང་ལ་མཚོན་ན་ཕར་རྒྱ་མི་གཅིག་གཉིས་ག་ཚོད་གསོད་ཐུབ་ཀྱང་གསོད་རྐྱང་བྱ་ངེས་ཡིན་ཡང་། བོད་པའི་གྲྭ་བ་ཨ་ནེ་ཚོར་མཚོན་ན་གཅིག་ནས་གྲྭ་བཙུན་ཡིན་པ་དང་། གཉིས་ནས་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་དགོས་པས། ཕར་གནོད་འཚེ་བྱ་རྒྱུའི་ཚབ་ལ་སོ་སོ་མེར་བསྒྲོན་པ་རེད་ཟེར།
ཁོང་གིས་རྒྱ་ནག་གི་སྐོར་ལ་འདི་ལྟར་བརྗོད་བྱུང་། རྒྱ་ནག་གུང་ཁྲན་གཞུང་སྔ་ཕྱི་མ་གཏོགས་འཐོར་ཞིག་ཏུ་འགྲོ་ངེས་ཡིན་ཡང་། ལས་སླ་བོར་མགོ་རྟིང་སློག་ཐུབ་ཀྱི་མེད་པ་དེ་གཙོ་བོ་རྒྱ་ནག་གཞུང་གི་དཔོན་རིགས་དེ་ཚོ་མི་གཅིག་མིན་པར་འགྱུར་པ་ཐེབས་བཞིན་ཡོད་སྟབས། མི་མང་དཔོན་རིགས་གཅིག་གི་སྟེང་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་དུས་ཁོང་བརྗེ་བོ་ཐེབས་ཏེ། ཤུལ་དུ་གསར་པ་ཞིག་བསླེབས་ཏེ་ཁོའི་བྱེད་སྟངས་ལ་བལྟ་དགོས་ཆགས་ཡོང་གི་ཡོད་པ་རེད། འོན་ཀྱང་དེང་སྐབས་རྒྱ་ནག་ནང་ཁུལ་དུ་གུང་ཁྲན་ལ་མི་དགའ་མཁན་མང་དུ་འགྲོ་བཞིན་ཡོད་པ་དེ་དམར་པོའི་གཞུང་མགོ་རྟིང་སློག་རྒྱུར་ཐག་ཇེ་ཉེ་རུ་འགྲོ་བཞིན་ཡོད་པའི་རྟགས་ཤིག་ཡིན་ཚུལ་བརྗོད་སོང་།
མཐར་ཁོང་གིས། རང་ཉིད་བོད་ཀྱི་གྲོགས་པོ་རྙིང་ཤོས་ཤིག་གི་ངོས་ནས། བོད་གཞུང་མེད་པ་བཟོས་པ་དེར་བློ་ཕམ་ཆེན་པོ་བྱུང་སྐོར་བརྗོད་དོན། “ ལས་ཀ་གང་འདྲ་ཞིག་བྱེད་ཀྱི་ཡོད་མེད་ལ་མ་བལྟས་པར་གཞུང་ཟེར་དུས་བོད་པ་ཡིན་ན་འདྲ་ལ་ཕྱི་རྒྱལ་བ་ཡིན་ནའང་འདྲ། ངོས་འཛིན་དམིགས་བསལ་པ་ཞིག་དང་རེ་བ་རྒྱག་སྟངས་མ་འདྲ་བ་ཞིག་ཡོད་པ་རེད། ད་ཆར་བོད་མིའི་སྒྲིག་འཛུགས་ཟེར་ན་ཚོགས་པ་འདྲ་བོ་ཞིག་ཆགས་ཚར་བ་རེད། བསམ་བློའི་ནང་ལྕི་ཁོག་དང་ངོས་འཛིན་ཞེ་དྲག་མེད་པ་ཆགས་འདུག བློ་བཟང་སེང་གེའི་ཆབ་སྲིད་ཀྱི་ལངས་་ཕྱོགས་ལ་བལྟས་ཡོང་ན། མཚམས་རེར་ཕོ་ལུ་མོ་ལུ་འཁྲབ་ཀྱི་ཡོད་པ་འདྲ་བོ་ཞིག་ལ་མཐོང་ཡོང་གི་འདུག མ་གཞི་ཆབ་སྲིད་པ་ཟེར་དུས་དེ་འདྲ་ཞིག་ཡིན་རྒྱུ་རེད། འོན་ཀྱང་མི་མང་ཚོས་དམངས་གཙོའི་ལྟ་གྲུབ་གཞིར་བཟུང་ཐོག་ཕྱོགས་ཡོང་ནས་རོགས་འདེགས་བྱ་དགོས་པ་རེད་ལ། འདོད་པ་མེད་ས་ནས་ངོ་རྒོལ་དང་སྐད་རྒྱག་ཐུབ་དགོས་པ་རེད” ཅེས་བརྗོད་བྱུང་།
སྤི་ཊིར་ལགས་ནི་ཨ་རི་བ་ཞིག་ཡིན་ཞིང་། ཁོང་ཕྱི་ལོ་ ༡༩༦༩ ལོ་ནས་ངྷ་སར་ཡོང་སྟེ་གཏན་སྡོད་བྱས་ཡོད་པ་དང་། ད་ལྟ་ངྷ་སར་ཁོང་གིས་སྦག་སྦག་བཤིག་གསོ་ཁང་ཞིག་བཟུང་སྟེ་འཚོ་བ་སྐྱེལ་བཞིན་ཡོད།
” རང་བཙན་གཡུག་ནས་དབུས་ལམ་སྙེགས་པ་དེས་མ་འོངས་བོད་མི་ཡོངས་རྫོགས་དཀའ་ངལ་ཞིག་ནང་ལྷུང་རྒྱུ་ཉག་ཅིག་ལས་མ་འདས། བོད་རང་བཙན་རྒྱལ་གྱུར་ཅིག བོད་ཀྱི་གཞོན་ནུ་ཚོགས་པ་རྒྱལ་གྱུར་ཅིག”་འདིའི་ཤུགས་ནས་ཕམ་དགོས་པའི་ཚོགས་པ་དག་གང་ཡིན་ནམ། ཡང་ན་ཕམ་དགོས་པའི་མི་དེ་སུ་ཡིན་ནམ། བོད་མི་ཡོངས་དཀའ་ངལ་ནང་ལ་གཡུག་མཁན་དེ་སུ་དང་སུ་དག་ལ་གོ་དགོས་སམ། དེས་ན་ཕམ་དགོས་པ་གཞན་ཞིག་ནི་་་་་ཨ་ཙི་ཡིན་རྒྱུ་མ་རེད།
གང་ལྟར་ངས་ནི། རྒྱ་ནག་གི་ཏང་སྲིད་ཕམ་པར་ཤོག ཅེས་པ་འདི་རང་ཁ་སྣོན་བྱེད་ན་འདོད།
སེམས་དཀར་བའི་སྐད་ཆ་སྙན་པོ་མེད། ནད་མཁྲིས་ནད་སྨན་ལ་ཞིམ་པོ་མེད། ཟེར་བའི་རང་རེ་བོད་ཀྱི་ཁ་དཔེ་རྣམས་ཅི་མི་བདེན། རང་བཙན་གཡུག་ནས་དབུས་ལམ་སྙེགས་པ་དེས་མ་འོངས་བོད་མི་ཡོངས་རྫོགས་དཀའ་ངལ་ཞིག་ནང་ལྷུང་རྒྱུ་ཉག་ཅིག་ལས་མ་འདས། བོད་རང་བཙན་རྒྱལ་གྱུར་ཅིག བོད་ཀྱི་གཞོན་ནུ་ཚོགས་པ་རྒྱལ་གྱུར་ཅིག
འོག་གི་དོན་ཚན་དྲུག་པ། དེ་ཡང་ཁས་ལེན་ཐབས་དཀའ། བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་ཀྱི་འཕེལ་རིམ་ཡོངས་སུ་ཚང་སླད་དང་ཕྱིན་ཆད་བོད་མི་དམངས་ཀྱིས་རང་འགན་རང་ཁུར་གྱིས་འོས་འགན་སྒྲུབ་རྒྱུ་དེ་གལ་ཆེར་དགོངས་གནང་ཡོད་པ་རེད། དབུ་མའི་ལམ་ལ་ཕན་ཐོགས་འབྱུང་འགྱུར་ཡིད་བཞིན་ནོར་བུ་རང་ལ་གདེང་ཚོད་ཅིག་ད་དུང་ཡང་ཡོད་པ་རེད་ཅེས་ཞུ་འདོད་བྱུང།
རྒད་པོ་འདི་ངས་སྔོན་མ་མཐོང་མྱོང་ཡོདཡིན་ཡང་ཆ་རྒྱུས་དེ་འདྲ་མེད། གང་ལྟར་པོད་པ་འགའི་ཁོ་རང་ལ་བག་ཆགས་ངན་པ་བཞག་པ་ཡིན་ན་དེས་བོད་པ་སྤྱི་ལ་དབྱུག་པ་ལེབ་སྡོང་བྱས་འདུག་པར་སྒྱབ་སྐྱོར་མེད། བོད་པ་འགའ་ཤས་དེ་འདྲ་ཡིན་ཡང་ཆ་ཚང་དེ་ལྟར་ག་ལ་ཡིན།
དེ་མིན་གཞན་རྒད་པོ་ཁོས་སྤྱིའི་བཤད་སྟངས་ཡག་པོ་འདུག་རྒྱབ་སྐྱོར་ཡོད།ཡིན་ནའང་ཧ་ལས་དགོས་པ་དང་རང་ག་པ་ཞིག་མ་རེད་ཞེས་ཧང་སང་དགོས་དེ་འདྲ་མ་རེད། གཙོ་བོ་ཁོ་ལ་དམངས་གཙོའི་ཉམས་མྱོང་ཅུང་ཞིག་ཡོད་པ་དེ་རང་རེད། དེ་ནི་ཁོ་དམངས་གཙོའི་རྒྱལ་ཁབ་ཞིག་ནས་མཚར་ལོང་བྱུང་པའི་བག་ཆགས་དེས་རེད།
བོད་གཞུང་ཏག་ཏག་མེད་པ་བཟོས་པ་ཞིག་མིན་ལ་ངོ་བོ་འགྱུར་པ་ཅུང་ཞིག་བཏང་པ་དེ་དགོས་དབང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གར་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་བསྟུན་པ་ཙམ་རེད་འདོད། ཡང་གཅིག་བཤད་ན་ང་ཚོ་རྒྱ་གར་གཞུང་ལ་སྐྱབས་བཅོལ་འོགས་ཡོད་དུས་དེ་འདྲ་ཞིག་མི་བྱེད་ཐབས་མེད་ཆགས་ཡོད་པ་རེད།
ཆབ་བྲག་ལགས་ཀྱིས།
ཕྱི་མི་རྒད་པོའི་དོན་ཚན་༨པ་ལ་མོས་མཐུན་མེད་པ་དང་། ༡༠པ་ལ་འགྲེལ་བཤད་འདི་གཉིས། ང་གཉིས་བློ་སེམས་འོ་ཆུ་ལྟར་འདྲེས་པས་དེ་དེ་བཞིན་ནོ་ཞེས་བསྐྱར་དུ་བཟླས་འདོད་བྱུང་ལགས། ཁོང་ཕྱི་མི་ཤར་ཕྱོགས་པས་བོད་དོན་གླེང་བ་ལ་ཐུགས་ཆེ་དང་། རྗེ་སུ་ཡི་རང་ངོ་།
བོད་རྒྱ་གཉིས་ཀྱི་བར་ལ་གྲོས་མོར་གནང་དགོས་པ་བརྗོད་མེད་རེད་འོན་ཀྱང་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀྱི་བར་ལ་འགལ་བ་མེད་པ་ཚང་མའི་ཤེས་གསལ་རེད། གཙོ་བོ་རྒྱ་ནག་དམར་གཞུང་གི་སྲིད་འཇུས་དེ་ཡག་དག་པ་ཞིག་མེད་པ་དང་རྒྱ་ནག་གཞུང་གི་རྩ་ཁྲིམས་ཡང་དག་པ་ཞིག་བརྩི་སྲུང་བྱེད་ཀྱི་མེད་པ་དང་རྩ་ཁྲིམས་ལག་སྟར་བྱེད་མཁན་དེ་ཚོས་དྲང་བདེན་གྱི་ཐོག་ནས་ལས་ཀ་བྱེད་ཀྱི་མེད་པ་སོགས་གཙོ་བོ་རྒྱ་ནག་གཞུང་གི་སྲིད་འཇུས་དེ་མ་འགྲིག་པར་ཡོད་པ་ལས་སྤྱིར་རྒྱ་མི་རིགས་དང་བོད་མིའི་བར་འགལ་བ་གང་ཡང་མེད་གཙོ་བོ་ཕྱི་གླིང་པ་ཚོས་རོགས་པ་དང་རྒྱབ་རོགས་གནང་པ་ལགས་ཡིན་ཡང་བོད་མི་རིགས་རང་ཉིད་ཀྱི་འབད་བརྩོན་མ་གནང་པ་ཡིན་ན་གཞན་ཞིག་གི་བོད་ལ་རང་དབང་དང་རང་བཙན་ཟེར་པ་ཞིག་སྤྲོད་ཐུབ་ཡོད་པ་མ་རེད་གོང་བརྗོད་ལྟར་བོད་མི་རིགས་རང་གི་ལག་ན་ཡོད་པ་ཞིག་རེད།
རྒད་པོ་འདིས་གནད་དོན་ངོ་མ་གླེང་སློང་བྱས་འདུག ཡིན་ན་ཡང་ཡང་དག་མིན་དེ་བཤད་དཀའ།
༡༽ ཁོང་གིས་དེ་སྔོན་གྱི་བོད་མི་ཚོ་རང་ཁ་རང་གསོ་དང་སེམས་ཤུགས་ཆེ་བ་ཡོད་ཟེར།
༢༽ སྐུ་དྲག་ནང་ན་བོད་ལ་ཕན་ཐོགས་མཁན་མང་པོ་ཡོད་ཟེར།
༣༽ དེ་སྔོན་གྱི་བོད་མི་ཚོ་ཡིད་ཆེས་ཆོག་པ་ཞིག་ཡོད་ཀྱང་དེང་སང་ཕྱི་ཚུལ་གྱི་རྣམ་འགྱུར་བཅོས་མ་ཙམ་རེད་ཟེར།
༤༽ དེ་སྔོན་རང་བཙན་རྩོད་དུས་རྡོག་རྩ་ཆིག་སྒྲིལ་ཡིན་ཡང་དབུ་མའི་ལམ་བྱུང་རྗེས་ཕྱོགས་གཉིས་སུ་ལྷུང་བ་རེད་ཟེར།
༥༽ དབུ་མའི་ལམ་ལ་མོས་མཐུན་མེད་པ་མང་བས་༸གོང་ས་མཆོག་གིས་མུ་མཐུད་དབུ་ཁྲིད་གནང་ན་ཁོ་ཚོས་རང་དབང་གི་ནུས་པར་འགོག་རྐྱེན་ཡོད་པ་རེད་ཟེར།
༦༽ ༸གོང་ས་མཆོག་གིས་དབང་ཆ་རྩིས་སྤྲོད་པ་དེ་དབུ་མའི་ལམ་གྱིས་ཕན་ནུས་མ་ཐོན་པས་རེད་ཟེར།
༧༽ གུང་ཁྲན་ཏང་གི་ཚིག་ཐོག་ལ་མི་འདུག་པས་དབུ་མའི་ལམ་དེས་ཕན་ཐོགས་མེད་ཚུལ་ཡང་བཤད་འདུག
༨༽ རང་བཙན་རྩོད་ན་གང་ལྟར་ཁེ་ཕན་གང་འཚམ་ཞིག་རག་ཚུལ་དང་བོད་དོན་རྒྱབ་སྐྱོར་བ་མང་དུ་ཕྱིན་མེད་ཚུལ་ཡང་བཤད་འདུག
༩༽ གུང་ཁྲན་ཏང་གི་ཚེ་ཐག་མི་རིང་ཚུལ་ཡང་བཤད་འདུག
༡༠༽ བོད་གཞུང་མེད་པ་བཟོས་པ་དེ་སེམས་ཤུགས་ཆགས་གཞི་ཞིག་ཡིན་ཚུལ་དང་གཞུང་ལ་སྐྱོན་དང་ནོར་འཁྲུལ་ཡོད་ན་བཤད་ཐུབ་དགོས་ཚུལ་བཅས་གསུངས་འདུག
ཁོང་གི་སྐད་ཆ་འདི་དག་ལ་བལྟས་ན་ཁོང་སྤྱིར་བཏང་གི་མི་ཞིག་མ་རེད། གཅིག་བྱས་ན་་་་་ད་དེ་གང་ཞིག་ཡིན་ན་ཡིན། ངས་ཁོང་གིས་བཤད་པ་ཕལ་མོ་ཆེ་མ་རེད་ཟེར་མི་ཐུབ། ཡག་པོ་གསུངས་འདུག གསལ་བོ་རྟོགས་འདུག
དོན་ཚན་བརྒྱད་པའི་ཐད་ལ་མོས་མཐུན་མེད། རྒྱུ་མཚན་ཨ་གསར་ཚ་བོ་ཟེར་བ་དེ་མི་དང་མི་རིགས་ཚང་མར་ཡོད་ཡོད་པ་འདྲ་བོ་རེད། མུ་མཐུད་དེ་རོགས་སྐྱོང་གནང་མཁན་ཧ་ཅང་དཀོན། རང་བཙན་རང་གི་ཐོག་ནས་བསྡད་ཡོད་ན་མི་སྒེར་བ་དང་ཚོགས་པ་ཆེ་ཆུང་འདྲ་བོ་མང་པོ་ཞིག་ཡོད་སྲིད་ན་ཡང་གྲོས་ཚོགས་དང་སྲིད་འཛིན་དག་གིས་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཐོན་དཀའ་ལ། ༸གོང་ས་མཆོག་གི་མཛད་འཕྲིན་ཡང་འདི་ལྟར་རྒྱས་དཀའ། ཁོང་གི་མཛད་འཕྲིན་ཅི་ཙམ་རྒྱས་མིན་དེ་བོད་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ལ་ངས་ངོས་འཛིན་བྱས་ཡོད།
དེ་ནས་དོན་ཚན་བཅུ་བ་དེ་རེད། ཏ་ལའི་བླ་མའི་དབང་འཛིན་ལམ་ལུགས་ཀྱི་དགའ་ལྡན་ཕོ་བྲང་ཟེར་བ་མེད་པ་བཟོས་པ་བདེན་པ་རེད། འོན་ཀྱང་རྦད་དེ་ལོ་རྒྱུས་རང་བཞིན་གྱི་བོད་གཞུང་དང་རང་བཙན་གྱི་ངོ་བོ་མེད་པར་བཟོས་པ་ཞིག་གཏན་ནས་མ་རེད། དེ་བས་འདིའི་ཐོག་ལ་ངོས་འཛིན་བྱེད་སྟངས་དང་འགྲེལ་བ་བྱེད་སྟངས་ལ་ཁྱད་པར་ཆེན་པོ་འདུག་སྙམ།
ཞོར་དུ་ང་ཚོ་གཏམ་བཤད་དང་རྩོན་ཡིག་འབྲི་མཁན་ཚོས་ཁོང་གི་སྐད་ཆར་མིག་དཔེ་བལྟས་ནས་ཚིག་ཉུང་དོན་འདུས་གནད་ལ་འཁེལ་བ་འདི་འདྲ་ཡོང་བར་དོ་སྣང་གནང་རོགས་ཞུ་འདོད་དང་ལྷན་དུ། རྒད་པོ་ཁོང་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང།
མི་རྒན་འདིས་བོད་པ་ལག་མཐིལ་ལ་སྐྱུ་རུ་ར་རློན་པ་བླངས་པ་ལྟར་རྒྱུས་ལོན་འདུག་ལ། དོན་དངོས་གསུངས་འདུག ཤ་ཚ་མཁན་ཞིག་གིས་མ་གཏོགས་འདི་འདྲ་གསུངས་སྲིད་ཀྱི་མ་རེད། ད་ཡིན་ན་བོད་པ་ཚོས་སོ་སོའི་སྒང་ལ་མེ་ལོང་འདི་གཏད་ནས་རང་ཉིད་ལ་ཞུ་དག་བྱེད་རན་ཡོད་པ་མ་རེད་དམ། ལྷག་པར་དུ་དབུ་ལ་བཞུགས་མཁན་ཚོས་སོ་སོར་ཞུ་དག་བྱེད་རན་འདུག་བསམ།
འཇིགས་མེད་སེང་གེ་ལགས།
སྐད་ཆ་ཉན་ཤེས་ན་ཨ་རི་བའི་མི་རྒན་འདིས་མི་གསོད་ཁག་སྦྱར་བྱེད་དགོས་པ་རེད་ཟེར་མི་འདུག་ག གཅིག་རེད་་་་
མ་ཟད་བསྟན་འཛིན་ཤེས་རབ་ཟེར་བ་གྲྭ་པ་ཞིག་གིས་བོད་མི་རང་ལུས་མེ་བསྲེགས་བཏང་མཁན་རྣམས་དོན་མེད་ཡིན་མདོག་བཤད་པ་དང་༢༠༠༨་ལོར་ཞི་རྒོལ་ཆེན་མོ་བྱུང་ནས་རྒྱ་མོ་རྒྱུ་བདག་རྣམས་བརླགས་སོང་རབ་བཤད།
ཁྱེད་ཡང་འདི་ལྟ་བུའི་རྒྱུ་བདག་གི་ངོ་སྲུང་བ་ཞིག་ཡིན་ནམ། འོན་ན་ཕ་མེས་ཡང་མེས་ཚང་མ་རིག་གནས་གསར་བརྗེ་སྐབས་སུ་ཁྱི་རྒྱུགས་ཤ་དག་ཡིན་ནམ། བོད་དོན་རྒྱབ་སྐྱོར་བ་འདི་འདྲ་མེད་པ་དགའ་བའི་བསམ་ཚུལ་ཡོད་ལུགས་སུ་བལྟས་ན་ཡག་རྟགས་ཤིག་ཅང་མ་མཐོང་།
དངོས་གནས་ཉམས་མྱོང་ཅན་གྱི་སྐད་ཆ་དང་།
བློ་སྐྱེད་སྟེར་བའི་བསམ་ཚུལ་རེད།
རྒྱབ་སྐྱོར་བ་འདི་འདྲ་མེད་ན་ཡག དངོས་གནས་མི་གསོད་ཁྲག་སྦྱོར་ཅིག་བྱས་དུས་མི་འདིའི་རིགས་ནུབ་ཕྱོགས་བདེ་བ་ཅན་དུ་འཕུར་འགྲོ་ཡི་རེད། སྐད་ཆ་འདི་འདྲ་མ་བཀྲམས་ན་ལོས་དགའ།
དུས་རབས་༢༡པའི་དུས་དུ་བོད་རང་བཙན་གྱི་ཆེད་དུ་བོད་མི་འཆི་རུ་འཇུག་མི་ཉན་ལ། རྒྱ་མི་ཡང་གསོད་རྒྱུ་ཡོད་མ་རེད། འདི་ནི་འདི་རིང་ངའི་བསམ་ཚུལ་ཙམ་རེད། སང་ཉིན་འུ་ཐུག་ན་་་་་་་་
བོད་མི་རིགས་ཀྱི་གྲོགས་པོ་སྐུ་ཞབས་སྤིས་ཁྲར་ལགས་ཀྱིས་བཀའ་མོས་ཧ་ཅང་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲང་བཤད་རང་རེད། སེམས་པ་དཀར་པོའི་སྐད་ཆ་རང་རེད།
བོད་རང་བཙན་རྒྱལ་ལོ།