བོད་པ་ཚོས་མཐོ་སྒང་ལ་གནས་བཅོས་ནས་ལོ་ག་ཚོད་ཅིག་ཕྱིན་མིན་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་ལ། དེ་བཞིན་དུ་མཐོ་སྒང་འདིར་རང་ས་རང་སྲུང་དང་། རང་ཁ་རང་གསོའི་དོན་དུ་ཁོང་ཚོས་རང་སྲོག་ཅི་ཙམ་ཞིག་བཏང་བའི་ཁ་གྲངས་ཀྱང་ཁ་ཚོན་གཅོད་ཐུབ་མཁན་ག་ལ་ཡོད། ཡིན་ཡང་། ལོ་སྟོང་ཕྲག་སྔོན་མི་རིགས་རང་གི་ལོ་རྒྱུས་ཟིན་ཐོར་བཀོད་པ་ནས་ད་བར་དུ། རང་ལུས་མེར་སྲེག་གིས་མཐོ་སྒང་འདི་དང་མི་རིགས་འདི་སྲུང་སྐྱོབ་བྱས་པའི་འཐབ་རྩོད་ཀྱི་མེ་ལྕེ་དྲག་པོ་དེ་ད་ལོར་མངོན་སུམ་དུ་འབར་བྱུང་། ང་ཚོས་དོན་རྐྱེན་འདི་ལ་ཅི་ཟེར། འདི་ལོ་རྒྱུས་ཀྱི་ལེའུ་ཞིག་ལ་ཇི་ལྟར་འཁོད་རྒྱུ་ཡིན།
ང་ཚོ་ནི་མེ་ཕུང་དེ་དག་གི་ཆ་ཤས་རེ་ཡིན་སྲིད་ལ། མིན་ཀྱང་སྲིད། འོན་ཀྱང་། ང་ཚོ་ནི་མེ་ཕུང་འདི་དག་འབར་དུས་ཀྱི་དཔང་བོ་རེ་ཡིན་པ་སྙོན་དུ་ག་ལ་ཡོད། གལ་སྲིད་དེ་ཡིན་ན་ནི་འགན་ཅི་ཡོད།
ང་རང་ལ་མཚོན་ན་ཕྱི་བཤོལ་དང་། བག་ཡངས་ཀྱི་རྣམ་པར་ཡོད་དུས་ཤིག་ལ། ཛ་དྲག་གི་གནས་ཚུལ་དེ་དག་བསྟུད་མུར་འབྱོར་ཞིང་། གློ་བུར་ཐོད་རྒྱག་ཏུ་མིག་ལམ་དང་རྣ་ནང་། ཐ་ན་སྙིང་ཁ་གང་སར་གནས་ཚུལ་དེ་དག་གིས་ཁེངས། འགྲོ་འདུག་ཆག་གསུམ་ཀྱང་དེའི་དབང་དུ་གྱུར། ཁ་པར་ལག་ཏུ་བླངས་ཐེངས་ཀྱང་བརྗོད་གཞི་དེ་ལས་ལྷག་པའི་འཚམས་འདྲི་དང་བརྗོད་གཞི་ཡང་མེད་པར་གྱུར།
ངས་ནི་བོད་མི་འདི་དག་གི་བློས་གཏོང་གི་སྙིང་སྟོབས་བཙལ། བློས་གཏོང་འདི་དག་ལ་འབྲེལ་བ་ཡོད་དགོས་ངེས་ཀྱི་༧གོང་ས་མཆོག་གི་ཞི་བདེའི་དགོངས་གཞི་ཡང་བཙལ། མཚམས་རེར་ངས་འཚོལ་བཞིན་པའི་འདི་ལྟ་བུའི་འབྲེལ་བ་ཞིག་ཁ་ཐུག་ཏུ་མི་རག་དུས། ཡུལ་ལུང་གཞན་དང་རིག་གཞུང་གཞན་ལ་མྱུལ་ནས་འཚོལ་རྒྱུ་ཡང་གལ་ཆེན་པོ་རེད་འདོད། དེ་ལྟར། ངས་བརྒྱུད་ལམ་བཙལ་ཞིང་། ད་དུང་དུད་སྨུག་ཡལ་མེད་པའི་དབུས་ཤར་ཨེ་ཤ་ཡའི་ནང་དུ་མྱུལ། དེབ་འགའ་རེ་ཉོས། གསར་འགྱུར་དང་ཆེད་བརྗོད་དེ་དག་བཀླགས། ཐ་མ་དེར་ཨ་རབ་མི་དམངས་ཀྱི་བློ་སྟོབས་དང་དཔའ་ངར། རང་དབང་གི་ཆེད་དུ་བློས་གཏོང་བའི་ཆོད་སེམས་ཀྱི་ཁུངས་ཤིག་བརྙེད།
དབུས་ཤར་ཨེ་ཤ་ཡའི་ནང་ཆེད་དུ་ཞིབ་འཇུག་བྱེད་མཁན་ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་པ་ བྷ་རུ་སི་ ཧྥེལ་ལར་ལྟར་ན། ཨ་རབ་པ་འདི་ཚོར་ལོ་ངོ་སྟོང་ཕྲག་གི་རིང་ལ་རང་དབང་འཐབ་རྩོད་ཀྱི་འདུ་ཤེས་དང་། རིག་གཞུང་། བསམ་བློའི་དབུ་ཁྲིད་དེ་འདུག ཁ་ཆེ་དང་ཡི་ཤུ། རྗེའུ་མི་རིགས་གསུམ་སྟེ། ད་ཆ་རྒྱབ་ཁབ་ཀྱི་ངོ་བོར་གླེང་ན། ཨ་རབ་དང་ཨ་རི། ཨི་སི་རལ་བཅས་གང་ཡིན་རུང་། རང་དབང་ལ་དགའ་ཞིང་། རང་དབང་གི་ཆེད་དུ་བློས་གཏོང་ཐུབ་པ། བཙན་གནོན་ལ་མགོ་མི་སྒུར་བ། གཉའ་མི་ཞུམ་པ། ལོ་ངོ་སྟོང་ཕྲག་ཁ་ཤས་འགོར་རུང་མི་ཉམ་པ་བཅས་ཀྱི་ཁུངས་ནི་ཁོ་རང་ཚོའི་ཆོས་རྒྱུད་ཀྱི་ཡབ་མེས་ མོ་ཤི་ Moses ཞེས་པ་དེར་ཐུག་འདུག མོ་ཤི་ནི་འཛམ་གླིང་སྟེང་གསར་བརྗེའི་ལས་འགུལ་སྤེལ་མཁན་གྱི་དཔའ་བོ་ཐོག་མ་དེ་ཡིན་ཚུལ་ཡང་གླེང་།
ཕྱིར་རང་ཅག་བོད་ལ་ལྟ་སྐབས་ང་ཚོར་ནམ་ཡང་ཉམ་པ་མེད་པ་དང་མུན་པ་དང་ཕྱི་དགྲ་ཡི་འོག་ནས་ཐར་ལམ་ལ་དབུ་འཁྲིད་མཁན་གྱི་འཕགས་པ་སྤྱན་རས་གཟིགས་འདུག ཁོང་ཉིད་ནི་བོད་གངས་ཅན་པའི་ལྷ་སྐལ་་རེད། ཁོང་ཉིད་སྐུའི་རྣམ་པ་དང་བཀོད་པ་མི་འདྲ་བ་དུ་མའི་སྒོ་ནས་ཕེབས་གི་རེད། དཔེར་ན། སྲོང་བཙམ་སྒམ་པོ་དང་།་གེ་སར་རྒྱལ་བོ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་རེད། ཁ་སང་དེ་རིང་བོད་མི་རིགས་ཀྱི་སེམས་ན་འཕགས་པ་སྤྱན་རིས་གཟིགས་གཉིས་ཡོད་ལ། དེ་ནི་གེ་སར་རྒྱལ་བོ་དང་ཏཱ་ལའི་བླ་མ་མཆོག་རེད། བོད་དོན་འཐབ་རྩོད་ཀྱང་འཕགས་པ་སྤྱན་རས་གཟིགས་འདི་གཉིས་ཀར་བརྟེན་ཡོད། ཁོང་གཉིས་ཀའི་ཤུགས་རྐྱེན་ཡང་བོད་མི་ཀུན་ལ་མཉམ་པོར་ཐེབས་ཡོད།
སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས། རྒྱལ་བ་རིན་པོ་ཆེ་ནི་ང་ཚོའི་བོད་དོན་འཐབ་རྩོད་ཀྱི་གོང་བུ་དང་མཚོན་དོན་ཡིན་པར་གསུངས་ལ། རྒྱལ་བ་རིན་པོ་ཆེ་ཁོ་ནས་ང་ཚོ་རང་དབང་རང་བཙན་གྱི་ལམ་ཁར་འཁྲིད་ཐུབ་པར་གླེང་། ཁོང་གིས་རྒྱལ་བ་རིན་པོ་ཆེ་ཡིས་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་དམངས་ལ་རྩིས་སྤྲོད་བྱས་པར་མོས་མཐུན་མེད་ལུགས་ཀྱང་གསུངས།
དེ་བཞིན་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་ཀྱང་། ༧རྒྱལ་བ་རིན་པོ་ཆེར་བསྐྱར་དུ་གསོལ་འདེབས་ཞུས་ཏེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རོགས་ཞུ་རྒྱུ་ཡིན་ཟེར། གོང་གསལ་མི་སྣ་གཉིས་ནི་བོད་དོན་འཐབ་རྩོད་ཁྲོད་ཀྱི་ཚབ་མཚོན་མི་སྣ་གཉིས་ཡིན། མི་མང་པོ་ཞིག་གིས་ཁོང་གཉིས་ནི་༧རྒྱལ་བ་རིན་པོ་ཆེར་དད་པ་མེད་མཁན་དང་ཁོང་གི་དབུ་ཁྲིད་ཀྱི་འོག་ལ་མི་འགྲོ་མཁན་ཡིན་པར་གླེང་། ཡིན་ཡང་། ཁོང་གཉིས་ཀས་༧རྒྱལ་བ་རིན་པོ་ཆེར་བཟུང་བའི་ཡིད་ཆེས་བློ་གཏད་ནི་བོད་མི་གཞན་ལས་དམའ་བ་ཞིག་གཏན་ནས་མ་རེད།
དེ་བཞིན་དུ། འདས་པའི་ལོ་ ༣༠ ལྷག་གི་རིང་གཞིས་ལུས་མི་དམངས་ཀྱིས་ཚེ་སྲོག་ལ་མ་འཛེམས་པར་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བཙན་བྱོལ་དུ་འབྱོར་ཡོད་ལ། ཆེད་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མཇལ་དང་གསུང་ཆོས་ཞུ་བར་ཡོང་མཁན་ཡང་མང་པོ་རེད། བོད་ནང་དུ་ཡང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ཕྱིར་གདན་འདྲེན་ཞུ་དགོས་ཀྱི་ཡོད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པར་ཤོག ཅེས་སོགས་སྐད་འབོད་དང་རང་ལུས་མེར་སྲེག་གཏོང་གི་ཡོད།
ཡིན་ཡང་། བོད་ཕར་ཕྱོགས་ལ་བསམ་བློ་བཏང་ན། གནད་དོན་གཞན་པ་ཞིག་ནི། བོད་མི་རིགས་ཀྱི་སེམས་ན་ནམ་ཡང་ཉམ་པ་མེད་པའི་གེ་སར་རེད། གེ་སར་ནོར་བུ་དགྲ་འདུལ་རེད། ཁོང་ནི་བོད་མི་རིགས་ཀྱི་སེམས་ཁོང་ན་ནམ་ཡང་ཉམ་པ་མེད་པའི་འཕགས་པ་སྤྱན་རས་གཟིགས་རེད། ལྷག་པར་དུ། ཁ་སང་དེ་རིང་གི་བོད་མི་རིགས་ཀྱི་བླ་དང་སྲོག་ལ་བལྟས་ན་གེ་སར་གྱིས་གོ་ས་ཆེན་པོ་ཞིག་བཟུང་འདུག་སྙམ། བོད་ནང་ལ་མཚོན་ན་བོད་དོན་གྱི་བློས་བཏང་ནི་བོད་ཕྱི་ལོག་ལས་རྒྱ་ཆེ་བ་ཡོད་པ་རེད། ཆོད་སེམས་དང་སྙིང་སྟོབས་ཀྱང་བོད་ཕྱི་ལོག་ལས་ཆེ་བ་ཡོད་པ་རེད། འདི་དག་གིས་སླར་ཡང་བོད་དོན་འདི་ལ་འགྲེལ་བཤད་དང་གསལ་བཤད་གལ་ཆེན་པོ་རེ་སྤྲོད་ཀྱི་འདུག་སྙམ། མ་མཐར་ཡང་རྒྱ་ནག་གཞུང་གིས་བོད་དོན་འདི་ཏཱ་ལའི་བླ་མའི་གནད་དོན་ལ་རྩི་བཞིན་པ་འདིར་ཡང་ལན་འདེབས་གཞན་པ་ཞིག་བྱས་འདུག་སྙམ།
བོད་དོན་ནི་རིག་གནས་དང་ཆོས་ལུགས། གོམས་གཤིས། ཁོར་ཡུག་བཅས་ཕྱོགས་གང་ཐད་ཀྱི་གནད་དོན་རེད། འདི་དག་གེ་སར་སྒྲུང་གི་ནང་དུ་ཡང་གསལ་བོ་ཡོད་པ་རེད་འདོད།
མུ་མཐུད་ནས་བཤད་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་ནི་འཕགས་པ་སྤྱན་རས་གཟིགས་མཆོག་སྐུ་དངོས་སུ་བོད་ཁ་བ་གངས་ཅན་གྱི་ཡུལ་དེ་ཕེབས་རུང་། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་དབང་གིས་བོད་གངས་ཅན་ཡུལ་དུ་ཚེ་སྟོད་ཙམ་མ་གཏོགས་བཞུགས་ཐུབ་ཡོད་པ་མ་རེད། འདི་ལྟའི་ཉེར་ལེན་ལ་བརྟེན། བོད་མི་ཚོས་སླར་ཡང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབས་རེད། ཐེངས་འདིར་གཞིས་ལུས་མི་དམངས་ཀྱི་མགོན་དང་སྐྱབས་སུ་ཕེབས་མཁན་དང་པོ་དེ་གེ་སར་རྒྱལ་བོ་རེད། ཁོང་གིས་གཞིས་ལུས་བོད་མི་རིགས་ལ་ཐེབས་པའི་ཤུགས་རྐྱེན་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད།
དཔེར་ན། བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེའི་གསུང་ལས་གེ་སར་གྱི་སྒྲུང་མང་བ་གོ་ཡོད་པ་རེད། ལྷ་ས་བརྙན་འཕྲིན་དང་མཚོ་སྔོན་རླུང་འཕྲིན་ཁང་སོགས་ཀྱིས་འདས་པའི་ལོ་ ༥༠ ལྷག་གི་རིང་ལ་གེ་སར་གྱི་སྒྲུང་བཤད་རྒྱང་སྲིང་བྱས་ཡོད་པ་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་གསུང་དཔེ་ལས་གེ་སར་རྒྱལ་བོའི་སྒྲུང་དེབ་མང་བ་ཡོད་པ་རེད། དཔེ་དེབ་ ༧༠ ལྷག་བཤད་ཀིན་ཡོད་པ་རེད། འཛམ་གླིང་སྟེང་གི་དཔའ་བོའི་རྟོག་བརྗོད་ཀྱི་སྒྲུང་རིང་ཤོས་དེ་རེད། ༼ང་ཚོའི་ཕ་ཡུལ་ནས་བོད་མི་ཚོ་ཡིག་རྨོངས་སེལ་དགོས་པའི་རྒྱུ་མཚན་ཡང་གེ་སར་གྱི་སྒྲུང་གླུ་དེ་གོ་བའི་ཆེད་ཙམ་དུ་བསླེབས་པ་རེད།་༽དཔེར་ན། མདོ་སྨད་ས་ཁུལ་དུ་གེ་སར་གྱི་སྒྲུང་དར་བའི་རྩེ་མོར་སོན་ཞིང་དུད་ནག་ནང་བཞིན་གྱུར་བའི་སྐབས་ཤིག་ལ་གཏམ་དཔེ་འདི་འདྲ་ཡང་བྱུང་བར་འདོད། ༼མི་ཚེ་སྟོང་ཟད་ལ་གཏོང་ན། གེ་སར་སྒྲུང་གླུ་ལ་ཉོན།༽ ཅེས་པའི་སྐད་ཆ་བྱུང་བ་འདྲ། མི་ཚང་མས་གེ་སར་གྱི་སྒྲུང་གི་ཕན་ནས་ནང་བའི་ཁ་འདོན་དགེ་སྦྱོར་དང་དེའི་ཕན་གྱི་མི་ཚེ་འཁོས་ཀ་གཞན་དག་བཞག་ཚར་བའི་སྐབས་ཤིག་ལ་གཏམ་དཔེ་འདི་འདྲ་ཡང་བཤད་ཡོད་ཚུལ་འདུག
དེ་བཞིན་དུ། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་གང་སར་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་བརྙན་དང་བྱིན་རྟེན་ལས། གེ་སར་རྒྱལ་བོའི་རྟ་ཕུར་དང་། མདའ་གཞུ། ཁྲབ་སྨོག དེ་བཞིན་དུ་སེང་ལྕམ་འབྲུག་མོའི་ཕྱུར་བ་དང་ཐབ་ཀ་སོགས་གནའ་ཤུལ་གྲགས་ཅན་མང་པོ་ཡོད་པ་རེད། འདི་དག་ལ་བལྟས་ན། བོད་དོན་འཐབ་རྩོད་ཅེས་པ་འདི་མི་རིགས་འདིའི་རུས་རྐང་ལ་ཟུག་བསྡད་པའི་བསམ་བློ་དང་ལྟ་སྟངས་ཀྱི་ཕུག་གང་སར་ཡོད་པ་མ་གཏོགས། དེང་སྐབས་རྒྱ་ནག་དམར་ཤོག་པ་དང་། ཕྱི་གླིང་གི་བོད་དོན་ཆེད་ལས་པ་དག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལ་ཚད་བཙུགས་འདུག་པ་འདི་ཡང་བོད་ཀྱི་རིག་གནས་དང་སེམས་ཁམས་ངོ་མ་མ་ཤེས་པའི་སྐད་ཆ་ཙམ་རེད་འདོད།
དེས་ན་རང་ཅག་གིས་བོད་མི་རིགས་ཀྱི་རིག་གཞུང་གི་མ་རྐང་ལྟ་བུ་དང་། བོད་མི་རིགས་ཀྱི་སེམས་ཁམས་དང་རེ་བ་ཡོངས་སུ་མཚོན་ཐུབ་མཁན་ཏེ། ༼བྱམས་སྙིང་རྗེ་༽དང་༼དཔའ་བློ་སྟོབས་༽ ཞེས་པ་འདི་གཉིས་ཀ་ཅིག་ཅར་དུ་འཛིན་རྒྱུ་དང་། རང་གི་སྤུན་ཟླ་ནང་ཁུལ་ལ་མི་རིགས་རང་གི་བླ་དང་སྲོག་དེ་གང་ཐུབ་ཐུབ་ཅིག་བསྐྱར་གསོ་བྱ་རྒྱུ་གལ་ཆེན་པོ་རེད་འདོད།
མྱི་ནག་ཚང་། ལུང་རིགས་ལགས། མ་གཞི་ནས་སྐུ་ཉིད་ཀྱི་རྩོམ་འདིའི་བརྗོད་གཞི་དང་འབྲི་ལུགས་གང་ཐད་ནས་འདྲ་འདྲིའི་ནང་གི་མ་འདྲ་བ་ཞིག་མཐོང་སོང་བ་བཞིན། གང་མཚམས་ཞིག་ལ་མང་མང་གི་རྗེས་འདེད་གཏོང་སྟངས་ལ་ལྐོག་ཉན་བྱས་ནས་བསྡད་པ་ཡིན་ཏེ། བར་རོལ་ཞིག་ནས་བརྗོད་གཞི་དང་འབྲེལ་མེད་ཀྱི་སྐད་ཆ་རེ་ཟུང་ཐོས་རྒྱུ་འདུག་ལ། དེ་བཞིན་་་་ནམ་རྒྱུན་ཏུ་ནས་རྩོམ་པ་པོ་སུ་ཡིན་མིན་ལ་ཁ་གདངས་ནས་མཆན་འདེབས་མཁན་ཡང་གང་མང་འདུག་བསམ་པ་དྲན་བྱུང་། དེ་ལས་ཀྱང་དཔྱད་བརྗོད་པ་རེ་ཟུང་གིས་སྐུ་ཉིད་ཀྱི་བསམ་ཕྱོགས་འདིའི་ཁ་གཡོན་ལ་བསྐོར་ནས་སྣ་ཐག་གི་འཐེན་ཙམ་འཐེན་ཙམ་བྱེད་ཀྱིན་འདུག་ག སྤྱི་དོན་རེ་བཤད་དུས་ལྷག་བསམ་གྱིས་དབང་གིས་སམ། གླེང་ཕྱོགས་འདྲ་མིན་བཟོ་མཁས་བ་ལོ་འདི་གའི་རིང་ལ་དཔྱད་བརྗོད་པ་དག་གི་ཁྱད་ཆོས་ལྟ་བུ་ཡིན་སྟབས། བདག་གི་མཆུ་ཏོ་དེ་ཙམ་བྱེད་དགོས་བ་མི་འདུག
མདོ་དོན་་་བསམ་ཞིང་བསམ་ན་སྐུ་ཉིད་ཀྱི་རྩོམ་འདིའི་ཕྱོགས་ངོས་གང་ཐད་ནས་བསམ་ཕྱོགས་སྣ་ཚོགས་འདུས་ནའང་ཅི་སྐྱོན་སྟེ། ཏོག་ཙམ་རྩོམ་འདིའི་བརྗོད་དོན་འདི་དང་དེའོ་མདོག་མདོག་བསྟན་སོང་བས་སྐྱོ། ལྷག་ཏུ་བདག་གི་སེམས་ཁམས་བཞིན་བོད་མི་ཡོངས་ཀྱི་སེམས་ཁམས་ན་གེ་སེར་རྒྱལ་བོ་ནི་ལྷང་ངེ་འགྱིང་ཡོད་པར་འདོད་མོད། གེ་སེར་རྒྱལ་བོ་ནི་རྟོག་བཟོའི་ཡུལ་དུ་སྣང་བའི་རྣམ་དཔྱོད་ཅན་འདི་དག་ལ་ཅི་ཞིག་རྟོག་བཟོ་མིན་པའི་བོད་གངས་ཅན་གྱི་དཔུང་དང་གཉེན་འདོད་པའི་ལྷ་ཀླུ་གཉན་གསུམ་ལ་འགྲེལ་བཤད་གང་ཞིག་ཡོད་དམ། བདག་གིས་དུས་རྒྱུན་བོད་གངས་ཅན་པའི་ཡུལ་མི་མཐེ་བོང་ཙམ་ཞིག་ཡིན་རུང་དཔའ་བའི་རང་གཤིས་ལ་དུངས་སེམས་ཆེ་ཞིང་གུས་བརྩི་བྱེད་མཁན་དག་ཡིན་བསམ་མྱོང་། བསམ་ཕྱོགས་འདི་སྒྲོ་བཏགས་བའམ་འུར་བརྒྱབ་པའི་སྐད་ཆ་མིན། དོན་དངོས་བོད་ཁུལ་གྱི་ས་ཆ་གང་རུང་ཞིག་ལ་མྱུལ་ནས་རྒྱུས་ལོན་བྱས་ནའང་། མོའོ་ཡི་སྐེ་ལ་ཁ་བཏགས་ཕུལ་ནས་མཆོད་བཤམས་བྱེད་མཁན་གྱི་ཁྱིམ་མི་ཞིག་ཡིན་ན་ལས།གླིང་སྒྲུང་མ་ཐོས་མཁན་མེད་ལ་དེ་བཞིན་མགོ་ནག་བོད་མི་རྣམས་མཐའ་བཞི་དགྲ་ལས་སྐྱོབས་མཁན།བྱམས་དང་བརྩེ་བའི་སྐྱོངས་མཁན་ཡིན་པར་མི་འདོད་མཁན་རིག་གསར་ཁྲོད་ཀྱི་གསར་བརྗེ་རུ་དཔུང་ཕུད་སུ་ཞིག་མཆིས་སམ། རྒྱུ་མཚན་འདི་འདྲ་བརྟེན་བདག་སྐུ་ཉིད་ཀྱི་རྩོམ་འདི་ལ་ཡིད་སྨོན་གཏིང་ནས་སྐྱེས་སོང་། ཉ྄་ལས་ཉམས་དམའ་བའི་དུས་ཚིགས་འདིའི་ནང་མཁོ་ངོ་མ་ནི་སུ་དང་གང་། ཅི་ཡིན་ནམ། ༧གོང་ས་མཆོག་གིས་སྐུ་ཚེ་སྨད་བར་དུ་དཀའ་ལས་གང་བརྒྱབ་པ་དག་ཀྱང་གེ་སེར་བཞིན་གྱི་བོད་གངས་ཅན་པ་དག་བྱམས་དང་བརྩེ་བས་བསྐྱངས་བས་ན་བདག་སེམས་ཁེངས་ནས་ཡོད། མཐར་གཏུགས་ན་བོད་གངས་ཅན་པ་དག་གིས་འདས་སོང་གི་དུས་ཡུན་ནང་གེ་སེར་རྒྱལ་བོ་མཆོག་གི་བཀའ་གསུང་ཅི་ལྟར་བསྒྲུབས་པ་ནས་གུས་བརྩི་ཅི་འདྲ་བྱས་མིན་བཞིན། ད་ལྟའི་དུས་ལ་འུ་ཅག་གིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་སྙིང་ལ་རུས་བ་བསྐྱེད་ཐུབ་ན་ཅི་མ་རུང་ཨང་་་། ཡིག་ནོར་དང་དོན་ནོར་གང་བྱུང་ལ་དགོངས་སེལ་ཡོང་བ་ཞུ།
རྩོམ་ཡིག་འདིའི་མཇུག་ལ།
“དེས་ན་རང་ཅག་གིས་བོད་མི་རིགས་ཀྱི་རིག་གཞུང་གི་མ་རྐང་ལྟ་བུ་དང་། བོད་མི་རིགས་ཀྱི་སེམས་ཁམས་དང་རེ་བ་ཡོངས་སུ་མཚོན་ཐུབ་མཁན་ཏེ། ༼བྱམས་སྙིང་རྗེ་༽དང་༼དཔའ་བློ་སྟོབས་༽ ཞེས་པ་འདི་གཉིས་ཀ་ཅིག་ཅར་དུ་འཛིན་རྒྱུ་དང་། རང་གི་སྤུན་ཟླ་ནང་ཁུལ་ལ་མི་རིགས་རང་གི་བླ་དང་སྲོག་དེ་གང་ཐུབ་ཐུབ་ཅིག་བསྐྱར་གསོ་བྱ་རྒྱུ་གལ་ཆེན་པོ་རེད་འདོད”ཅེས་ཁ་གསལ་བོ་སྡོམ་ཚིག་ཅིག་བཀོད་འདུག་པ་འདི་རྩོམ་ཡིག་འདིས་བཤད་འདོད་པའི་སྙིང་དོན་ཡིན་ན་འདི་མི་གོ་མཁན་ཞིག་ཡོད་རྒྱུ་མ་རེད་འདོད།
ཡིན་ན་ཡང་མི་གཉིས་ཀྱིས་མ་གཏོགས་གོ་དོན་མ་གོ་བ་བདེན་ན། འབྲི་མཁན་ལ་ཡང་ཞན་ཆ་ཞིག་ཡོད་པ་མིན་ནམ།
སྤྱིར་བཏང་སྒྱུ་རྩོམ་རིགས་ཡིན་ན་གཞན་སུ་ཞིག་གི་མི་གོ་བ་ཞིག་བྲིས་ཀྱང་མ་ཆོག་པ་མེད་མོད། བསམ་ཚུལ་དང་དཔྱད་བརྗོད་རྩོམ་ཡིག་ནང་ལ་ཀློག་པ་པོ་ཚང་མས་གོ་ཐུབ་པ་ཞིག་བྲིས་ན་དགེ་མཚན་ཆེ་བར་འདོད། གལ་ཏེ་ཚང་མས་གོ་དགོས་པ་ཞིག་དང་གླེང་དགོས་པ་ཞིག་ཡིན་ན་ཁ་གསལ་ན་ཕན་ཐོག་གི་རེད་སྙམ་པ་འདི་བསམ་ཚུལ་སྤེལ་མཁན་ཚང་མར་ཞོར་དུ་སྨྲས་པའོ།
གེ་སར་རྒྱལ་པོ་དང་ཏྰ་ལའི་བླ་མ། ཞེས་པའི་རྩོམ་ཡིག་འདིའི་ཚིག་གི་འགོ་བརྗོད་སྤེལ་བཏང་གི་ཆ་ནས་ཚིག་སྔ་ཕྱིའི་གོ་དོན་ལས་གེ་སར་རྒྱལ་པོ་དེ་ཨང་དང་པོ་དང་ཏྰ་ལའི་བླ་མ་ནི་ཨང་རིམ་གཉིས་པ་རེད་ཅེས་པའི་དོན་དུ་གོ་དགོས།
དེ་ནས་གེ་སར་རྒྱལ་པོ་དེ་བོད་མིའི་ཚོའི་འཚོ་བའི་ནང་སྙན་གྲགས་ཆེ་རབ་དང་ཏྰ་ལའི་བླ་མའི་སྙན་གྲགས་ཆུང་རབ་ཀྱི་མཚུངས་བསྡུར་བཀོད་པ།
ཡང་གེ་སར་རྒྱལ་པོ་དྲག་པོ་ཡིན་དང་ཏྰ་ལའི་བླ་མ་ནི་ཞི་བ་ཡིན་ཚུལ་གྱིས་མཚུངས་བསྡུར་བྱས་པ།
གེ་སར་རྒྱལ་པོའི་དྲག་པོས་སོ་སོའི་རང་ས་དང་རྒྱལ་ཁབ་བསྲུང་ཐུབ་པ་དང་ཏྰ་ལའི་བླ་མའི་ཞི་བས་རང་ས་དང་རྒྱལ་ཁབ་བསྲུང་མ་ཐུབ་པའི་གོ་དོན་བཀྲལ་བ།
གེ་སར་རྒྱལ་པོའི་དཔེ་དེབ་ ༧༠ ལྷག་གཅིག་འགྲེམས་སྤེལ་དང་མཐོང་རྒྱུ་ཡོད་ཀྱང་ཏྰ་ལའི་བླ་མའི་དཔེ་དེབ་དེ་འདྲ་མང་པོ་མཐོང་རྒྱུ་མེད་པའི་གོ་རྒྱུ་བྲིས་པ།
ད་དུང་གེ་སར་དེ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་ཏྰ་ལའི་བླ་མ་ཡང་སྤྱན་རས་གཟིགས་སུ་གྲུབ་ཏེ་གཅིག་ཤོས་སྔར་གྱི་སྤྱན་རས་གཟིགས་དེ་འཇོན་རབ་དང་ད་ལྟའི་སྤྱན་རས་གཟིགས་ཏེ་ཉམས་རབ་ཀྱི་གོ་དོན་དུ་བཀྲལ་བའི་རྩོམ་གཞི་གཅིག་ཏུ་གོ་རྒྱུ་འདུག
ཡིན་ནའང་ངས་གསལ་པོར་བརྗོད་དགོས་པ་ཞིག་ལ་ཏྰ་ལའི་བླ་མ་ཟེར་བ་དེ་བོད་ཀྱི་སྔ་རབས་ནས་ད་ལྟའི་བར་དུ་བོད་ལ་དྲིན་ཆེན་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་པའི་མི་ཞིག་ཡིན་པ་ཡོངས་གྲགས་རྒྱལ་རབས་དང་ལོ་རྒྱུས་སོགས་ཀྱི་ནང་དུ་འཁོད་ཡོད་པ་ལྟར་ཡིན།
ཡིན་ནའང་གནའ་བོའི་བོད་ཀྱི་རྟོག་བཟོའི་གེ་སར་རྒྱལ་པོ་ཟེར་བ་དེ་བྱུང་བ་དབང་དུ་བཏང་ན་ཡང་བོད་སྤྱི་ལ་ཁྱབ་པའི་བོད་ལ་དྲིན་ཆེན་བྱས་པའི་རྒྱལ་པོའི་རྒྱལ་རབས་ཀྱི་སྒལ་ཚིགས་དང་ཚངས་ཐིག་གི་ནང་དུ་འཁོད་མེད།
ད་ལྟའི་འཆར་བོད་མི་འགའ་ཤས་ཤིག་གིས་མཧྰ་གུ་རུས་གསུངས་པ་ལྟར་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་ཞེས་པ་ལྟར་༸ གོང་ས་སྐྱབས་མགོན་ཏྰ་ལའི་བླ་མའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་དེར་ཞིབ་ཏུ་བསམ་གཞིགས་བྱེད་མ་ཐུབ་མཁན་འགར་ལེགས་པར་བསམས་ན་སེམས་སྐྱོ་དགོས་པའི་གནས་སྟངས་གཅིག་ཡིན།
གང་ཡིན་ཟེར་ན་ཨ་མདོའི་ཕ་བཟང་གི་བུ་མཁས་དབང་དགེ་ཆོས་ཀྱིས། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།
བསམ་བཞིན་ངུ་མ་དགོད་ཀྱི་སྣང་བ་ཞིག་འཆར་བྱུང་།། ཟེར་བའི་ཚིག་དེ་ལྷང་ངེར་སྣང་བར་འཆར་བྱུང་ངོ།།
ངས་རྩོམ་ཡིག་འདི་བཀླགས་ཚར་རྗེས་ཅི་ཞིག་བཤད་ཀྱི་ཡོད་པ་མཇུག་བསྡོམས་རྒྱག་ཐུབ་མ་སོང་། ཡང་སྙིང་གླང་རི་རྒྱལ་གྱིས་གཏམ་རྒྱུད་ནང་གི་རི་མོར་གྱུར་བའི་རྟོག་བཟོ་གེ་སར་དང་། དངོས་དོན་ལག་ཐོགས་ཀྱི་རྒྱལ་བ་རིན་པོ་ཆེ་གཉིས་བསྡུར་ནས་ཚད་འཇལ་གྱི་ཡོད་པ་འདྲ་བོ། ཡང་ན་ཨ་རིའི་སྒྲོ་ལོར་དང་རྒྱ་གར་རོ་པེ་གཉིས་ཀྱི་ཁུགས་སོ་དྲོན་མོའི་སྟེབས་བརྩེགས་འོག་ན་རང་དོན་ཁུར་དུ་ལྕི་ལ་སྐབས་སྐབས་སུ་འདས་ལོག་དང་གཉིད་གཏམ་ཐལ་བཞིན་པའི་འཇམ་ལྷ་གཉིས་བཟང་རབས་དང་ཡག་རབ་བཤད་ཀྱི་ཡོད་པ་འདྲ་བོ། མདོ་དོན་ད་ང་རང་མགོ་ཉོག་སོང་། ཕལ་ཆེར། བོད་ནས་རྒྱ་གར། རྒྱ་གར་ནས་ཁ་ན་ཌ། དེ་ནས་རྒྱ་ནག འཛམ་བུ་སོགས་མང་པོས་་་་་་་་་་་་་་་་་་་་་་་་་་་་་་་་་?
བཀྲ་ཤིས་སྒྲོལ་མ་ལགས་ཕེབས་པར་དགའ་བསུ་ཞུ། གསར་བརྗེ་སྐྱབས་ལགས་ཀྱིས་བཤད་པ་ལྟར། ཕོ་ཁྱོ་ག་མང་པོ་ཞིག་ཡོང་རུང་ངས་གང་བཤད་པའི་གོ་བ་མ་ལོན་པར། བུ་མོ་གཅིག་ཡོང་སྟེ་སྒོག་ཤུན་བཤུས་པ་ལྟར་གསལ་བོ་བཟོས་པར་ཐུགས་རྗེ་ཆེ།
འཇིགས་མེད་སེངྒེ་ལགས་ཀྱིས་ཅི་བསམ་ན་དེ་ལྟར་དུ་སོམས། གསར་བརྗེ་སྐྱབས་དང་ངེད་གཉིས་ཀྱིས་ཕན་ཚུན་ལ་བསྟོད་རེས་བྱས་པའི་ཚིག་བརྗོད་དུམ་བུ་རེ་འདྲེན་རྒྱུ་ཡོད་ན་ཡང་འོ་ཙི་རེད་དེ། དེ་འདྲ་མེད་སྙམ།
གཡུ་རལ་བཀྲ་རྒྱམ་དང་ཆབ་བྲག་ལྷ་མོ་སྐྱབས་གཉིས་ཀས་བསམ་ཚུལ་བཏོན་པར་དགའ་ཡོད།
ནད་པ་ལགས་ཀྱིས་བཤད་ཀྱིན་པ་དེ་ཡང་ཕྱོགས་ཙམ་བཤད་ཡོད་འདོད། དཔེར་ན། སྐུ་མདུན་ཚེ་སྟོད་ལ་མ་གཏོགས་བོད་ནས་བཞུགས་མ་ཐུབ་པའི་གནས་སྟངས་སྐབས་སུའོ། དེ་ལས་ལྷག་པའི་བསམ་ཚུལ་ཞིག་རྒན་ལྷ་མོ་སྐྱབས་ཀྱིས་བཤད་འདུག་ན་གནས་སྐབས་དེ་ཙམ་མོ།