གཟའ་སྤེན་པའི་ཉིན་ཨི་རི་སིའི་རྒྱལ་ས་མའོ་སུ་ཁའོ་རུ་མི་མང་ཁྲི་ ༡༢ ལྷག་འདུ་འཛོམས་ཀྱིས། སྲིད་བློན་ཕུའུ་ཅིན་སྲིད་སྟེགས་ནས་འབབ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་འདུག
ཁ་སང་ཕྱི་ཚེས་ ༢༤ ཉིན། ཨི་རི་སིའི་རྒྱལ་ས་མའོ་སི་ཁའོ་(central Moscow)རུ་ད་ལྟའི་སྲིད་བློན་ཕུའུ་ཅིན་(Vladimir Putin) གྱིས་འདས་པའི་ལོ་ ༡༢ རིང་ཆབ་སྲིད་དབང་འཛིན་བྱས་པའི་མ་ཚད། ད་དུང་མུ་མཐུད་སྲིད་འཛིན་འོས་བསྡུ་ལངས་རྒྱུའི་ཧམ་སེམས་ལ་མི་མང་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཐེངས་འདིའི་ངོ་རྒོལ་ཁྲོམ་སྐོར་སྐབས་མི་མང་ཁྲི་ ༡༢ ལྷག་འདུ་འཛོམས་བྱུང་ཡོད་འདུག ངོ་རྒོལ་བ་ལས་འགུལ་བ་རྣམས་ཀྱིས་ “ཨི་རི་སི་ལ་ཕུའུ་ཅིན་མི་དགོས” ཞེས་པའི་སྐད་འབོད་བྱས་ཡོད་པ་མ་ཟད། ཉེ་ཆར་གྱི་ཨི་རི་སིའི་གཡོ་འཁྲབ་རང་བཞིན་ཅན་གྱི་འོས་བསྡུ་དེར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། ངོ་རྒོལ་ལས་འགུལ་ཁྲོད་ཞུགས་མཁན་དག་གིས་བརྗོད་པ་ལྟར་ཐེངས་རྗེས་མའི་ལས་འགུལ་སྐབས་མི་མང་ཁྲི་བརྒྱ་ཕྲག་འགའ་འདུ་འཛོམས་བྱ་རྒྱུ་ཡིན་པ་རེད། ཉེན་རྟོག་སྡེ་ཁག་གིས་ཐེངས་འདིའི་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་མཁན་མི་མང་ཁྲི་ ༢ དང་སྟོང་ ༨ ཡོད་སྐོར་བརྗོད་འདུག
དེ་སྔའི་ཨི་རི་སི་དམར་ཤོག་གཅིག་སྡུད་གཞུང་གི་ཆེས་མཐའ་མའི་སྲིད་འཛིན་དང་ཨི་རི་སི་ལ་དམངས་གཙོར་སྒྱུར་བྱེད་མཁན། ད་ལྟ་དགུང་ལོ་ ༨༠ སོན་པའི་གྷོར་བྷ་ཆའོ་ཧྥི་(Mikhail Gorbachev) ལགས་ཀྱིས་ཀྱང་ཐེངས་འདིའི་འོས་བསྡུའི་ཐད་སྐྱོན་བརྗོད་ནན་མོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༢༤ ཉིན་མི་མང་གི་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཏེ། ཕུའུ་ཅིན་སྐྱར་དུ་སྲིད་འཛིན་འོས་བསྡུར་ལངས་རྒྱུར་ངོ་རྒོལ་བྱས་ཡོད་པ་རེད། ཁོང་གིས་གསར་ལམ་ཁག་གིས་བཅར་འདྲིའི་སྐབས། “ ངས་ད་ལྟ་རང་ཕུའུ་ཅིན་སྲིད་སྟེགས་ནས་འབུད་དགོས་པའི་སྐུལ་མ་གཏོང་གི་ཡོད། ཁོས་ཐེངས་གཉིས་ལ་བསྟུད་མར་སྲིད་འཛིན་དང་། ཐེངས་གཅིག་ལ་སྲིད་བློན་གྱི་དབང་ཆ་བཟུང་སྟེ། ཁྱོན་བསྡོམས་ཐེངས་གསུམ་ལ་ཨི་རི་སིའི་ཆབ་སྲིད་ཀྱི་དབང་ཤུགས་བཟུང་བ་རེད། ད་དུང་མུ་མཐུད་དུ་སྡོད་དགོས་དོན་མི་འདུག ” ཅེས་བརྗོད་ཡོད་པ་དང་། དེ་བཞིན། ཨི་རི་སིའི་དཔལ་འབྱོར་བློན་ཆེན་ཟུར་པ་ཁའི་ཌི་རཱེན་(Alexei Kudrin) ཀྱང་ཉིན་དེར་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཏེ་འོས་བསྡུ་བསྐྱར་དུ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
ཕུའུ་ཅིན་ནི་ལོ་ ༥༩ ཡིན་པ་དང་། ད་ལྟ་ཁོས་ཨི་རི་སིའི་སྲིད་བློན་དང་། ཨི་རི་སི་གཅིག་སྡུད་ཚོགས་པའི་ཚོགས་གཙོ། ཨི་རི་སི་དཀར་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཆེ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་ཁུར་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
ཨི་རི་སི་དང་ཕུའུ་ཅིན་ལབ་ན་སུ་གང་གིས་ཧ་གོ་ས་མ་རེད། གང་ཡིན་ཞེ་ན། ངའི་དེང་བར་བོད་སྐད་དུ་ར་ཤའི་ཡའི་རྒྱལ་ཁབ་ཀྱི་མིང་ལ་ཨུ་རུ་སུ་མ་གཏོགས་ཨི་རི་སི་བྲིས་པ་ཞིག་རྩ་ནས་གོ་ཐོས་མ་མྱོང་། གཅིག་བྱས་ནའང་ང་ལྟ་རྒྱ་དང་མཐོང་རྒྱ་ཆུང་དྲག་པའི་རྐྱེན་ཡིན་སྲིད།
དེ་བཞིན་སྲིད་འཛིན་ཕུའུ་ཅིན་ལབ་ན་ཡང་བཏག་བཏག་ཞིག་མ་རེད། པུའུ་ཊིང་ངམ་ཡང་ན་པུའུ་ཏྲིང་ཡིན་དགོས། དེ་ལྟ་བུའི་སྒྲ་བསྒྱུར་བྱེད་དགོས་པ་ཞིག་ལ་བྱེད་སྟངས་མི་ཤེས་པ་འདི་དངོས་གནས་ཐབས་སྡུག་པོ་རང་རེད། ཡིད་གཟབ་བྱོས།