མེ་འཁོར་དོན་རྐྱེན་གྱི་ཉེས་ཅན།
ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་གཞུང་གིས་ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ཝུན་ཀྲིག་ཏུ་མེ་འཁོར་གདུང་ཐུག་དོན་རྐྱེན་སྐོར་གྱི་ཉེས་ཅན་རྩད་གཅོད་གྱི་ཁྲིམས་ཞིབ་མཇུག་འབྲས་ཕྱིར་བསྒྲགས་བྱས་ཏེ། ལྕགས་ལམ་བཟོ་སྐྲུན་སྡེ་ཁག་གི་མགོ་གཙོ་ལིག་ཀྲི་ཅོན་དང་། དེ་སྔའི་འགྲིམ་འགྲུལ་སྡེ་ཁག་གི་མགོ་གཙོ་ཀྲང་ཧྲུའུ་ཀུང་། ཉེ་ཆར་ཕྱི་ཟླ་ ༨ ནང་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་པའི་ཐུང་ཧའོ་བཟོ་སྐྲུན་ལག་རྩལ་ཁང་གི་སྦྱིན་བདག་མཱ་ཁྲིན་ལེ་གསུམ་གཙོས། འབྲེལ་མི་སྣ་ ༥༤ ལ་ཉེས་ཆད་བཅད་ཡོད་འདུག
པེ་ཅིན་མེར་བསྲེགས་ངོ་རྒོལ།
༢༠༡༢ ཟླ་ ༡ ཚེས་ ༡ ཉིན་རྒྱ་ནག་ཐེན་ཨན་མེན་ཐང་ཆེན་དུ། ཧི་ནན་གྱི་གཏུགས་བཤེར་པ་ཅཱང་ཧྥན་དང་ནའེ་ལན་ནཱ། ཅི་ལིན་གྱི་གཏུགས་བཤེར་བ་ཀྲའོ་ཡོན་ཞཱ་བཅས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་འཕྲལ་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག གཞན་ཡང་། ཉིན་དེར་ཞུ་གཏུགས་བྱེད་མཁན་མི་ ༥ ཡིས་ཐེན་ཨན་མཱན་ཐང་ཆེན་དུ་གཏུགས་བཤེར་ཡིག་ཆ་འགྲེམས་གཏོར་བྱས་ཡོད་འདུག ཧྲན་ཏུང་ཆིན་ཏའོ་ཡི་གཏུགས་བཤེར་པ་ལཱན་ཞིག་ལཱིན་གྱིས་གསར་ལམ་ཁག་ཏུ་རང་ཉིད་ཀྱི་དངོས་མཐོང་གནས་ཚུལ་ཁག་བརྗོད་པ་ལྟར་ན། ཧི་ནན་གཏུགས་བཤེར་པ་ཅཱང་ཧྥན་གྱིས་ཐེན་ཨན་མན་ཐང་ཆེན་གྱི་ཅཱིན་ཧྲིས་ཟམ་པའི་ཉེ་འགྲམ་ནས་གློ་བུར་དུ་ཤེལ་དམ་ཞིག་བཏོན་དེ་རང་ལུས་ལ་རྡོ་སྣུམ་བླུགས་ཏེ་མེ་སྦར་མ་ཐག དེ་གར་སྐོར་སྲུང་བྱེད་བཞིན་པའི་མི་དམངས་དཀྱིས་མའི་ལྭ་བ་གྱོན་པའི་ཉེན་རྟོག་པ་འགས་བཙན་ཤུགས་ཀྱིས་ཁོ་མོ་ས་ལ་མནན་དེ་མེ་བསད་རྗེས་གཅར་རྡུང་བཙན་ཁྲིད་བྱས་ཡོད་པ་དང་། སྐབས་དེར་ཅཱང་ཧྥན་གྱིས་ “རུལ་སུངས་བ་རྩ་རྫོགས་བྱེད་དགོས། རུལ་སུངས་དཔོན་རིགས་ཀྱིས་ང་རང་མུ་མཐུད་འཚོ་ཐབས་བྲལ་བའི་གནས་སུ་བསྐྱལ་སོང་། ” ཞེས་སྐད་འབོད་བྱས་ཡོད་འདུག
ཁྲིན་ཧྲེ་པེན་གྱི་འབོད་སྐུལ།
ཕྱི་ཟླ་ ༡ ཚེས་ ༡ ཉིན་ཐེ་ཝན་གྱི་སྲིད་འཛིན་ཟུར་བ་ཁྲིན་ཧྲེ་པེན་གྱི་བུ་ཁྲིན་ཀྲི་ཀྲུང་དང་བུ་མོ་ཁྲིན་ཞིན་ཧའོ་གཉིས་ཀྱིས། ད་ལྟ་བཙོན་འོག་ཏུ་ཡོད་པའི་ཕ་རྒན་གྱི་ངག་བཅོལ་ལྟར་འབོད་སྐུལ་རིགས་ ༣ སྤྱི་བསྒྲགས་བྱས་ཡོད་འདུག འབོད་སྐུལ་དེ་དག་ནི། གཅིག ཁྲིན་ཁྱིམ་རྒྱུད་ཀྱི་མགོ་བོ་བསྐྱར་དུ་འདེགས་ཐབས་སུ། ཀོ་ཞོན་ཡུལ་མིས་ས་གནས་འཐུས་མིའི་འོས་ཤོག་ཁོའི་བུ་ཁྲིན་ཀྲི་ཀྲུང་ལ་འཕེན་རྒྱུ། གཉིས། གོ་མིན་ཏང་ཚོགས་པས་བསམ་བཞིན་ཡུས་ཁྲང་རྙོག་དྲ་བཟོས་ཏེ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཚེ་ཡཱན་བུན་ལ་གནོད་སྐྱོན་བཟོ་བཞིན་པའི་བྱ་སྤྱོད་མཚམས་འཇོག་མི་སྲིད་ལ། དེ་སྔོན་ཁྲིན་ཧྲིས་པེན་ནག་གསུབ་བཏང་བའི་དོན་རྐྱེན་དང་འདྲ་བར། དམངས་གཙོ་ཚོགས་པ་ནི་རུལ་སུངས་ཀྱི་ངོ་བོ་ཞིག་ལ་སྒྱུར་ཐབས་ཀྱི་ངན་སེམས་བཅངས་པ་ཞིག་དང་།ཐེ་ཝན་མི་མང་གིས་རང་ཉིད་ལ་མཐོང་ཆུང་བྱས་པ་ཞིག་ཡིན་པ། གསུམ། ཁྲིན་ཁྱིམ་རྒྱུད་ཀྱིས་ཐེ་ཝན་མི་རིགས་ཀྱིས་རང་ཡུལ་རང་སྐྱོང་གི་འཐབ་རྩོད་ལས་བྱུང་བའི་ནག་ཉེས་འཁུར་འདུན་ཡོད་ལ། ཁོ་བོས་ལོ་ ༨ རིང་སྲིད་བསྐྱངས་པའི་རིང་ཐེ་ཝན་གྱི་བདག་དབང་སྲུང་སྐྱོབ་དང་། ས་གནས་རང་གི་རིན་ཐང་མངོན་འགྱུར་བྱས་ཡོད་ལ། ཕྱོགས་ཡོངས་ནས་གོ་མིན་ཏང་ཚོགས་པའི་སྲིད་སྐྱོང་གྲུབ་འབྲས་ལས་རྣམ་པར་རྒྱལ་ཡོད་པ་བཅས་བསྒྲགས་འདུག
ཡུ་གུར་བ་མི་ ༧ བསད་འདུག
ཕྱི་ཚེས་༢༨ཉིན་གྱི་མཚན་མོའི་ཆུ་ཚོད་༡༡ཙམ་ལ།ཤིན་ཅང་ཕིས་ཧྲན་རྫོང་དུ་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་ཡུ་གུར་ངོ་རྒོལ་བའི་བར་འཁྲུག་འཛིང་ཤོར་ཏེ།ཡུ་གུར་ངོ་རྒོལ་བ་མི་༧དམར་གསོད་དང་།མི་༤ལ་རྨས་སྐྱོན་དང་མི་༤འཛིན་བཟུང་བྱས་ཡོད་པ་དང་།འཁྲུག་འཛིང་སྐབས་ཉེན་རྟོག་པ་མི་༡རྐྱེན་འདས་དང་མི་༡ལ་རྨས་སྐྱོན་བཅས་ཕོག་ཡོད་འདུག དེ་བཞིན།ཉེ་སྔོན་སྟོན་པ་ཡུ་ཤིའི་འཁྲུངས་སྐར་དུས་ཆེན་གྱི་སྐབས་དང་བསྟུན་ནས།ཤིན་ཅང་ས་ཁུལ་ཁག་ནང་ཞིབ་བཤེར་འདྲི་གཅོད་ཀྱི་ལས་འགུལ་སྤེལ་ཏེ།ཡུ་གུར་བ་མི་༢༠འཇུ་བཟུང་དང་།ས་གནས་མང་ཚོགས་ལ་གཅར་རྡུང་འཇིགས་སྐུལ་བྱས་ཡོད་པ་མ་ཟད། ཡུ་གུར་ཆོས་ལུགས་མི་སྣ་མང་པོ་རྒྱ་གཞུང་གི་འཇུ་བཟུང་འོག་གར་སོང་ཆ་མེད་གྱུར་ཡོད་འདུག
བོད་ནང་།
ནང་མི་ ༤ གར་སོང་ཆ་མེད་དུ་གྱུར།
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་མཁན་ཆབ་མདོ་ཀརྨ་དགོན་པའི་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཆུང་མ་དང་བུ་ཕྲུག་གཉིས་བཅས་ཁྱོན་བསྡོམས་ནང་མི་ ༤ ཉེ་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག དེ་བཞིན། རྒྱ་གཞུང་གིས་ཀརྨ་དགོན་གྱི་གྲྭ་ཚེ་དབང་དགེ་འཕེལ་དང་། ཚེ་བརྟེན་དབང་རྒྱལ། ཡེ་ཤེས་ནོར་བུ། ཆོས་ཀྱི་ཉི་མ། ཚུལ་ཁྲིམས་ཆོས་འཕེལ། ཆོས་དབྱིངས། པད་མ་འཕྲིན་ལས། དངོས་གྲུབ་རིན་ཆེན། ཤེས་རབ་རྡོ་རྗེ། ཚུལ་ཁྲིམས་ཕུན་ཚོགས་བཅས་ལ་འབར་རྫས་འགས་གཏོར་གྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་འདུག
རྒྱ་ཁང་རྒྱག་རྒྱུའི་བཙན་བཀའ།
ཉེ་ཆར་བོད་ནང་གི་བོད་མི་ཞིག་གིས་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་པ་ལྟར་ན། ན་ནིང་ནས་བཟུང་རྒྱ་གཞུང་གིས་ཁམས་དཀར་མཛེས་ཁུལ་གྱི་བོད་མི་ཚོར་རྒྱ་ཁང་གསར་སྐྲུན་བྱས་ཚེ་ཁང་བ་འཛུགས་སྐྲུན་གྱི་འགྲོ་གྲོན་ཕྱེད་ཀ་རྒྱ་ནག་གཞུང་གིས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། བོད་མི་ཚོས་དང་ལེན་མ་བྱས་པར་བརྟེན། དཀར་མཛེས་རྫོང་གི་དཔོན་རིགས་ཀྱིས། ས་གནས་ཤང་དང་ཆུའུ་ཡི་ལས་བྱེད་རྣམས་ལ་ཚོགས་འདུ་བསྐངས་ཏེ། བོད་མི་ཚོའི་རང་ངོས་ནས་རྒྱ་ཁང་གསར་རྒྱག་མ་བྱས་ཚེ། གནས་བབ་དང་བསྟུན་ནས་གནོན་ཤུགས་ཀྱི་བྱ་ཐབས་གསར་བ་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
ཐོངས་མཆན་བཀག་འགོག
ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་བལ་པོའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ། བལ་ཡུལ་ནང་ཕྱི་བསྐྱོད་ཐོངས་མཆན་ཞུ་མཁན་མདོ་དབུས་ཁམས་གསུམ་གྱི་ས་གནས་ཁག་ནས་ཡོང་བའི་བོད་མི་མང་པོ་འཛོམས་ཡོད་ཀྱང་། བལ་པོ་གཞུང་ཚབ་ཁང་གིས་བོད་མི་དེ་དག་ལ་ཕྱི་སྐྱོད་ཐོངས་མཆན་སྤྲོད་ཀྱི་མེད་པ་རེད། དེ་ནི་ཉེ་ཆར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གསུང་ལ་ཉེ་སྟབས། རྒྱ་གཞུང་གིས་བོད་མི་རྣམས་དུས་འཁོར་དབང་ཆེན་དུ་བསྐྱོད་རྒྱུར་བཀག་འགོག་ཆེན། བལ་པོ་གཞུང་ཚབ་ཁང་ལ་གནོན་ཤུགས་སྤྲད་པ་ཞིག་ཡིན་འདུག
རི་ལི་འཛིན་བྱང་ལ་དམ་དྲག།
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༧ ནས་བཟུང་བོད་ནང་བསྐྱོད་པའི་རི་ལིའི་འཛིན་བྱང་ཉོ་སྐབས། དོ་བདག་སོ་སོའི་སྡོད་གནས་དང་ལས་ཀ་སོགས་ངོ་ཐག་ཆོད་པའི་ལག་ཁྱེར་དགོས་པའི་སྒྲིག་གཞི་གསར་བ་གཏན་འབེབས་བྱས་ཡོད་འདུག ལྷ་སའི་རི་ལི་འབབ་ཚུགས་ཀྱི་ཉེན་རྟོག་པས་བརྗོད་པ་ལྟར་ན། བོད་ནང་བསྐྱོད་མཁན་འགྲུལ་པ་ཚོར་རི་ལིའི་ནང་འཛུལ་སྐབས་ངོ་ཐག་ཆོད་པའི་ལག་འཁྱེར་རིགས་དགོས་པ་དང་། དེ་ནི་ཕྱི་ཟླ་ ༢ ཚེས་ ༢༢ ནས་ ༢༨ བར་གྱི་དུས་ཆེན་སྐབས་འགྲུལ་བ་མང་པོ་ཡོད་པའི་དུས་ཚིགས་ལ། རི་ལི་འཛིན་བྱང་གི་རིན་གོང་ཆེན་པོ་བྱས་ནས་བཙོང་གི་ཡོད་པའི་གནས་སྟངས་འགོག་ཐབས་ཡིན་ལུགས་བརྗོད་ཡོད་པ་རེད།
ནག་ཉེས་མེད་པའི་གསལ་བཤད།
ལྷོ་ཕྱོགས་འབྲས་སྤུངས་དགོན་གྱི་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་པ་ལྟར་ན།ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བཙོན་ཁང་དུ་ནང་མིར་ཡི་གེ་ཞིག་སྤྲད་ཡོད་པའི་ནང་།ད་ལྟ་སྐབས་ཁོང་གི་གཟུགས་གཞིར་ནད་གཞི་ཚབས་ཆེན་གྱི་རིགས་གང་ཡང་བྱུང་མེད་པ་དང་།བཙོན་ཁང་ནང་ཁོང་ལ་ལྟ་རྟོག་བྱེད་མཁན་དམག་མི་དག་དང་ཕན་ཚུན་འཆམ་པོ་ཡོད་པས།ཡུལ་མི་ཚང་མས་ཁོང་གི་བདེ་ཐང་ཐད་བློ་འཚབ་གནང་མི་དགོས་ཀྱང་།ཡིན་ནའང་།ཁོང་གིས་ནག་ཉེས་ཀྱི་བྱ་སྤྱོད་ཅི་ཡང་བཟོས་མེད་ལ། རྒྱ་གཞུང་གིས་བཙན་འགེལ་བྱས་པའི་ནག་ཉེས་དེ་དག་རྩ་བ་ཉིད་ནས་ཁས་ལེན་གནང་གི་མིན།དེའི་ཐད་ཡུལ་མི་ཚང་མས་བློ་སེམས་བརྟན་པོའི་ཐོག་ནས་ཁྲིམས་གཏུགས་བྱེད་ཆོག་ཅེས་བརྗོད་ཡོད་འདུག
ཕྱི་ཚེས་༡ནས་༣བར་ཉིན་གསུམ་གྱི་སྔ་དྲོའི་ཆུ་ཚོད་༧སྟེང་།དུས་དབང་སྦྱིན་བདག་རྣམ་པ་དང་སྐུ་ཚབ་དག་གིས་དྲི་ཞིམ་སྤོས་སྣས་སྔོན་བསུས་ཏེ་གདན་འདྲེན་ཞུས་པ་ལྟར།༧གོང་ས་མཆོག་དུས་དབང་ཐང་ཆེན་དུ་ཆིབས་བསྒྱུར་དང་བཞུགས་ཁྲིར་ཞབས་སོར་འཁོད་དེ་ས་ཆོག་མཛད་ཡོད་ལ།ཉིན་གསུམ་རིང་བསྟུད་མར་ཉིན་རྒྱབ་ཀྱང་དེ་ལྟར་དུས་དབང་ཐང་ཆེན་ནས་ས་ཆོག་མཛད་ཡོད་པ་རེད།
རྒྱལ་བ་ཀརྨ་པའི་གསུང་འཕྲིན།
ཕྱི་ལོ་༢༠༡༢ ལོ་གསར་གྱི་སྐབས་དང་བསྟུན་ནས། རྒྱལ་བ་ཀརྨ་པ་མཆོག་གིས་རྟེན་འབྲེལ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་། གསུང་འཕྲིན་དེའི་ནང་ཕྱི་ལོ་ ༢༠༡༡ ལོའི་ནང་བསམ་ཡུལ་ལས་འདས་པའི་རང་བྱུང་ཁམས་ཀྱི་གནདོ་འཚེ་དང་། འཇིག་རྟེན་མིས་བཟོས་པའི་ཁོར་ཡུག་གི་དཀའ་ངལ། དེ་བཞིན་དམག་འཁྲུག་བཅས་ཀྱི་རྐྱེན་པས་འཛམ་བུ་གླིང་འདིའི་སྒང་གི་མི་མང་པོ་ཞིག་དཀའ་ངལ་དང་སྡུག་བསྔལ་གྱི་གནས་སུ་གྱར་ཡོད། འོན་ཀྱང་། ཕྱི་ལོ་ ༢༠༡༢ ནང་ང་ཚོ་སྤྱི་ལ་དབང་བའི་འཛམ་གླིང་གི་ཁྱིམ་གཞི་འདིའི་ནང་མི་ཚང་མ་ཞི་བདེ་དང་། བདེ་སྐྱིད། འཆམ་མཐུན་ཡོང་བའི་རེ་བ་དང་སྨོན་ལམ་རྒྱག་གི་ཡིན་ཞེས་གསུང་འདུག
ཕྱི་ཚེས་༢ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསར་འགོད་པར།ཐེངས་འདིའི་དུས་དབང་སྐབས་རྒྱ་ནག་གི་གསང་ཉུལ་བ་༡༠༠༠ནས་ ༡༥༠༠བར་ཡོང་སྟེ།བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོ་དང་ཁོང་ཚོའི་ལས་དོན་ལ་རྒྱུས་ལོན་བྱེད་ཀྱི་ཡོད་ཀྱང་།བཙན་བྱོལ་བོད་མིའི་ལས་དོན་ཚང་མ་ཕྱི་གསལ་ནང་གསལ་ཡིན་པས་རྒྱ་ནག་གི་གསང་ཉུལ་བ་ཅི་ཙམ་ཡོད་ཀྱང་དེ་ལ་དཀའ་ངལ་མེད་སྐོར་བརྗོད་འདུག
ཕྱི་ལོ་༡༢ཟླ་༢ཚེས་༡༦ཉིན་འཛམ་གླིང་གི་འགྲེམས་སྟོན་ཁང་ Gorge Eastman House ཞེས་པས་བོད་ཀྱི་གྲོགས་པོ་གློག་བརྙན་འཁྲབ་སྟོན་པ་རེ་ཆཱ་ཌི་གྷེ་རི་(Richard Gere) ལ་གཟེངས་རྟགས་ཞིག་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅིང་།ཁོང་ལ་གཟེངས་རྟགས་དེ་སྤྲོད་དགོས་པ་ནི་བོད་ཀྱི་གནད་དོན་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་དུས་རྒྱུན་དུ་འགན་ལེན་དང་ནུས་ཤུགས་འདོན་གྱི་ཡོད་བཅས་ཀྱིས་ཡིན་འདུགགཟེངས་རྟགས་མཛད་སྒོའི་ལྟད་མོ་བ་ཚོར་ཟླ་༡ཚེས་༡༧ནས་མཛད་སྒོའི་འཛིན་བྱང་འཚོང་རྒྱུ་ཡིན་འདུག
བོད་རང་བཙན་རྒྱབ་སྐྱོར་མི་འདོར།
ཡོངས་གྲགས་ཐོག་བོད་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གཞས་མ་སུན་ཛ་ནའེ་ཝེ་གྷ(Sunzanne Vega) ལགས་ཀྱིས། ཕྱི་ཟླ་ ༡ ཚེས་ ༡༦ ཉིན་ཐེ་ཝན་དུ་གླུ་གཞས་འཁྲབ་སྟོན་ཆེད་ཚོགས་ཤིག་འཚོགས་རྒྱུ་ཡིན་འདུག་ལ། དེ་བཞིན་རྒྱ་ནག་ནང་དུའང་གླུ་གཞས་འཁྲབ་སྟོན་ཆེད་ཁོ་མོ་གདན་ཞུ་ཞུས་ཡོད་འདུག ཁོ་མོས་ཐེངས་འདིའི་གླུ་གཞས་འཁྲབ་སྟོན་སྐོར་བསྐྱོད་སྐབས་རང་ཉིད་ཀྱིས་ད་ལྟའི་བར་བོད་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ལངས་ཕྱོགས་དེ་འདོར་མི་སྲིད་པ་བརྗོད་འདུག
ཕྱི་ཟླ་༡༢ཚེས་༣༡ནས་ཉིན་གསུམ་རིང་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་རྡོ་རྗེ་གདན་གྱི་དུས་དབང་སྐབས། བོད་ཀྱི་དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་གྱི་གཞས་སྣ་འཁྲབ་སྟོན་ཞིག་ཚོགས་ཡོད་པ་དང་།གཞས་སྣ་འཁྲབ་སྟོན་གྱི་ཉིན་དང་པོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་ཕེབས་ཏེ།དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ཚོར་རྒྱབ་སྐྱོར་དང་།བོད་དོན་ཐད་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་འདོན་དགོས་པའི་སྐོར་བརྗོད་ཡོད་འདུག
རྒྱ་གར་གྱི་མང་གཙོ་རྒྱུས་ལོན།
ཉེ་སྔོན་ཕྱི་ཟླ་ ༡༢ ཚེས་ ༢༦ ནས་ཕྱི་ཟླ་ ༡ ཚེས་ ༣ བར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་པའི་སློབ་ཕྲུག་ཁག་ཅིག་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་ནང་གི་གནས་སྟངས་ཐད་ཟབ་སྦྱོང་སྤྲོད་བཞིན་པ་ལྟར། ཕྱི་ཚེས་ ༡ ནས་བཟུང་དགེ་སློབ་ ༨༧ ཙམ་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྲོས་ཚོགས་དང་། འགྲེམས་སྟོན་ཁང་། མཐོ་སློབ་ཁག་བཅས་སུ་ལྟ་གཟིགས་ལ་ཁྲིད་དེ། རྒྱ་གར་གཞུང་གི་མང་གཙོའི་ལམ་ལུགས་དང་མཐོ་སློབ་ཁག་གི་སློབ་གསོའི་གནས་སྟངས་སོགས་ངོ་སྤྲོད་བྱས་ཡོད་འདུག
ཕྱི་ཟླ་༡༢ཚེས་༣༠ཉིན་དུས་འཁོར་དབང་ཆེན་གྱི་སྐབས་དང་བསྟུན།རྡོར་གདན་མཆོད་རྟེན་གྱི་ཉེ་འགྲམ་དུ་སྨན་རྩིས་ཁང་གིས་བཙན་བྱོལ་དུ་སྨན་རྩིས་ཁང་གསར་འཛུགས་བྱས་ཏེ་ལོ་༥༠འཁོར་བའི་འགྲེམས་སྟོན་ཞིག་གནང་ཡོད་པ་དང་།འགྲེམས་སྟོན་དབུ་འབྱེད་དུ་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེད་པདྨ་མཁའ་འགྲོ་མཆོག་ཕེབས་ཡོད་ཅིང་།ཐེངས་འདིའི་འགྲེམས་སྟོན་ནང་སྨན་རྩིས་དབུས་འཛིན་སྐྱོང་སྡེ་ཚན་དང་ཡན་ལག་སྤྱི་ཁྱབ་སྡེ་ཚན་སོགས་ཀྱི་ཐང་ཀ་དང་སྨན་སྦྱོར།པར་རིས་སོགས་འགྲེམས་སྟོན་བྱས་འདུག
ཁ་སང་ཕྱི་ཚེས་༡སྟེ།༢༠༡༢ལོའི་ལོ་གསར་པའི་ཉིན་ལྷོ་ཀོ་རེ་ཡའི་སྲིད་འཛིན་གྱིས་ཀོ་རེ་ཡའི་ཕྱེད་གླིང་ནི་འཕོ་འགྱུར་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་།འགྱུར་པ་འགྲོ་རྒྱུའི་གོ་སྐབས་ཡོད་པ་དང་།གལ་སྲིད་བྱང་ཀོ་རེ་ཡའི་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་པ་མ་བསྟན་ཚེ་ལྷོ་ཀོ་རེ་ཡའི་ངོས་ནས་རྣོ་ངར་ལྡན་པའི་ཁ་གཏད་གཅོད་རྒྱུ་ཡིན་པ་དང་།ཕྱོགས་གཉིས་པར་ཞི་འགྲིག་གྲོས་བསྡུར་ཡོང་རྒྱུར་དང་པོ་ལྷོ་ཀོ་རེ་ཡའི་ངོས་ནས་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་བྱ་དགོས་པར་བརྗོད་ཡོད་པ་འདུགཚེས་༡ཉིན་བྱང་ཀོ་རེ་ཡ་གཞུང་གིས་མི་མང་ཚོས་རྒྱལ་ཁབ་ཀྱི་མགོ་ཁྲིད་གསར་པ་ཀེམ་ཇོང་ཨུན་མ་ཤི་པར་དུ་སྲུང་སྐྱོབ་བྱ་དགོས་པའི་བཀའ་ཁྱབ་བསྒྲགས་ཡོད་མ་ཟད།ཚེས་༣༠ཉིན་བྱང་ཀོ་རེ་ཡའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས་ཕྱི་རོལ་འཛམ་གླིང་གིས་བྱང་ཀོ་རེ་ཡའི་མགོ་ཁྲིད་གསར་པ་སླེབས་རྗེས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགྱུར་པ་འགྲོ་རྒྱུར་རེ་བ་མ་བྱེད་ཅེས་བསྒྲགས་ཡོད།ཀོ་རེ་ཡ་ལྷོ་བྱང་བར་དུས་ཡུན་རིང་པོའི་དཀའ་རྙོག་ཡོད་པ་མ་ཟད།འདས་པའི་ལོ་གཉིས་ནས་ཛ་དྲག་ཆེ་རུ་ཕྱིན་ཡོད་ཅིང་།ད་ལྟའི་ཆར་རྒྱ་ནག་གཙོས་པའི་དམར་ཤོག་རྒྱལ་ཁབ་ཁག་ཅིག་བྱང་ཀོ་རེ་ཡའི་རྒྱབ་རྩ་དང་།ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ལྷོ་ཀོ་རེ་ཡའི་རྒྱབ་རྩར་ལངས་ཡོད་པ་རེད།
སུའུ་ཌན་ལྷོ་མའི་གཞུང་གིས་པེ་བྷོར་(Pibor) ས་གནས་གྲང་ཉུང་མི་རིགས་བར་འཁྲུག་རྩོད་འབྱུང་བཞིན་པར་དམག་དཔུང་གཏོང་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུགདུས་པའི་ཟླ་འགའི་གོང་ནས་སུའུ་ཌ་ལྷོ་མའི་ནང་གི་ལོའུ་(Lou Nuer) གྲང་ཉུང་མི་རིགས་དང་མུར་ལེ་(Murle) བར་ཕྱུགས་སོག་གི་རྩོད་རྙོག་བྱུང་སྟེ་ཕན་ཚུན་ནང་འཁྲུག་གིས་མི་མང་པོ་ཤི་རྨས་ཐེབས་ཡོད་ཅིང་།ཕྱི་ཚེས་༣༡ཉིན་ལོའུ་བས་པེ་བྷོར་ས་ཁུལ་གྱི་མུར་ལེ་གྲང་ཉུང་མི་རིགས་སྟེང་དྲག་རྒོལ་བྱས་ཏེ།མུར་ལེ་མི་མང་ཁྲི་ཕྲག་འགའ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་ཅིང་།ཟིང་འཁྲུང་ཁྲོད་མི་མང་པོ་ཤི་རྨས་ཐེབས་ཡོད་ཀྱང་།ད་ཆར་ཤི་རྨས་ཐེབས་པའི་ཁ་གྲངས་ཁ་གསལ་ཤེས་རྟོགས་ཐུབ་མེད་ཀྱང་།ཉེ་འགྲམ་ས་ཁུལ་ཁག་ཏུ་ཡོད་པའི་སྨན་ཁང་གང་སར་རྨས་སྐྱོན་ཕོག་པའི་མི་མང་པོས་ཁེངས་ཡོད་འདུགསུའུ་ཌན་གཞུང་གིས་ད་སྔ་ཉེན་རྟོག་པ་༢༠༠༠ལྷག་བཏང་ཟིན་པའི་ཁར།ཕྱི་ཚེས་༣༠ཉིན་རྒྱལ་ཚོགས་བདེ་འཇགས་དམག་མི་ཡང་པེ་བྷོར་ཟིང་འཁྲུག་འགོད་པར་བཏང་ཡོད་ཀྱང་།ཟིང་འཁྲུག་འགོག་མ་ཐུབ་པར་བརྟེན།ད་ཆར་སུའུ་ཌན་གཞུང་གིས་དྲག་ཆས་དམག་མི་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
ཨེ་ཋོ་པེ་ཡའི་དྲག་ཆས་དམག་དཔུང་སོ་མཱ་ལེ་ཡའི་རྒྱལ་ཁོངས་སུ་འཛུལ་ཏེ་བྷེ་ལེ་ཌི་ས་ཁུལ་བཙན་བཟུང་བྱས་འདུགཕྱི་ཚེས་༣༡ཉིན་ཨེ་ཋོ་པེ་ཡའི་(Ethopia) དྲག་ཆས་དཔུང་གིས་སོ་མཱ་ལེ་ཡའི་བྷེ་ལེ་ཌི་ (Beledweyne) ས་ཁུལ་ལ་དྲག་རྒོལ་བྱས་ཏེ།ཨོ་ཁ་ཊའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཡིན་པའི་ཨོལ་ཤཱ་བྷབ་དྲག་སྤྱོད་དམག་དཔུང་ཕམ་པར་བརྒྱབ་སྟེ།ཨོལ་ཤཱ་བྷབ་དྲག་སྤྱོད་པས་སྟངས་འཛིན་འོག་ཡོད་པའི་བྷེ་ལེ་ཌི་སུ་ཁུལ་བཙན་འཕྲོག་བྱས་འདུགཨེ་ཋོ་པེ་ཡའི་དམག་དཔུང་སོ་མཱ་ལེའི་རྒྱོལ་ཁོངས་སུ་འཛུལ་ཏེ་ཨོལ་ཤཱ་བྷབ་ཀྱིས་སྟངས་འཛིན་འོག་ཡོད་པའི་བྷེ་ལེ་ཌི་ས་ཁུལ་བཙན་འཕྲོད་བྱས་པ་དེ་ནི་སོ་མཱ་ལེའི་གཞུང་གི་རེ་སྐུལ་ལྟར་བསྒྲུབས་པ་ཞིག་ཡིན་པར་བརྗོད་ཡོད།གནད་དོན་དེའི་ཐད་སོ་མཱ་ལེ་ཡ་གཞུང་གིས་ཁྱབ་བསྒྲགས་ཤིག་སྤེལ་པའི་ནང་།སོ་མཱ་ལེ་ཡའི་གཞུང་དང་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་ཨེ་ཋོ་པེ་ཡ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཨོལ་ཤཱ་བྷབ་དྲག་སྤྱོད་སྒྲིག་འཛུགས་ལ་ཁ་གཏད་གཅོད་རྒྱུར་འབོད་སྐུལ་ཞུས་ཡོད་འདུགཨེ་ཋོ་པེ་ཡ་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་སྐྱོ་ཤོས་ཤིག་ཡིན་པ་མ་ཟད།སྲིད་གཞུང་བརྟན་པོར་འཛུགས་མེད་པར་བར་བརྒལ་གཞུང་གིས་བཟུང་ཡོད་ཅིང་།ད་སྔ་རྒྱལ་ཚོགས་ཀྱི་ཐག་གཅོད་ལྟར་ཨ་ཧྥི་རི་ཀ་མཐུན་ཚོགས་ཀྱི་དམག་མི་༩༠༠༠ཙམ་སོ་མཱ་ལེ་ཡའི་ནང་བཏང་ཡོད་པ་རེད།
ཨར་ཇན་ཊེ་ནཱའི་མངའ་སྡེ་སྲིད་སྐྱོང་པ་ཁཱར་ལོ་སི་ལྐོག་གསོད་བཏང་འདུགཕྱི་ཚེས་༡ཉིན་ཨར་ཇན་ཊེ་ནཱའི་(Argentine) རེའོ་ནེགྷ་རོ་མངའ་སྡེའི་སྲིད་སྐྱོང་པ་ཁཱར་ལོ་(Carlos Soria)ཁོང་གི་གཟའ་ཟླ་དང་ལྷན་དུ་རང་ཁྱིམ་ན་ལོ་གསར་སྲུང་གཙི་བྱེད་བཞིན་པའི་སྐབས་སུ་ལྐོག་གསོད་པས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་འདུགཁོང་ལ་མེ་མདའ་རྒྱག་མཁན་སུ་ཡིན་སུས་ཀྱང་མཐོང་མེད་པ་དང་།ཁོང་གི་གཟའ་ཟླས་སྲིད་སྐྱོང་པ་ཁོང་ལ་ལྐོག་གསོད་པས་མེ་མདའ་བརྒྱབ་པའི་གནས་ཚུལ་བརྗོད་འཕྲད།ཛ་དྲག་མྱུར་སྐྱོབ་པ་དང་དང་བདེ་འཇགས་དམག་མི་འབྱོར་སྐབས་སྐུ་ཞབས་ཁཱར་ལོ་ཉལ་ཁྲིའི་སྟེང་རུལ་སྡོད་པའི་གཡེ་གཡོན་ཚང་མ་ཁྲག་གིས་བརླན་ཡོད་འདུག་ལ།འཕྲད་དུ་སྨན་ཁང་དུ་ཁྲིད་ཡོད་ཀྱང་སྨན་ཁང་དུ་སླེབས་རྗེས་གྲོངས་འདུགདོན་རྐྱེན་བྱུང་རྗེས་སྐུ་ཞབས་ཁཱར་ལོའི་གཟའ་ཟླར་དམིགས་བསལ་ཉེན་རྟོག་པས་འདྲི་ཞིབ་བྱེད་པར་ཁྲིད་འདུགསྐུ་ཞབས་ཁཱར་ལོ་ཁོང་ཉེ་ཆར་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་རེའོ་ནེགྷ་རོ་མངའ་སྡེའི་སྲིད་སྐྱོང་དུ་འོས་འདེམས་བྱུང་འདུག
གསར་འགོད་པ།བནྡེ་སྐྱབས།