བློ་གྲོས་རབ་བརྟན་གྱིས།
བོད་གཞུང་དྲ་བརྙན་ལས་བོད་དུ་རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱེད་བཞིན་པའི་འགུལ་བརྙན་ཞིག་མཐོང་། ང་ལ་མཚོན་ན་རྒྱ་གཞུང་གིས་བོད་མིའི་ཐོག་ལས་ཀ་དེ་འདྲ་བྱེད་བཞིན་ཡོད་པ་ཚོད་དཔག་ཐུབ་པ་ཞིག་རེད། དེ་ནི་ལོ་ངོ་༢༠ ཙམ་ལ་རྒྱ་གཞུང་གི་དབང་འོག་ཏུ་བསྡད་དུས་ཁོང་ཚོའི་ལས་ཀ་བྱེད་སྟངས་ལ་རྒྱུས་ཡོད་པས་རེད།
བོད་མི་དཀྱུས་མ་ཉིན་རེའི་འཚོ་བ་མགོ་ཐོན་ལ་མ་ཐོན་གྱི་འཚོ་བ་སྐྱེལ་མཁན་ཚོའི་ཐོག་ལ། རྒྱ་གཞུང་གི་བྱེད་བབ་ལ་བལྟས་ན་བོད་མི་དེ་དག་གིས་༩༡༡ དྲག་སྤྱོད་ལྟ་བུ་བཟོས་ལོས་ཡོད། དོན་དངོས་བོད་མི་དེ་དག་ནི་དཀར་པོ་དཀར་རྐྱང་རེད་ལ། ཁོང་ཚོས་ཞི་བའི་སྐད་འབོད་དང་ཞི་འབོད་པ་ཚོར་རྒྱབ་སྐྱོར་བྱས་ཡོད་སྲིད་ཀྱང་། ཁོང་ཚོས་དེ་ལྟར་བྱེད་དགོས་པ་དེ་ཡང་རྒྱ་གཞུང་གི་སྲིད་ཇུས་ནོར་འཁྲུལ་ཅན་དེ་རྒྱུན་མཐུད་དུ་བོད་མིའི་ཐོག་ལག་བསྟར་བྱས་པའི་དབང་གིས་རེད།
རྒྱ་གཞུང་གིས་བོད་མིར་བདེ་སྐྱིད་ཡོད་རབས་ཀྱི་ཁ་གཡང་འོག་མི་ལོ་ ༦༠ རྗེས་ད་དུང་བོད་མིའི་ཐོག་འདི་འདྲ་དྲག་སྤྱོད་སྤེལ་གྱིན་ཡོད། འདི་ནི་རྒྱ་གཞུང་ཁོ་རང་ཚོས་བོད་མིར་བདེ་སྐྱིད་ཡོད་རབས་བཤད་པའི་ནང་དོན་ངོ་མ་དེ་རེད། འདི་དག་བདེ་བ་དང་སྡུག་བསྔལ་གང་གི་རྟགས་ཡིན་པ་མི་ལ་འགྲེལ་བཤད་མང་པོ་མི་དགོས།
འདི་ནི་བོད་དུ་རྩོམ་པ་པོ་ཞིག་གིས་༼ དུས་རབས་ ༢༡ པའི་དཔལ་ཡོན་ལ་སྤྱོད་བཞིན་པའི་སྐབས་སུ་སྲིད་གཞུང་གིས་དྲག་སྤྱོད་ཁོ་ནར་བརྟེན་ཏེ་ལས་དོན་བསྒྲུབས་པ་ནི་མིའི་རིགས་ཀྱི་སྐྱོ་གར་ཆེན་པོ་ཞིག་རེད། ༽ཟེར་བ་དེ་ཁོ་ནའོ།།
རྒྱ་གཞུང་ནི་ད་ལྟའི་ཆར་མི་འབོར་མང་ཤོས་ཀྱི་རང་དབང་དང་མངོན་འདོད་རྡོག་བརྫི་བྱེད་མཁན་སྡུག་ཤོས་དེ་ཡིན། གཅིག་བསྡུས་དབང་འཛིན་པ་མཁྲེགས་ཤོས་དང་སྟོབས་ཀྱང་ཆེ་ཤོས་དེ་ཆགས་ཡོད། རྒྱ་གཞུང་གི་དབང་འོག་ཏུ་ཡོད་པའི་མི་རིགས་ཚོའི་ཁྲོད་ནས་བོད་མི་ཚོ་ནི་རང་དབང་གི་ཆེད་དུ་འཕག་རྩག་རྒྱག་མཁན་གཙོ་བོ་དེ་ཆགས་ཡོད་ལ། དེའི་དབང་གིས་སྡུག་པོ་མྱོང་མཁན་ལྟེ་བ་དེ་ཡང་ཆགས་ཡོད།
བོད་མིའི་ཐོག་རྒྱ་གཞུང་གིས་སྤེལ་བའི་དྲག་སྤྱོད་དེ་དག་རྒྱ་གར་དུ་འཚར་བའི་བོད་མི་འགས་བལྟས་རྗེས་ང་ལ་ཁྱོད་བསོད་ནམས་ཆེན་པོ་རེད་ལ། བོད་དུ་ཡོད་ན་ཁྱོད་ཀྱིས་ཀྱང་འདི་ལྟར་མྱོང་གི་ཡོད་པ་རེད་ཟེར་མཁན་བྱུང་ལ། ངས་ཁོ་ཚོར་བོད་དུ་རང་ཉིད་ཁོ་ནའི་ཆེད་མགོ་འཁོར་ནས་བསྡད་ན་ལམ་ཁ་ཡོད་པ་རེད་ལ། འདི་ལྟར་སྔུག་པོ་མྱོང་དགོས་དོན་མེད་ཅེས་ལན་བཏབ་པ་ཡིན།
བོད་པའི་གནས་སྟངས་ཉིན་བཞིན་ཛ་དྲག་ཏུ་གྱུར་བ་དང་། རྒྱ་གཞུང་གི་ལག་ཆར་གྱུར་བའི་བོད་མི་མཐོ་བ་གོང་རིམ་གྱི་དཔོན་ས་ནས་དམའ་བ་དམངས་དཀྱུས་མའི་བར་བོད་མི་སྔོན་ཐོན་པ་བོད་མགོར་སྟ་རེ་གཞུ་མཁན་འགའ་ཡང་ཐོན་ བཞིན་འདུག འདི་དག་ལ་ང་ཚོས་ཅི་ཟེར་དགོས་པ་རེད། ཁོང་ཚོར་ཁག་མེད་ཚུལ་དང་རྒྱ་གཞུང་གི་བཙན་ཤུགས་འོག་དེ་ལྟར་རེད་ལབ་ན། བོད་མི་གཞན་ཚོར་ཅི་ཟེར། མདོར་འདེད་ན་རང་ཉིད་ལ་བོད་མིའི་འདུ་ཤེས་ངེས་ཅན་ཞིག་ཡོད་མེད་རང་རེད། ཁོང་ཚོ་ནི་ང་ཚོར་གངས་ཅན་པར་མི་དགོས་པའི་གྲས་རང་རེད།
བྱེས་ཀྱི་བོད་མི་ཚོ་དང་ལྷག་ཏུ་བཙན་བྱོལ་སྒྲིག་འཛུགས་ལ་འགུལ་བརྙན་དེ་རག་ཐུབ་པ་དོན་ཆེན་རེད། འོན་ཀྱང་བེད་སྤྱོད་གཏོང་སྟངས་དང་དེ་དག་དངོས་འཛིན་བྱེད་སྟངས་ཀྱི་ཆ་ནས་འདོད་པ་མ་ཚིམ་པ་གཅིག་རྗེས་གཉིས་མཐུད་རེད། དེ་སྔོན་བོད་དུ་བོད་གནད་ཐོག་དྲིས་པའི་འགུལ་བརྙན་༼བདེན་པ་ར་སྤྲོད༽འབོད་པ་དེ་དོ་བདག་གིས་ཡིད་ཆེས་བློས་འགེལ་གྱིས་བསྐྱར་སྒྲིག་བྱེད་པར་བོད་གཞུང་ལ་སྤྲད་ཀྱང་། བོད་གཞུང་གིས་ལོ་གཅིག་ལ་མནན་བསྡད་དེ། མཐར་དོ་བདག་གིས་སྐད་ཤོར་དགོས་པ་བཟོས། ཐེངས་འདིའི་རྩ་ཆེ་བའི་བོད་གནས་ཚ་བོ་དེ་ཡང་རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཁག་ཏུ་གང་ཡང་མ་མངོན་པར་གནས་ཚུལ་དཀྱུས་མར་ལྷག་སོང་། དེར་བརྟེན་བོད་མོ་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་ཀྱང་པེ་ཅིང་མཁར་ནས་སྐད་ཤོར་འདུག
བཙན་བྱོལ་བོད་མི་ཚོར་རེག་པའི་བོད་དུ་བྱུང་བའི་ཐབས་སྡུག་གི་གནས་ཚུལ་ཧ་ཅང་ཉུང་ཉུང་རེད་ལ། བརྒྱ་ཆར་བགོས་ན་ ༡༠ ལོན་རྒྱུ་མ་རེད། དེ་དག་ཀྱང་གསར་འབྱོར་ཚོའི་འབྲེལ་ལམ་ནས་བྱུང་བ་ཤ་སྟག་རེད། གསར་འབྱོར་ཚོར་གནས་ཚུལ་ཡོད་ཀྱང་དེ་ཤོད་ས་བརྟན་པོ་ཞིག་ཀྱང་བོད་མིའི་སྒྲིག་འཛུགས་ལ་མེད། གནས་ཚུལ་དག་སྒེར་གཉེར་གསར་ལམ་ཁག་ལ་སྒྲོག་རྒྱུ་ཙམ་རེད། མཚམས་རེ་ལ་བོད་དུ་བྱུང་བའི་གནས་ཚུལ་ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ་སྔོན་དུ་ཐོན་ གྱིན་ཡོད་ལ། དེ་ནས་གཞི་ནས་བོད་མིའི་སྒྲིག་འཛུགས་ལ་རེག་གི་ཡོད་ཅིང་། གནས་ཚུལ་ཤེས་རྟོགས་མཁན་གསར་འབྱོར་རེད་ལ་གནས་ཚུལ་ཕྱི་ལ་སྤྲོད་ས་རྡ་རམ་ས་ལ་རེད།
གསར་འབྱོར་ཚོ་ནི་བོད་དུ་ལྟ་བྱེད་ཀྱི་མིག་དང་གནས་ཚུལ་རེག་པའི་བརྒྱུད་ལམ་གཅིག་པུ་དེ་རེད། དེར་བརྟེན་ཁོང་ཚོར་བོད་གནས་བསྡུ་རུབ་ལ་རོགས་རམ་དང་མཐུན་འགྱུར་གནང་སྟེ། མཉམ་རུབ་ཀྱིས་ལས་ཀ་བྱེད་ཐུབ་ན་སྔར་ལས་ལྷག་གི་བོད་གནས་མང་པོ་རེག་ཐུབ་པར་མ་ཟད། ང་ཚོའི་ལོ་དྲུག་ཅུའི་རིང་གི་གནས་ཚུལ་མང་པོ་ཁ་གསབ་དང་གསལ་ཁ་འདོན་ཐུབ་པའི་གོ་སྐབས་ཤིག་ཀྱང་ཡོད་པ་རེད།
དུས་ཚོད་ནི་རྫོགས་བཞིན་ཡོད་ལ་བོད་དུ་མི་རབས་རྒན་པ་འདས་པའི་མི་ལོ་ ༦༠ རིང་རྒྱ་གཞུང་གིས་བོད་དུ་ལས་ཀ་གང་བྱས་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་ཚོ་ཡང་རྫོགས་ཟིན་པའམ་རྫོགས་གྲབ་ཡོད། ང་ཚོས་རང་དབང་སླར་གསོ་བྱེད་མ་ཐུབ་ནའང་བོད་དུ་རྒྱ་གཞུང་གིས་ད་བར་ལས་ཀ་ཅི་བྱས་ཡོངས་ཚང་གནད་བསྡུས་ཀྱི་དེབ་ཐེར་ཞིག་མི་རབས་ཕྱི་མ་ཚོར་ཅི་ཀྱང་འཇོག་ཐུབ་དགོས།
མི་རབས་རྗེས་མར་ཅི་འཇོག་ད་ལྟའི་ཤེས་ཡོན་པ་ཚོའི་འཁོར་ཕྱོགས་ལ་རེག་ལས་འདུག. ཤེས་ཡོན་ཅན་ཚོས་གང་ས་ཧང་ནས་སམ. སོ་སོའི་ས་གནས་སུ་ཡོད་པའི་བགྲེས་སོང་དག་གི་ལོ་རྒྱུས་དངོས་དང. དེ་མ་བྱུང་ཡང་སྒྱུ་རྩལ་རྩོམ་རིགས་ཀྱི་ལམ་ནས་འབྲི་དགོས. གྱ་གྲངས་ནང་དེ་འདྲ་ཐོན་ཙམ་བྱུང་ཡང་གསར་སྐྱེས་རྩོམ་པ་པོ་ཚོས མི་རབས་རྒན་པ་ཚོ་རྨོངས་ཚུལ་ཐོམ་ཚུལ་ཏེ. ཁྱི་ངན་རུས་འཛིང་གིས་བསྐྱལ་བས་ད་ཆ་སྟོང་ཆ་དེ་མངོན་དུ་གྱུར་བར་འདོད་དོ།། འདི་ནི་ལོ་རབས་དགུ་བཅུ་ནས་ཉིས་སྟོང་ལྔའི་བར་གྱི་རྩོམ་པ་བོར་ཁས་ཆེ་བ་ཚོའི་ཆབ་སྲིད་ཐད་ཀྱི་ཀླད་སྟོང་དང. དངོས་ཡོད་སྤྱི་ཚོགས་ཀྱི་སྟོང་ཆའི་་ཐད་ནས་ལོང་བ་ཡིན་པའི་ཏན་རྟགས་གསོན་པོ་ཞིག་ཀྱང་ངོ།།
ང་ཚོས་རང་དབང་སླར་གསོ་བྱེད་མ་ཐུབ་ནའང་བོད་དུ་རྒྱ་གཞུང་གིས་ད་བར་ལས་ཀ་ཅི་བྱས་ཡོངས་ཚང་གནད་བསྡུས་ཀྱི་དེབ་ཐེར་ཞིག་མི་རབས་ཕྱི་མ་ཚོར་ཅི་ཀྱང་འཇོག་ཐུབ་དགོས་ཅེས་ཟེར། བདེ་པ་རེད།
་་་། བཙན་བྱོལ་བོད་མི་ཚོར་རེག་པའི་བོད་དུ་བྱུང་བའི་ཐབས་སྡུག་གི་གནས་ཚུལ་ཧ་ཅང་ཉུང་ཉུང་རེད་ལ། བརྒྱ་ཆར་བགོས་ན་ ༡༠ ལོན་རྒྱུ་མ་རེད། དེ་དག་ཀྱང་གསར་འབྱོར་ཚོའི་འབྲེལ་ལམ་ནས་བྱུང་བ་ཤ་སྟག་རེད། ་་་་་
ཅེས་དང་།
་་་་་ལོ་ ༦༠ རིང་རྒྱ་གཞུང་གིས་བོད་དུ་ལས་ཀ་གང་བྱས་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་ཚོ་ཡང་རྫོགས་ཟིན་པའམ་རྫོགས་གྲབ་ཡོད། ང་ཚོས་རང་དབང་སླར་གསོ་བྱེད་མ་ཐུབ་ནའང་བོད་དུ་རྒྱ་གཞུང་གིས་ད་བར་ལས་ཀ་ཅི་བྱས་ཡོངས་ཚང་གནད་བསྡུས་ཀྱི་དེབ་ཐེར་ཞིག་མི་རབས་ཕྱི་མ་ཚོར་ཅི་ཀྱང་འཇོག་ཐུབ་དགོས།
་་་། རྒྱ་གཞུང་གི་དབང་འོག་ཏུ་ཡོད་པའི་མི་རིགས་ཚོའི་ཁྲོད་ནས་བོད་མི་ཚོ་ནི་རང་དབང་གི་ཆེད་དུ་འཕག་རྩག་རྒྱག་མཁན་གཙོ་བོ་དེ་ཆགས་ཡོད་ལ། དེའི་དབང་གིས་སྡུག་པོ་མྱོང་མཁན་ལྟེ་བ་དེ་ཡང་ཆགས་ཡོད། ཟེར།