དེ་རིང་ནི་རྡོར་གདན་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བཀའ་ཆོས་ཉིན་གསུམ་པ་དེ་ཆགས་ཡོད་ལ། ཕྱི་ཚེས་ ༣༡ ཉིན་༧གོང་ས་མཆོག་གནས་འདིར་ཞབས་སོར་བཀོད་པའི་དགོང་མོ་ནས་བཟུང་གནམ་གཤིས་ཅུང་རུབ་ཅིང་ཆར་བ་ཡང་ཐེངས་ཁ་ཤས་ལ་བཏང་སོང་། རྒྱ་གར་གྱི་མངའ་སྡེ་ཁག་ལས་བྷེ་ཧར་མངའ་སྡེ་ནི་ཆ་རྐྱེན་སྐྱོ་ཤོས་དང་མི་གཤིས་ཀྱང་སྡུག་ཤོས་སུ་བརྩི་སྲོལ་ཡོད་འདུག་ལ། གནམ་གཤིས་ཀྱང་དབྱར་ཁ་ཚ་བ་འབར་ཞིང་དགུན་ཁ་གྲང་ངར་ཆེ་བ། དུས་རྒྱུན་ཆར་ཆུ་དཀོན་པའི་ས་ཁུལ་ཞིག་ཡིན་འདུག ཉིན་འདི་གར་ཆར་བ་བབས་པ་དེས་ཆོས་ཞུ་བ་རྣམས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་ཀྱང་། ས་གནས་རྒྱ་གར་ཡུལ་མི་ཚོར་མཚོན་ན་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་ཆགས་ཡོད་པ་མ་ཟད། ༧གོང་ས་མཆོག་རྡོ་རྗེ་གནད་དུ་ནམ་ཕེབས་ལ་ཆར་བ་འབབ་ངེས་ཡིན་ཟེར་བའི་བཤད་སྲོལ་ཞིག་ཀྱང་ཡོད་འདུག
ཉིན་འདི་གར་ཆོས་ཞུ་བ་རྣམས་ལ་དཀའ་ངལ་ཁག་ཅིག་འཕྲད་བཞིན་ཡོད་པ་ནི། རྡོར་གདན་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གྲ་སྒྲིག་གནང་བའི་ཆོས་ཞུ་བའི་སྡོད་གུར་དང་གསུང་ཆོས་ར་བའི་ལམ་ཐག་རིང་བ་དང་། སྡོད་གུར་ནང་ཆུ་དང་གློག གསང་སྤྱོད་འཁྲུད་ཁང་སོགས་ཀྱི་མཐུན་རྐྱེན་ཞེན་པ་སོགས་རེད་ལ། ལྷག་པར་དུ་ཉིན་འདི་གར་ཆར་བ་ཤུགས་ཆེན་བབས་པའི་དབང་གིས་གུར་མང་པོའི་ནང་ཆུ་ཤོར་བ་དང་སར་ལོག་པ། ཁོར་ཡུག་དང་ལམ་ཁ་འཛམ་རྫབ་ཀྱིས་ཁེངས་པ་སོགས་ཀྱིས་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་འདུག མི་མང་པོ་ཞིག་དེ་སྔ་འདིར་འབྱོར་མ་ཐག་ནས་སྡོད་གུར་ཕྱིར་གོ་སྒྲིག་ཚོགས་ཆུང་ལ་སློག་སྟེ་མཆོད་རྟེན་ཉེ་འཁོར་གྱི་རྒྱ་གར་ཡུལ་མིའི་ཁང་པ་གླས་ཏེ་སྡོད་ཀྱི་ཡོད་པ་དང་། ལྷག་པར་དུ་ཉིན་འདི་གར་ཆར་བ་བཏང་སྟེ་དཀའ་ངལ་ཇེ་ཆེར་སོང་བ་དང་བསྟུན་ཏེ་མི་དེ་ལས་མང་བ་ཞིག་གིས་གུར་བཞག་སྟེ་སོ་སོའི་ས་ན་ཁང་པ་འཚོལ་བཞིན་འདུག
གོ་སྒྲིག་ཚོགས་ཆུང་གི་སྡོད་གུར་ཡོངས་རྫོགས་ས་གནས་གཅིག་ཏུ་བརྒྱབ་ཡོད་པ་དང་། དེར་རུ་ཁག་(Camp)དྲུག་ཏུ་བགོས་ཡོད་པ་དག་ནི་( swisscamp) དང་། ཨེ་ཕེ་རུ་ཁག་ (E.Pcamp) ཅོང་ངྷ་རེ་རུ་ཁག་(choldary camp)། ཌོ་མེལ་ཊི་རེ་(dormetary)སོགས་རེད་ལ། དེ་རིང་གསར་འགོད་པ་ཆོས་ཞུ་བའི་སྡོད་གུར་རྒྱག་ཡུལ་མཱ་གྷ་ངྷི་གཙུག་ལག་སློབ་གྲྭའི་ར་བར་བསྐྱོད་དེ་རྒྱུས་ལོན་བྱས་ཡོད།
༡༽ སུད་སི་སྡོད་སྒར་གཉིས་པའི་ནང་ཡོད་པའི་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་སུ་སྡོད་སྒར་གྱི་མཐུན་རྐྱེན་དང་དཀའ་ངལ་གང་ཡོད་ཀྱི་སྐོར་དྲིས་པར་ཁོང་གིས། “ ང་བསྡད་སའི་གུར་ལ་ཧིན་སྒོར་ ༡༢༨༠༠ སྤྲད་པ་ཡིན། ཐོག་མར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ང་ཚོའི་སྡོད་སྒར་འདི་རིན་གོང་ཆེ་ཤོས་དང་མཐུན་རྐྱེན་ཡག་ཤོས་ཡིན་ཞེས་བཤད་པ་རེད། ཡིན་ནའང་། མཐུན་རྐྱེན་གྱི་ཕྱོགས་ནས་གུར་ནང་ཉལ་ཁྲི་ཆུང་ཆུང་གཉིས་རེ་ལས། གདན་སོགས་ཅི་ཡང་མི་འདུག ཉེ་ཆར་ཁོང་ཚོས་བརྒྱུད་ལམ་ཁག་ཏུ་མི་མང་གི་སྡོད་གནས་ནས་གསུང་ཆོས་ར་བའི་བར་རླངས་འཁོར་ཆེད་མངགས་བྱ་རྒྱུ་ཡིན་ཚུལ་བཤད་སོང་མོད། ད་ལྟའི་ཆར་ཁོང་ཚོས་དེ་སྔ་བཤད་པ་ལྟར་མིན་པར་མི་མང་ལ་འགྲིམ་འགྲུལ་གྱི་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ལ། ཆུ་དང་གློག གསང་སྤྱོད། ཆར་བ་བབས་ཏེ་གུར་ནང་ཐིགས་པ་བརྒྱབ་པ་སོགས་ཀྱི་དཀའ་ངལ་འབྲེལ་ཡོད་ལ་བཤད་ཀྱང་ཕན་ཐོགས་མེད་སྟབས། ཁ་སང་ནས་ང་ཚོའི་སྡོད་གནས་ཁག་གི་མི་མང་པོ་ཞིག་ཁང་པའི་ནང་གནས་སྤོར་བྱེད་ཀྱི་འདུག ” ཅེས་བརྗོད་བྱུང་།
༢༽ སུད་དུ་སྡོད་སྒར་དང་པོའི་ནང་ཡོད་པའི་ལ་དྭགས་ཨ་ཅ་པདྨ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ང་ཚོས་ ༢༠༡༡ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༨ ཉིན་དྲ་ལམ་ནས་ཧིན་སྒོར་ ༡༣༠༠༠ ཅན་གྱི་གུར་མངགས་གཏོང་བྱས་པ་ཡིན། ང་ཚོ་མདང་དགོང་འདིར་ཡོང་སྐབས་གློག་དང་འཐུང་ཆུ་ཅི་ཡང་མི་འདུག ད་དུང་གསང་སྤྱོད་ལ་ཕོ་མོའི་དབྱེ་བ་བཀར་མེད་པ་མ་ཟད། གསང་སྤྱོད་མང་པོ་ཞིག་གི་ཁ་ཁེངས་ཏེ་འགག་འདུག གུར་ལ་མཚོན་ནའང་། ང་ཚོའི་གུར་སྡོད་སྒར་འདིའི་ནང་གི་སྐྱོ་ཤོས་རེད། གུར་ནང་གི་ས་གདན་ཆ་ཚང་རློན་པ་ཆགས་ཏེ་འདུག་ཐབས་མེད་སྟབས། ཁ་སང་ཡང་བསྐྱར་ཉིན་རེར་ཧིན་སྒོར་ ༢༠༠༠ རེ་སྤྲད་དེ་ཁང་པ་ཞིག་བཙལ་རྗེས་གུར་ཕྱིར་རྩིས་སྤྲོད་བྱེད་ཀྱི་ཡོད། གཙོ་བོ། ང་ཚོའི་ངོས་ནས་གཞོན་ནུའི་མི་སྣ་དང་འབྲེལ་བ་བྱས་ཏེ་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་ག་ཚོད་བཙལ་ཡང་མི་གཅིག་ཀྱང་བསླེབས་མ་སོང་། དེར་བརྟེན། ང་ཚོ་དེ་རིང་གནས་སྤོར་བྱེད་ཀྱི་ཡོད་ལ། ཁ་སང་ནས་བཟུང་སྡོད་སྒར་འདིའི་མི་མང་པོ་ཞིག་གནས་སྤོར་བྱས་སོང་། ”ཞེས་བརྗོད་བྱུང་།
༣༽ ཨེ་ཕེ་སྡོད་སྒར་དྲུག་པའི་ནང་ཡོད་པའི་ངྷ་རམ་ས་ལའི་ཨ་ཅ་སྤེན་པ་སྒྲོལ་མ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ངའི་གུར་ལ་ཧིན་སྒོར་ ༣༥༠༠ སྤྲད་པ་ཡིན། ཁས་ཉིན་ནས་ཆར་བ་བརྒྱབ་ཏེ་འདུག་ཐུབ་ཀྱི་མི་འདུག་སྟབས། དེ་རིང་ཞོགས་པར་ཧིན་སྒོར་ ༢༠༠༠ བླངས་ཏེ་སྤྲད་ཚར་བ་ཡིན། ཉེ་ཆར་གོ་སྒྲིག་ཚོགས་ཆུང་གིས་ཨ་རིའི་རླུང་འཕྲིན་ཁང་དུ་དུས་དབང་སྐབས་ཀྱི་གྲ་སྒྲིག་ཡག་པོ་ཡོད་པའི་སྐོར་བཤད་དེ་མི་མང་པོ་ཞིག་གིས་ཡིད་ཆེས་བྱས་པ་རེད། ད་རེབ་དངོས་སུ་ས་གནས་ལ་བསླེབས་སྐབས་དེ་འདྲ་ཞིག་རྩ་བ་ནས་མ་རེད། ཆུ་དང་གློག་གསང་སྤྱོད་ཕྱོགས་ཡོངས་ནས་མི་མང་ལ་དཀའ་ངལ་ཆེན་པོ་འདུག མི་མང་གི་དཀའ་ངལ་གྱི་ཐད་ནས་ཀྱང་གཞོན་ནུ་ཚོགས་པ་ལས་གོ་སྒྲིག་ཚོགས་ཆུང་གི་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག ང་རང་ལ་མཚོན་ན་མི་གཅིག་གཉིས་ལས་མེད། གཙོ་བོ་མི་མང་ལ་ཐེངས་འདིའི་༸གོང་ས་མཆོག་གི་གསུང་ཆོས་སྐབས་དཀའ་ངལ་གང་མང་འཕྲད་ཀྱིན་པ་དེར་གང་མགྱོགས་མཐུན་རྐྱེན་སྤྲོད་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།
༤༽ ཨེ་ཕེ་སྡོད་སྒར་གཉིས་པའི་ནང་ཡོད་པའི་ལྡི་ལིའི་ཨ་ཅ་ཉི་སྒྲོན་ལྷ་མོ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཆུ་དང་གློག གསང་སྤྱོད་ཀྱི་ཕྱོགས་ནས་ང་རང་གི་གོ་ཚོད་ལ་ཚང་མ་གཅིག་མཚུངས་ཡིན་ས་རེད། ང་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ཁས་ཉིན་ཆར་བ་བབ་རྗེས་ང་ཚོའི་སྡོད་སྒར་ནང་རྒན་པོ་མང་པོ་ཞིག་མིའི་རྒྱབ་ལ་འཁུར་ཏེ་འགྲོ་དགོས་བྱུང་སོང་ལ། སྲང་ལམ་ཡོངས་འདམ་གྱི་ཁེངས་ཏེ་འགྲོ་མི་ཐུབ་པ་ཆགས་འདུག དེའི་ཐད་གོ་སྒྲིག་ཚོགས་ཆུང་གི་མི་གཅིག་ཀྱང་བསླེབས་མ་བྱུང་། ཁ་སང་ང་ཚོས་ཧིན་སྒོར་ ༧༠༠ ལྷག་གིས་རྩྭ་ཉོས་རྗེས་འགྲོ་ལམ་བཟོས་པ་ཡིན། གང་ལྟར། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མི་མང་གི་བདེ་སྡུག་ལ་གཟིགས་ཏེ་དཀའ་ངལ་འདི་གང་མགྱོགས་སེལ་རྒྱུ་གལ་ཆེན་པོ་རེད། ང་རང་ལ་མཚོན་ན་ད་ལྟའི་བར་དུས་འཁོར་དབང་ཆེན་གཅིག་ལ་ཆད་མྱོང་མེད་ལ། ད་རེས་ཀྱི་དཀའ་ངལ་འདི་འདྲ་འཕྲད་མྱོང་མེད། གལ་སྲིད། འདི་ལྟར་བཞག་པ་ཡིན་ན། ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་པོ་བློ་ཕམ་བྱུང་གི་རེད། ”ཅེས་བརྗོད་བྱུང་།
༥༽ ཨེ་ཕེ་སྡོད་སྒར་ ༤ བའི་ནང་ཡོད་པའི་ཨ་རི་ནཱ་ཅལ་མེ་འོད་གཞིས་ཆགས་ཀྱི་འཇིགས་མེད་ཆོས་སྒྲོན་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ང་ཚོའི་གུར་ལ་ཧིན་སྒོར་ ༣༥༠༠ སྤྲད་པ་ཡིན། ད་ལྟའི་ཆར་དཀའ་ངལ་གཙོ་བོ་ཆུ་དང་གསང་སྤྱོད་རེད། ཁས་ཉིན་ཆར་བ་བབ་པའི་དགོང་མོ་དེར་གློག་མེད་པ་སོགས་ཀྱི་རྒན་པོ་གཉིས་ལ་གཞན་ཚང་མ་ཉེ་འཁོར་གྱི་ཐིག་པའི་ཁྲོད་བཙོག་ནས་བསྡད་པ་ཡིན། ཁ་སང་ནས་བཟུང་ང་ཚོའི་མི་མང་པོ་ཞིག་གནས་སྤོར་བྱས་སོང་། ཡིན་ནའང་། ང་ཚོར་དེ་འདྲའི་ཆ་རྐྱེན་མེད་སྟབས། དཀའ་ངལ་ཅི་ཙམ་འཕྲད་ཀྱང་འདུག་རྒྱུ་ལས་ཐབས་ཤེས་མི་འདུག ང་ཚོས་ཉིན་གྲངས་ཁ་ཤས་རིང་སྡུག་རུས་བྱ་རྒྱུ་ཡིན། གཙོ་བོ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གུར་གྱི་སྲང་ལམ་དང་ཉེ་འཁོར་ཡོངས་ལ་ལྟ་སྐྱོང་དང་། མི་མང་གི་འཐུང་ཆུ་དང་གློག་གི་དཀའ་ངལ་སེལ་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།
༦༽ ཅོ་ངྷི་ར་སྡོད་སྒར་གཉིས་པའི་ནང་ཡོད་པའི་ངྷ་རམ་ས་ལའི་ཚུལ་ཁྲིམས་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ངས་གུར་ལ་ཧིན་སྒོར་ ༢༥༠༠ སྤྲད་པ་ཡིན། མཐུན་རྐྱེན་གྱི་ཕྱོགས་ནས་གུར་དང་གདན་སྲབ་མོ་ཞིག་ལས་མི་འདུག ཆུ་དང་གློག་གི་ཐད་ནས་ང་ཚོའི་སྡོད་སྒར་ནང་དཀའ་ངལ་མི་འདུག གློག་ཁས་ཉིན་མཚན་གཅིག་ཧྲིལ་བོར་བསླེབས་མ་སོང་། དེ་མིན་དམིགས་བསལ་དཀའ་ངལ་མི་འདུག ད་ལྟའི་ཆར་སྡོད་སྒར་ནང་གི་མི་ཁག་ཅིག་གནས་སྤོར་བྱེད་ཀྱིན་པ་ལས། སྤྱི་ཡོངས་ཀྱི་ཆ་ནས་སྡོད་སྒར་འདི་མཐུན་རྐྱེན་དང་ཆུ་གློག་གི་ཕྱོགས་ནས་ཡག་ཤོས་ཆགས་འདུག ” ཅེས་བརྗོད་བྱུང་།
གསར་འགོད་པ་ཡུལ་དངོས་སུ་འབྱོར་སྐབས་མི་མང་ཆེ་བ་གནས་སྤོར་བྱས་ཏེ་གུར་སྟོང་པ་ཆགས་ཡོད་པ་མ་ཟད། མི་མང་པོ་ཞིག་བང་བསྒྲིགས་ཏེ་གུར་རྩིས་སྤྲོད་བྱེད་ཀྱིན་འདུག་ལ། སྐབས་དེར་གསར་འགོད་པས་དེར་ཡོད་ལས་བྱེད་ཅིག་ལ་སྐད་ཆ་དྲིས་པར་ཁོང་གིས། “ གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་ལྟའི་ཆར་མི་མང་གི་རེ་སྐུལ་ལྟར་གུར་ཕྱིར་རྩིས་སྤྲོད་བྱེད་མཁན་རྣམས་ལ་ཐོག་མའི་དངུལ་ལས་བརྒྱ་ཆ་ ༥༠ ཕྱིར་སློག་བྱེད་ཀྱིན་ཡོད་པ་དང་། འདིའི་ཐད་གོ་སྒྲིག་ཚོགས་ཆུང་གིས་མི་འགྱངས་པར་ཚོགས་འདུ་ཚོགས་ཏེ། གོ་བསྡུར་དང་གཏན་འབེབས་བྱ་རྒྱུ་རེད། ” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ་དང་པར་བ་ལྡི་ལི་ས་གནས་གསར་འགོད་པ་ཤེས་རབ་རྡོ་རྗེ།
རྡོ་རྗེ་གདན་ལ་ཆར་པ་བབས། །
ཆུ་ཆར་མ་རེད་ཆོས་ཆར་རེད། །
དད་པ་ཅན་ལ་ལྷ་ཆར་དང་། །
སྡིག་སྒྲིབ་སྦྱོང་ལ་ཀླུ་ཆར་ཉིད། །
བབ་པའི་ཞོར་ལ་དོན་ལྡན་མཛོད། །
དུས་འཁོར་དབང་ཆེན་ཐེངས་ལྔ་ཞུ་མྱོང་།ད་ལན་དཀའ་ངལ་ཆེ་ཤོས་རེད་འདུག་།གུར་མང་ཆེ་བར་གློག་མེད་པ་དང་འཐུང་ཆུ་མེད་པ་གཙང་སྒྲ་མེད་པ་ཆར་བ་རྒྱབ་དུས་ཡུར་བ་མ་བཟོས་པའི་སྐྱོན་གྱིས་གུར་ནང་འདམ་རྫོབ་ཀྱིས་གང་ནས་དྲ་མ་ངན་པ་དང་དཀའ་ངལ་ཆེན་པོ་གསར་འབྱོར་རྣམས་ལ་འཕྲད་བཞིན་འདུག་།དུས་འཁོར་དབང་ཆེན་གྱི་གྲལ་སྒྲིག་འགན་འཛིན་དང་སློབ་སྟོན་པ་རྣམས་ཉམ་ཐག་གསར་འབྱོར་ཀྱི་སྡོད་གནས་ལ་གཟིགས་ཙམ་གནངས་རོགས་།
དུས་འཁོར་དབང་ཆེན་ཐེངས་ལྔ་ཞུ་མྱོང་།ད་ལན་དཀའ་ངལ་ཆེ་ཤོས་རེད་འདུག་།གུར་མང་ཆེ་བར་གློག་མེད་པ་དང་འཐུང་ཆུ་མེད་པ་གཙང་སྒྲ་མེད་པ་ཆར་བ་རྒྱབ་དུས་ཡུར་བ་མ་བཟོས་པའི་སྐྱོན་གྱིས་གུར་ནང་འདམ་རྫོབ་ཀྱིས་གང་ནས་དྲ་མ་ངན་པ་དང་དཀའ་ངལ་ཆེན་པོ་གསར་འབྱོར་རྣམས་ལ་འཕྲད་བཞིན་འདུག་།དུས་འཁོར་དབང་ཆེན་གྱི་གྲལ་སྒྲིག་འགན་འཛིན་དང་སློབ་སྟོན་པ་རྣམས་ཉམ་ཐག་གསར་འབྱོར་ཀྱི་སྡོད་གནས་ལ་གཟིགས་ཙམ་གནངས་རོགས་།
གོ་སྒྲིག་ལེགས་པོ་ཡོད་ཚུལ་གསར་ལམ་ཁག་ཏུ་མི་ཤོང་བ་ཙམ་བསྒྲགས་ཀྱང་དོན་དངོས་དེ་འདྲ་ཡིན་ས་མ་རེད། སྙིང་རྗེ་བོད་ནས་ཕེབས་པའི་གསར་འབྱོར་པ་དེ་ཚོ་ལ་སྐད་དང་ཟམ་སོགས་ཀྱི་དཀའ་ལས་ཐོ་པ་འཕྲད་ཀྱི་ཡོད་རྒྱུ་རེད་བ།
ས་ཁུལ་ཆུང་ཆུང་ཞིག་ལ་མི་མང་པོ་འདུ་འཛོམས་བྱེད་དུས་ཕྱོགས་སོ་སོ་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པ་དེ་གསལ་བོ་རེད། ཡིན་ནའང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྔར་ཁས་བླངས་ཤིང་གསར་ལམ་ཁག་ནས་མང་ཚོགས་ཀྱི་སྙན་ད་བསྒྲགས་ཟིན་པའི་ཁས་ལེན་གྱི་རིགས་དེ་དག་ཐབས་བརྒྱ་ཇུས་སྟོང་གིས་སྒྲུབ་ཐུབ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་མ་གནང་ཚེ་མང་ཚོགས་ཀྱི་ངོས་ནས་ཀྱང་གོ་སྒྲིག་ཚོགས་ཆུང་ལ་ལྟ་སྟངས་མི་ལེགས་པ་ཞིག་ཡོང་སྲིད་པ་རེད། གང་ལྟར་གནད་ཀྱི་དོད་པོ་གཅིག་ཡོད་པ་དེ་ནི། བོད་ནང་ནས་ཕེབས་མཁན་མཚོར་དམིགས་བསལ་གྱི་ལྟ་རྟོག་གང་ཐུབ་ཅིག་བྱས་ཏེ། བྱེས་འབྱོར་བ་དག་གིས་ང་ཚོ་གཞིས་བ་རྣམས་ལ་དམིགས་བསལ་གྱི་ལྟ་སྐྱོང་གནང་གི་འདུག་བསམ་པའི་སེམས་ལ་དྲོད་ཐིག་ཅིག་འཇོག་ཐུབ་པ་བྱུང་བ་ཡིན་ན། དེ་གནད་ཀྱི་དོད་པོ་རེད། དེ་ནི་ཉེ་བའི་འགའི་རིང་བོད་སྤྱི་བའི་དོན་དུ་གཞིས་པ་ཚོས་སྲོག་འབེན་ལ་བཞག་པ་དང་རང་ལུས་མེ་ལ་སྒྲོན་ཏེ་དཀའ་ངལ་མང་པོ་ཞིག་མྱངས་ཡོད་པར་བརྟེན། ང་ཚོས་ངོས་ནས་གཞན་ལས་ལྷག་པའི་བརྩེ་སེམས་ལྷག་མ་ཅིག་སྟོན་དགོས་པར་སེམས།
མ་ཐ་ལ་གོ་སྒྲིག་བྱེད་པར་བྱུང་སོང་ཁ་འདུམདགོས་ངེས་རེད. མ་ཟད་ཚང་མས་སྐད་གྲགས་ཆོད་པ་ཞིག་བྱེད་འདོད་པ་བཞིན་གོ་སྒྲིག་པ་ཚོ་ཡང་ཨ་ཅིང་ཅིང། ཡིན་ཡང་ཆུ་ཀློག་དེ་གནས་སྟང་དེ་སྤྱིར་ཨེ་ཤི་ཡ་དང དགོས་རྒྱ་གར་བའི་ས་འབུ་ནག་ནར་གྱི་ལས་སྟངས་ཁོ་ནསཡིན་པ་ངོ་འཕྲོད་དགོས་ངེས་ཤིག་རེད་དོ།།
ཆར་བའི་གནས་ཚུལ་ནི་དགའ་འོས་པའི་གནས་ཚུལ་ལས་དཀའ་ངལ་དུ་རྩི་ག་ལརུང་སྟེ. ༡ ཆོས་ཞུ་བ་སོ་སོའི་སྡུག་སྒྲུབ་དག་པ. ༢ ཡུལ་ཕྱོགས་དེར་ཕན་པའི་་གོངས་མཆོག་གི་བྱིན་ནུས་ཤིག་གོ དེས་ཕྱིར་ཆར་འདམ་ལ་རོལ་རྩེད་བྱེད་དགོས་ངེས་ཤིག་རེད་འདོད་དོ།།
གོ་སྒྲིགས་ཚོགས་ཆུང་གིས་ཅི་བྱ་གཏོལ་མེད་རེད། གླས་པའི་རྒྱ་གར་པས་སོ་སོའི་གོམས་བཤིས་གྱིས་གོམ་པ་རེ་རྒྱག་སར་སྐར་མ་ཁ་ཤས་འགོར་གྱི་འདུག་ལ། ལས་འཚམ་སྔ་ས་ནས་བཞག་ནས་ཉོན་གྱི་མི་འདུག གནམ་གཤིས་འདི་འདྲ་ཆགས་པ་སུས་ཚོད་དཔག་ཐུབ། གུར་ནང་སྡོད་མཁན་རྣམས་དངོས་གནས་སྙིང་རྗེ།
གོ་སྒྲིག་པས་གོ་སྒྲིག་ཡག་པོ་བྱས་མེད་པ་ཆ་བཞག ཡིན་ཡང་དཀའ་ལས་ཏོག་ཙམ་མ་བརྒྱབ་ན་ཆོས་ག་པར་ཡོང་གི་རེད། རྗེ་བཙུན་མི་ལས་སྐུ་ལས་ག་ཚོད་སྐྱོན་མི་འདུག་གམ། སྐྱིད་ཆོས་ཀྱིས་ཐར་དཀའ།