རྡོར་གདན་དུས་དབང་ཐོག་རྒྱལ་བལ་འབྲུག་གསུམ་གྱི་བོད་པའི་དགོན་སྡེ་དང་སློབ་གྲྭ ཚོགས་སྡེ་མི་སྒེར་བ་བཅས་ཀྱི་ཞལ་འདེབས་སློང་མཁན་ ༣༥༠ ཙམ་འདུག་ལ། དེ་དག་ལ་ཞལ་འདེབས་འབུལ་མཁན་ཡང་ཞོགས་པ་ནས་དགོང་མོའི་བར་བང་སྒྲིག་འདུག
༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གསུང་མགོ་ཚུགས་ཡོད་པ་དང་། དེར་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཁག་གི་བོད་པ་དང་། རྒྱ་ནག་སྐམ་ས་གཙོས་པའི་ཨེ་ཤ་ཡའི་རྒྱ་རིགས། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་མི་གྲངས་ཉིས་འབུམ་ལ་ཉེ་བ་འཛོམས་ཡོད་སྟབས། རྡོ་གདན་མཆོད་རྟེན་ཆེན་མོའི་སྒོ་ཆེན་གཡས་གཡོན་དང་རྣམ་རྒྱལ་གྲྭ་ཚང་གི་མཐའ་འཁོར། གསུང་ཆོས་ར་བའི་སྒོ་འགྲམ་སོགས་སུ་དགོས་འདུན་དང་དམིགས་ཡུལ་འདྲ་མིན་ཐོག་ཞལ་འདེབས་བསྡུ་སློང་རྒྱག་མཁན་ཧ་ཅང་མང་པོ་འདུག་ལ། དེ་དག་མང་ཆེ་བ་བོད་རིགས་ཡིན་ཡང་ཧིན་རྡུ་བ་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་འདུག
དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཞལ་འདེབས་བསྡུ་མཁན་ཚོར་ས་ཆ་གཏན་འབེབས་བཟོས་པ་ལྟར། གསུང་ཆོས་ར་བ་དང་རྣམ་རྒྱལ་གྲྭ་ཚང་གཉིས་བར་གྱི་སྲང་ལམ་དུ་བར་མ་ཆད་པར་བསྒྲིགས་འདུག་ལ། བོད་ནས་ཕེབས་པའི་ཆོས་ཞུ་བ་གཙོས་པའི་བོད་རིགས་ཞལ་འདེབས་འབུལ་མཁན་ཡང་ཞོགས་པ་ནས་དགོང་མོའི་བར་བང་སྒྲིག་ནས་བསྡད་འདུག ཞལ་འདེབས་བསྡུ་མཁན་མང་ཆེ་བ་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་བཅས་ཀྱི་གྲྭ་བཙུན་སྔགས་གསུམ་གྱི་ཆོས་སྡེ་ཁག་དང་སློབ་གྲྭ གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སོགས་རེད་ལ། ཁ་སང་ཕྱི་ཚེས་ ༧ ཉིན་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན་དགེ་རྩ་དང་སྐྱབས་རྟེན་བསྔོ་རྟེན་ཚུད་པའི་ཞལ་འདེབས་བསྡུ་མཁན་ ༣༥༠ ཙམ་འདུག
ཞལ་འདེབས་བསྡུ་མཁན་ཁག་མང་ཆེ་བའི་དམིགས་ཡུལ་གཙོ་བོ། གཙུག་ལག་ཁང་དང་མ་ཎི་ཁང་གསར་བཞེངས་དང་། དགོན་པ་སླར་གསོ། མི་མང་རྩེད་ཐང་འཛུགས་སྐྲུན། སློབ་གཉེར་བར་མཐུན་འགྱུར་ཞུ་རྒྱུ། མ་ཧཱ་གུ་རུའི་འབུམ་ཚོགས། ཚོགས་རྭ་ཚོགས་ཁང་གསར་རྒྱག ༸རྒྱལ་བའི་གསུང་རབ་དང་འཕགས་བོད་ཀྱི་སྐྱེས་ཆེན་དམ་པའི་གསུང་འབུམ་དཔར་བསྐྲུན། ཉམ་ཐག་ལ་སྨན་རིན་གྱི་རོགས་རམ། སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་བཞེངས་སྐྲུན། བཙུན་དགོན་གསར་བཞེངས། སྨན་ཡོན། ཚོམས་ཁང་དང་གྲྭ་ཤག་རྒྱ་སྐྱེད། སློབ་གྲྭ་གསར་རྒྱག་བཅས་ཀྱི་ཆེད་ཡིན་ཡང་། སྤྱི་ཚོགས་ཞབས་ཞུ་དང་ཆབ་སྲིད་ལས་འགུལ། རིག་གཞུང་ཁྱབ་སྤེལ་སོགས་ཀྱང་མི་ཉུང་བ་ཞིག་འདུག
སྐབས་དེར་གསར་འགོད་པས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་ཕེབས་པའི་བློ་བཟང་བསྟན་འཛིན་ལགས་སུ་ཞབས་འདེབས་བསྡུ་རུབ་ཀྱི་དམིགས་ཡུལ་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས“ ང་ད་ལྟ་ཧོན་སུར་སྤྱི་ཁང་གི་འགན་འཛིན་ཡིན། སྔོན་མ་ང་ཚོའི་གཞོན་སྐྱེས་མང་པོ་ཞིག་གིས་སློབ་སྦྱོང་ཁུངས་མ་འཁྱོལ་བ་དང་ལས་མེད་དུ་ལྷག་པའི་གནས་བབ་འོག ཆང་རག་འཐུང་བ་དང་ཐ་མ་ནག་པོ་འཐེན་པ་སོགས་ཀྱིས་མང་པོ་ཞིག་འཕྲོ་བརླག་ཏུ་སོང་ཡོད་པ་རེད། ང་ཚོས་མ་འོངས་པར་དཀའ་ངལ་དེ་སེལ་ཆེད་ ༢༠༠༩ ལོར་རྩེད་ཐང་ཞིག་བཟོས་ཏེ། ད་ལྟའི་བར་༸གོང་ས་མཆོག་གི་འཁྲུངས་སྐར་དང་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་སོགས་ལ་བེད་སྤྱོད་གཏོང་གི་ཡོད།
ནམ་རྒྱུན་རྩེ་ཐང་ནང་འདམ་རྫབ་དང་མི་མང་སྡོད་ས་སོགས་ཀྱི་དཀའ་ངལ་ཡོད་སྟབས། རྩེད་ཐང་ལ་ར་བ་དང་སྡིངས་ཆ། མི་མང་སྡོད་ས་སོགས་ལས་འཆར་ཡོད། དེ་ལ་སྤྱི་ཡོངས་ཀྱི་འགྲོ་སོང་ཧིན་སྒོར་འབུམ་ ༣༢ ཙམ་དགོས་ཀྱི་འདུག ཉེ་ཆར་ངས་ཕྱི་རྒྱལ་གྱི་རོགས་ཚོགས་ཤིག་ལ་སྐྱབས་འཇུག་ཞུས་ཀྱང་། གནས་ཚུལ་འདི་ཁྱེད་ཅག་བོད་པ་ནང་ཁུལ་ནས་སེལ་ཐབས་བྱ་དགོས་པ་རེད་ཟེར་ནས་རོགས་རམ་གནང་མ་སོང་། དེར་བརྟེན། ད་ཐེངས་འདིར་མི་ཧ་ཅང་མང་པོ་འཛོམ་གྱི་ཡོད་སྟབས། ཞལ་འདེབས་བསྡུ་རུབ་བྱེད་ཀྱི་ཡོད། དེ་རིང་བར་ཞལ་འདེབས་ཧིན་སྒོར་ཁྲི་ ༡ ལྷག་ལས་རག་མ་བྱུང་། ”ཞེས་བརྗོད་བྱུང་།
ཡང་ལྡེ་ར་ལྡུན་དོན་འགྲུབ་གླིང་གཞིས་ཆགས་སུ་ཡོད་པའི་༼ དཀར་དགོན་འབྲུག་དཔལ་བདེ་ཆེན་ཆོས་འཁོར་གླིང་ ༽ གི་གྲྭ་བསོད་ནམས་ཚེ་རིང་ལགས་སུ་ཞལ་འདེབས་སློང་དགོས་པའི་རྒྱུ་མཚན་དྲིས་པར་ཁོང་གིས། “ ལོ་གཉིས་ལྷག་གསུམ་གོང་ང་ཚོའི་དགོན་པས་༸གོང་ས་མཆོག་ལ་སྟོན་པའི་སྐུ་ ༡༠༦ ཕུལ་ཏེ་རབ་གནས་གནང་རྗེས། ང་ཚོའི་ངོས་ནས་འབྲུག་པ་བཀའ་རྒྱུད་པའི་ན་རོ་ཆོས་དྲུག་གི་སྒྲུབ་ཁང་ཞིག་རྒྱག་རྒྱུ་དང་། དེ་ཡང་གཙོ་བོ། ཞི་གནས་དང་ལྷག་སྒོམ་སོགས་ཉམ་ཆག་འགྲོ་བཞིན་ཡོད་སྟབས། ང་ཚོས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་སྒྲུབ་ཁང་འདི་རྒྱག་གི་ཡོད། ད་ལྟའི་བར་ལོ་གསུམ་རིང་ཧུར་ཐག་བྱེད་ཀྱི་ཡོད་ཀྱང་། སྒྲུབ་ཁང་དེ་འགྲུབ་པ་ལ་ཧིན་སྒོར་འབུམ་ ༡༠༠ ལྷག་གི་འགྲོ་སོང་ཡོད་སྟབས། ད་རེབ་མི་ཚོགས་མང་པོ་འདུ་འཛོམས་ཀྱི་སྐབས་འདིར་ང་ཚོས་ཞལ་འདེབས་བསྡུ་རུབ་བྱེད་ཀྱི་ཡོད་ལ། ད་ལྟའི་ཆར་ལོ་ག་ཚོད་ཅིག་ཏུ་འགྲུབ་མིན་བཤད་ཚོད་ཐུབ་ཀྱི་མི་འདུག ཞལ་འདེབས་ཀྱི་ཐད་ནས། ང་ཚོར་ཉིན་འདི་གའི་རིང་གང་འཚམ་རག་སོང་། སྤྱི་ཡོངས་ཀྱི་ཆ་ནས་ཞལ་འདེབས་སློང་མཁན་ཚང་མ་བསྟན་པ་སླར་གསོ་མི་ཉམས་རྒྱུན་འཛིན་ཆེད་ཡིན་སྟབས་ཡག་པོ་རེད་བསམ་གྱི་འདུག་ལ། གཞན་པའི་རིགས་ལ་མཚོན་ནའང་མི་རེ་གཉིས་ཀྱི་ཆེད་དུ་མིན་པར། བོད་མི་རིགས་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཆེད་དུ་རེད། གཙོ་བོ། ཞལ་འདེབས་གང་རག་པ་དེ་ཕན་པའི་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
ཞལ་འདེབས་སློང་མཁན་ཁྲོད་ཆབ་སྲིད་ཚོགས་སྡེ་ཁག་ནས་བསྔོ་བརྟེན་ཡང་ལེན་གྱི་འདུག་པས་དེ་དངོས་གནས་བསྔོ་བརྟེན་དུ་འགྲོ་མིན་དོག་གཞི་ཞིག་རེད་འདུག་
ཞལ་འདེབས་སློང་བ་ནི་ཚུལ་དང་མཐུན་པས་བྱ་བ་ཞིག་རེད། སྦྱིན་བདག་ཚོགས་རྫོགས་པ་དང་བསྟན་པ་ཉམས་གསོ་ཐུབ་པ་བཅས་བཟང་ཕྱོགས་ཀྱི་བྱ་བ་ཡིན་པས་ལེགས་གྲུབ་པས་སྨོན་འདུན་ཡོད།
སྤྱི་པ་ཁ་ལ་འཁྱེར་ནས་སྒེར་དོན་མ་བསྒྲུབ་པར་ཞལ་འདེབས་སློང་བ་ནི་དངོས་གནས་ཡང་དག་པའི་བྱ་སྤྱོད་ཅིག་རེད། ཞལ་འདེབས་སློང་མཁན་མང་པོ་དེ་དག་ལ་ཞོག་པ་ནས་དགོང་མོ་བར་བང་སྒྲིག་ནས་ཞལ་འདེབས་ཕུལ་བཞིན་པ་ནི་དངོས་གནས་ཡག་པོ་རེད།
དེ་འདྲ་དོན་མེད་སྡིག་པ་མ་གསོགས། ཞལ་འདེབས་སློང་མཁན་ཡོད་ན་བསོད་ནམས་གསོག་པའི་རྟེན་ཡང་དག་པ་དེ་རེད། དཔེར་ན་བདག་ཅག་གི་སྟོན་པའི་ཀྱང་། ལྷུང་ཟད་བསྣམས་ཏེ་བསོད་སྙོམ་ལ་བྱོན་པའི་རྣམ་ཐར་ལས་ཤེས་ཐུབ། ཕུལ་ཐུབ་ན་ཕུལ། མི་འདུག་ན་ཞོག སླབ་བྱ་ཡིན།
རྫུན་གཏམ་དང་མགོ་བསྐོར་མ་ཡིན་པའི་སྒོ་ནས་ཞལ་འདེབས་བསླང་ན་མི་འགྲིག་རྒྱུ་ཅི་ཡོད།
རྒྱ་གར་པ་སྟོང་ཕྲག་མང་ལམ་ཁར་བརྡད་ནས་ཞལ་འདེབས་སློང་ཀྱིན་འདུག ཕར་ཆེར་སློང་སྟངས་མི་འདྲ་བ་མ་གཏོགས་ནང་དོན་གཅིག་པ་རེད།
སྤྱི་ཡོངས་ཀྱི་ཆ་ནས་ཞལ་འདེབས་སློང་མཁན་ཚང་མ་བསྟན་པ་སླར་གསོ་མི་ཉམས་རྒྱུན་འཛིན་ཆེད་ཡིན་སྟབས་ཡག་པོ་རེད་བསམ་གྱི་འདུག་ལ། གཞན་པའི་རིགས་ལ་མཚོན་ནའང་མི་རེ་གཉིས་ཀྱི་ཆེད་དུ་མིན་པར། བོད་མི་རིགས་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཆེད་དུ་རེད། གཙོ་བོ། ཞལ་འདེབས་གང་རག་པ་དེ་ཕན་པའི་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད། ཟེར།
རྐུ་མ་དང་ཇག་པ། ལྐོག་ཟས་རུལ་སུངས་སོགས་སུ་དགག་པ་མེད་པར་སློང་མོ་རྒྱབ་མཁན་རྣམས་སུ་སྐྱོན་བརྗོད་བྱས་པ་ནི་སོ་སོར་བོད་པའི་ཞབས་འདྲེན་རེད།
བདེན་པ་རེད་མང་པོ་ཞེ་དྲགས་འདུག་ཁ་ཤེས་ནི་དངོས་གནས་ཞབས་འདྲེན་རང་
རེད་དེ་ཚོ་ནི་ནང་པ་སྤྱི་བའི་ཞབས་འདྲེན་དང་དགོས་སུ་བོད་པའི་ཞབས་འདྲེན་རེད།