རྒྱ་ནག་གཞུང་གིས་ཁ་སང་རྔ་པ་རྫོང་དུ་ཞི་བའི་ངོ་རྒོལ་བྱས་པའི་བོད་མི་རྣམས་ལ་གང་བྱུང་གཅར་རྡུང་དང་འཛིན་བཟུང་བཙན་འཁྲིད་བྱས་པ་མ་ཟད། མུ་མཐུད་རྔ་པ་དགོན་གྲོང་གཉིས་ལ་དམ་དྲག་བྱེད་བཞིན་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་རྔ་པ་རྫོང་རྨེའུ་རུ་མའི་གསེར་ལྡེས་སྐེ་རྟགས་ཞེས་པའི་ས་གནས་ཀྱི་གཞུང་ལམ་དུ་རྨེའུ་རུ་མ་ཤང་དང་ཐག་ཉེར་ཡོད་པའི་གནམ་མཚོ་དགོན་པའི་དགེ་འདུན་པ་དང་། སྟོད་གོས་མ་གྱོན་པའི་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྩམ་པ་འགམ་བཞིན་མ་ཎི་བཏོན་ནས་བསྡད་པ་དང་། ཉིན་གུང་ཙམ་ལ་མར་མེའི་ཁྲོམ་སྐོར་བྱེད་བཞིན་ཤང་ཐོག་ཏུ་འགྲོ་སྐབས། ཉེན་རྟོག་པ་དང་དམག་མི་འབོར་ཆེན་བསླེབས་ཏེ་མི་མང་གི་མདུན་བཀག་ཀྱང་། མི་མང་གིས་ཉན་འཇོག་མ་བྱས་པར་མ་ཎི་བཏོན་ཡོད་འདུག གློ་བུར་དུ་མི་མང་ཁྲོད་“ ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས། ”སོགས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ངོ་བོར་གྱུར་སྟབས། ཉེན་རྟོག་པ་རྣམས་ཀྱིས་གང་བྱུང་གཅར་རྡུང་དང་འཛིན་བཟུང་བྱས་ཏེ གནམ་མཚོ་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་ཞིག་རླངས་འཁོར་ཆེན་པོའི་ནང་བཅུག་ཏེ་བཙན་ཁྲིད་བྱས་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༤ ཉིན་ཉེན་རྟོག་པ་མང་པོ་རྨེའུ་རུ་མའི་ཤང་ཐོག་ཏུ་ཡོང་སྟེ་དམ་དྲག་བྱེད་ཀྱིན་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ནས་ཉིན་ ༡༥ རིང་འཚོགས་འཆར་ཡོད་པའི་ཀིརྟི་དགོན་པའི་སྨོན་ལམ་ལ་མཇལ་སྐོར་དུ་འགྲོ་མཁན་གྱི་བོད་མི་རྣམས་ལ་གཅར་རྡུང་དང་འཛིན་བཟུང་གིས་རྔ་པ་རྫོང་ཐོག་ཏུ་གཏོང་གི་མེད་པར་དམ་དྲག་བྱས་འདུག
ཁ་སང་གི་གནས་ཚུལ་བྱུང་རྗེས། ཉེན་རྟོག་པས་རྔ་པ་རྫོང་མཁར་དུ་ཡོད་པའི་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་སྐྱ་སེར་ ༣༠༠ ལྷག་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་འདུ་འཛོམས་སྐབས། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་བསླེབས་ཡོད་ཀྱང་། ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཀྱིས་མི་མང་དགོན་པར་སྐོར་བ་བྱེད་པར་མངགས་པར་ལྟར། མི་མང་གིས་ལག་ཏུ་མར་མེ་དང་སྤོས་བཟུང་བ་དང་མ་ཎི་འདོན་བཞིན་དགོན་པར་བསྐོར་བ་བྱས་འདུག ཆུ་ཚོད་ ༣ གྱི་རྗེས་སུ་བསྐྱར་དུ་སྐྱ་སེར་ ༥༠༠ ལྷག་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་འཛོམས་ཏེ། སྔར་བཞིན་སྤོས་དང་མར་མེ་བཟུང་སྟེ་དགོན་པར་སྐོར་བ་བྱས་པ་སོགས་སྔ་ཕྱི་ཐེངས་གཉིས་ལ་མར་མེ་ཁྲོམ་སྐོར་བྱས་ཡོད་ཀྱང་། ཉེན་རྟོག་པ་མང་པོས་མི་མང་ལ་རྗེས་འདེད་བྱས་པ་ལས་གཅར་རྡུང་དང་འཛིན་བཟུང་གི་གནས་ཚུལ་བྱུང་མི་འདུག
ཁ་སང་ཨ་མདོ་ཕྱོགས་ཀྱི་ལོ་སར་གྱི་ཚེས་ ༡ ཡིན་ཡང་། རྔ་པ་རྫོང་དུ་སྤྲོ་སྐྱིད་ཀྱི་རྣམ་པ་རྩ་བ་ནས་མེད་པར་མ་ཟད། དུས་ཚིགས་དེ་མྱ་ངན་གྱི་དུས་ཚིགས་ཞིག་ལ་བརྩིས་ནས་མི་མང་ཕལ་ཆེར་བ་སྡེ་བ་རང་རང་གི་སྤྱི་ཁང་དང་སྡེ་བའི་ལྷ་ཁང་སོགས་སུ་འདུ་འཛོམས་ཀྱིས། ཉིན་ཧྲིལ་བོར་མཆོད་མེ་སྒྲོན་པ་དང་མ་ཎི་འདོན་བཞིན་བསྡད་ཡོད་འདུག སྡེ་བའི་ནང་ཞང་སྲིད་གཞུང་གི་ལས་ཁུངས་ཡོད་ས་དག་གིས་མཆོད་མེ་སྒྲོན་པ་དང་མ་ཎི་འདོན་པ་སོགས་ཀྱི་ཐད་བཀག་འགོག་བྱས་ཡོད་འདུག་ཀྱང་། རྔ་པའི་ཕྱོགས་སུ་མྱ་ངན་གྱི་རྣམ་པ་མཚོན་པའི་ཡུལ་སྲོལ་མང་པོ་ཡོད་པའི་ནང་མངོན་གསལ་དོད་ཤོས་དང་ཡོངས་ཁྱབ་རང་བཞིན་ཅན། དཔྱིད་ཀ་ཁང་པ་ལ་དཀར་རྩི་མི་བྱུགས་པ་དང་། དབྱར་ཁ་གླེང་ཀ་མི་གཏོང་བ། སྟོན་ཁ་ནས་སྟོན་དང་དབྱར་སྟོན་མི་གཏོང་བ། དགུན་ཁ་ལོ་གསར་མི་གཏོང་བ་རྣམས་ཡིན་པ་ལྟར། དུས་ཚིགས་རེ་རེར་ཡུལ་སྲོལ་གྱི་མྱ་ངན་བྱེད་སྟངས་འདི་དག་རྔ་པའི་སྟོད་སྨད་བར་གསུམ་གྱི་དགོན་གྲོང་ཚང་མས་བརྩི་སྲུང་བྱས་ཏེ། ལོ་རྙིང་ཕར་བསྐྱར་ཞིང་། མ་ཎིའི་དབྱངས་རྟ་དང་མར་མེ་ཁྲོམ་བསྐོར་སོགས་ཀྱི་ལམ་ནས་ལོ་གསར་བར་རོལ་འདུག
ད་འདི་འདྲའི་སྐབས་ལ་བོད་མི་སྟོང་ཕྲག་ཁ་ཤས་ནས། རང་ས་ནས་ད་དུང་བོད་རིགས་ཁྲི་ཁྲག་ཁ་ཤས་དང་། ཉེ་འཁོར་ནས་བོད་རིགས་འབུམ་ཁྲག་ཁ་ཤས་དང་། བོད་ས་ཡོངས་ནས་ས་ཡ་ཁ་ཤས་མཉམ་འཛོམས་ཀྱིས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་པའི་དུས་ཚོད་རེད་དོ། །བོད་ནང་གི་བོད་རིགས་ཚོ་དང་བོད་རིགས་ཁ་འཐོར་བ་ཚོ། ཡར་ལོངས་ཤོག མི་མང་ལོངས་ཤོག ད་ལོངས་ཤོག །
བུ་རྒོད་པོ་རྔ་ཡུལ་བཙན་པོའི་བུས།།
སྲོག་འབེན་དུ་བཙུགས་ནས་མི་ཚེ་བསྐྱལ།།
དགྲ་ནག་པོའི་གདུག་རྩུབ་ཆེ་དྲགས་ན།།
མདའ་རང་གི་སྙིང་ལ་ཕོག་པར་འགྱུར།།