མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མདོར་རྒྱའི་ལོ་སར་མི་གཏོང་མཁན་མང་དུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp


ད་ལོ་ཨ་མདོ་རྔ་པ་དང་རེབ་གོང་།
གཅན་ཚ། བླ་བྲང་སོགས་སུ་རྒྱ་གཞུང་ལ་ངོ་རྒོལ་དང་འདས་པོ་ཚོར་མྱ་ངན་གྱི་ཚུལ་དུ་ལོ་གསར་སྤྲོ་སྐྱིད་ལ་རོལ་མི་འདུག་ལ། ཁག་ཅིག་གིས་བོད་ཁམས་ཡོངས་སུ་ལོ་གསར་གཅིག་གྱུར་ཡོང་ཆེད་ཐེངས་འདིར་རྒྱ་ནག་གི་ལོ་གསར་དེ་སྲུང་གཙི་བྱས་མི་འདུག  

ནམ་རྒྱུན་ལྟར་ན། བོད་ཨ་མདོའི་ས་ཁུལ་ཡོངས་དང་ཁམས་ཕྱོགས་ཀྱི་ས་གནས་ཁག་ཅིག དེ་བཞིན་དབུས་གཙང་འོག་གི་ས་གནས་རེ་ཟུང་བཅས་ཀྱིས་ཧོར་ཟླ་དང་པོ་ཚེ་གཅིག་གམ། ལུགས་རྙིང་གི་ཟླ་དང་པོའི་ཚེས་ ༡ ཉིན་ལོ་གསར་གཏོང་གི་ཡོད་ལ། འདི་ལོར་ཡང་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ནི་ཧོར་ཟླ་དང་པོ་ཚེས་ ༡ ལ་འཁེལ་ཡོད་སྟབས། གོང་གི་ས་ཁུལ་དེ་དག་གི་ལོ་གསར་ཚེ་གཅིག་ཡིན། འོན་ཀྱང་། བོད་ཁམས་ཡོངས་ཀྱི་བོད་མི་ཚོར་ཐུན་མོང་གི་ལོ་གསར་ཞིག་ཡོང་ཐུབ་ཆེད། ན་ནིང་ལོའི་ཨ་མདོའི་ལོ་སར་སྐབས་མདོ་སྨད་གཅན་ཚ་དང་རེབ་གོང་གཙོས་པའི་བོད་རིགས་ས་ཁུལ་ཁག་ཏུ། བོད་རིགས་ཡོངས་ལ་གཅིག་གྱུར་གྱི་ལོ་གསར་ཞིག་ཡོང་ཆེད་རྒྱ་ལོའི་ལོ་སར་བཏང་མེད་ལ། ད་ལོར་ཡང་རྫོང་དེ་གཉིས་གཙོས་པའི་མཚོ་སྔོན་གྱི་ས་ཁུལ་ཁག་ཅིག་དང་། སི་ཁྲོན་རྔ་པ་རྫོང་དང་ཀན་སུའུ་ཁུལ་གྱི་རྫོང་རིམ་པའི་ས་གནས་ཁག་ཏུ་བོད་མི་ཚོས་དམིགས་ཡུལ་འདྲ་མིན་ཐོག་རྒྱའི་ལོ་སར་གྱི་དགའ་སྟོན་ལ་རོལ་མི་འདུག  

ཨ་མདོའི་ལོ་སར་ཐད་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཀ་ཉག་ཚེ་རིང་ལགས་ཀྱིས་བརྗོད་དོན་ལྟར་ན། ད་ལོའི་ལོ་སར་སྐབས་ཨ་མདོའི་རྔ་པ་ཁུལ་གྱི་ས་གནས་ཁག་ཏུ་མང་ཚོགས་ཀྱིས་ལོ་སར་ལ་ཐུགས་སྤྲོ་གཏོང་རྒྱུའི་ཚབ་ཏུ། སྡེ་མི་རྣམས་གྲོང་སྡེའི་སྤྱི་ཁང་དང་ལྷ་ཁང་། མ་ཎི་ཁང་བཅས་སུ་འདུ་འཛོམས་བྱས་ཏེ། ད་ལོར་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོར་མྱ་ངན་མཚོན་ཆེད། ཉིན་ཧྲིལ་པོར་མར་མེ་མཆོད་འབུལ་དང་མ་ཎི་གསོག་བསྒྲུག་སོགས་བྱས་ཡོད་པ་དང་། ཨ་མདོ་རྔ་པ་ས་ཁུལ་གྱི་སྲོལ་རྒྱུན་ལྟར་ན། མི་གྲོངས་པ་དང་གོད་ཆག་ཆེན་པོ་སོགས་བྱུང་སྟེ་ལོ་ནག་སྲུང་གཙི་ཞུ་སྐབས། དཔྱིད་ཀ་ཁང་པར་དཀར་རྩི་མི་བྱུགས་པ་དང་། དབྱར་ཁར་དབྱར་སྐྱིད་མི་གཏོང་བ། སྟོན་ཁར་གླིང་ག་མི་གཏོང་བ། དགུན་ཁར་ལོ་གསར་མི་གཏོང་སོགས་ཀྱི་ལམ་སྲོལ་ཡོད་པ་ལྟར། ད་ལོར་ཡང་རྔ་པ་རྫོང་སྟོད་སྨད་བར་གསུམ་གྱི་དགོན་གྲོང་གཉིས་ཀྱིས་ལོ་སར་སྐབས་ཐུགས་སྤྲོ་མ་བཏང་བར་འདས་པོ་ཚོར་མཆོད་འབུལ་གནང་བཞིན་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བརྗོད་ན། ཉེ་ལམ་མགོ་ལོག་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། མི་མང་ཁག་ཅིག་གིས་ཡིག་ཐོག་ནས་ད་ལོར་ཨ་མདོའི་ལོ་སར་མི་གཏོང་བའི་འབོད་སྐུལ་ཐེངས་མང་ཞུས་སྟབས། མགོ་ལོག་ཁུལ་དར་ལག་རྫོང་དང་དགའ་བདེ་རྫོང་། གཅིག་སྒྲིལ་རྫོང་། པདྨ་རྫོང་བཅས་ཀྱིས་ད་ལོར་རང་ལུས་མེར་བསྲེགས་བཏང་བའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་རྒྱ་ལོའི་ལོ་སར་བཏང་མི་འདུག་ལ། མགོ་ལོག་རྨ་ཆེན་རྫོང་དང་རྨ་སྟོད་རྫོང་གི་ལོ་སར་གནས་སྟངས་སྐོར་ཤེས་རྟོགས་མེད་ཚུལ་སོགས་བརྗོད་ཀྱང་། མི་གཞན་ཞིག་གིས་བརྗོད་ན་རྫོང་དེ་གཉིས་ཀྱི་བོད་མི་ཚོས་རྒྱུན་ལྡན་གྱི་ལོ་སར་གཏོང་བཞིན་ཡོད་འདུག

ངྷ་སར་གནས་སྡོད་སྐུ་ཞབས་བསྟན་པ་ལགས་ཀྱིས་བརྗོད་ན། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དང་རྩི་ཀོར་ཐང་། མང་ར་རྫོང་། ཀོང་ཧོ་རྫོང་བཅས་ཀྱི་བོད་རིགས་མང་ཚོགས་ཀྱིས་རྒྱའི་ལོ་སར་གཏོང་བཞིན་ཡོད་ནའང་། རྫོང་དེ་དག་གི་ས་ཁུལ་དང་གྲོང་སྡེ་རེ་ཟུང་ནང་། མང་ཚོགས་ཀྱིས་ད་ལོའི་ལོ་སར་འདི་མྱ་ངན་གྱི་ལོ་ཞིག་ལ་སྲུང་གཙི་བྱས་འདུག  

ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་བརྗོད་ན། རེབ་ཀོང་དང་གཅན་ཚ་ཁུལ་དུ་ད་ལོར་ལོ་སར་མི་གཏོང་མཁན་ལོ་སྔོན་ལས་མང་དུ་ཕྱིན་ཡོད་འདུག་ལ། རྫོང་དེ་གཉིས་ཀྱིས་ལོ་སར་མི་གཏོང་བར་རྒྱུ་མཚན་གཉིས་ཡོད་འདུག ཁག་ཅིག་གིས་བོད་ཁམས་སྤྱི་ཡོངས་ལ་གཅིག་གྱུར་གྱི་ལོ་སར་ཞིག་ཡོང་ཆེད་ལོ་གསར་གཏོང་གི་མེད་པ་དང་། ཡང་རིགས་གཅིག་གིས་འདི་ལོར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ཚོར་མྱ་ངན་མཚོན་ཆེད་ལོ་སར་མ་བཏང་བ་ཞིག་ཡིན་འདུག

ངྷ་སར་གནས་སྡོད་བསང་ཆུ་འབྲུག་བྷེ་ལགས་ཀྱིས་ཕ་ཡུལ་དུ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པས་ད་ལོར་འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོར་མྱ་ངན་མཚོན་ཆེད་ལོ་སར་བཏང་མི་འདུག་ལ། དེ་མིན་བླ་བྲང་ས་ཁུལ་གྱི་མཛོད་དགེ་དང་ཅོ་ནེ་ཁུལ་སོགས་ཀྱི་ས་གནས་རེ་ཟུང་ནང་ལོ་སར་གཏོང་བཞིན་ཡོད་ནའང་། ད་ལོའི་ལོ་སར་སྐབས་རྒྱས་སྤྲོས་མེད་པའི་ལོ་གསར་གཏོང་བཞིན་ཡོད་འདུག གཞན། མཚོ་སྔོན་མཚོ་ཤར་ཁུལ་གྱི་ཡཱ་ཙི་དང་བ་ཡན་བཅས་སུའང་ཨ་མདོའི་ལོི་སར་གཏོང་མིན་གཉིས་ཀ་བྱུང་ཡོད་འདུག

རྒྱའི་ལོ་སར་གཏོང་མཁན་ཨ་མདོ་ས་ཁུལ་ཙམ་མིན་པར་ཁམས་ཁུལ་གྱི་ས་ཆ་ཁག་ཏུའང་གང་འཚམ་ཞིག་ཡོད་པའི་ཁྲོད། ཁམས་བྲག་མགོ་དང་དཀར་མཛེས་ཕྱོགས་ཀྱི་བོད་རིགས་གྲོང་སྡེ་ཁག་ཅིག་གིས་རྒྱའི་ལོ་སར་ལ་སྤྲོ་སྐྱིད་བཏང་མི་འདུག་ལ། ལྷག་པར་དུ་བྲག་མགོ་རྫོང་གི་བོད་མི་ཚོས་ལོ་སར་ཚེས་ ༡ ཉིན་རྒྱ་གཞུང་ལ་ཞི་རྒོལ་བྱས་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ། བོད་མི་ ༢ དམར་བསད་དང་བརྒྱ་ཕྲག་ལྷག་བཙོན་འཇུག་བྱས་ཡོད་སྟབས། འདི་ལོའི་ལོ་སར་ཚེས་གཅིག་དེ་མྱ་ངན་གྱི་ཉིན་མོ་ཞིག་ཏུ་བསྒྱུར་ཡོད་འདུག

ཨ་མདོའི་ལོ་སར་ཞེས་པའི་ཉིན་མོ་འདི་ནི། ཕྱི་ལོ་ ༡༢༡༧ ལོར་སོག་པོའི་རྒྱལ་པོ་ཇང་ཀེ་སི་ཁཱན་གྱིས་མི་ཉག་དབང་དུ་བསྡུས་པའི་དགའ་སྟོན་རྟེན་འབྲེལ་ཞུས་པའི་ཉིན་མོ་ཡིན་པ་དང་། དེང་སྐབས་ལོ་སར་འདི་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་ནག་དང་སིང་གྷ་ཕོར། ཀོ་རི་ཡ། ཐའེ་ཝན། ཕྱི་སོག་སོགས་རྒྱལ་ཁབ་མང་པོའི་ནང་གཏོང་སྲོལ་ཡོད་འདུག  

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༠ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༣ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 13

  1. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    ད་ལོའི་རྡོར་གདན་དུས་དབང་གི་སྐབས་ཏེ། སྤྱི་ལོ་༢༠༡༢་ལོའི་ཟླ་དང་བོའི་ཚེས་གཅིག་ཉིན་ལ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཡོངས་ལ་བོད་ཀྱི་ལོ་གསར་གཅིག་གྱུར་དུ་གཏོང་ཐུབ་ན་དགེ་མཚན་ཆེ་བ་དང་། ལྷག་པར་དུ་བོད་ཟླ་དང་བོའི་ཚེས་གཅིག་ནི་དཔལ་ལྡན་ལྷ་མོའི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་འཁེལ་ཡོད་པས། བོད་མི་རྣམས་ཀྱིས་ཆོས་ཕྱོགས་ཀྱི་རྟེན་འབྲེལ་བཟང་བོ་ཞིག་དང་འབྲེལ་ནས་ལོ་གསར་གཏོང་དགོས་པར་གལ་ཆེན་གྱི་ཚུལ་དུ་གསུངས་ཡོད།

    Reply
  2. སངྒེ ། says:
    ལོ་ 14 སྔོན།

    བོད་ལོ་རེད་དམ་ཧོར་ལོ་རེད།
    སྤྱིར་ལོ་སར་ཟེར་བ་དེ་ཁྱིམ་གཟའ་བའི་ཁ་མགོ་བདེ་དུས་ཤིག་དང་། དགའ་སྐྱིད་ཀྱི་སྣང་བ་མཐོ་དུས་ཤིག་ལ་གཏོང་བ་ལས། སྡུག་གི་མུན་ནག་འཐིབས་པའི་ནམ་ཟླ་ཞིག་ལ་གཏོང་སྲོལ་ག་ལ་ཡོད། དེའི་ཕྱིར་ང་ལ་མཚོན་ནའང་ལོ་སར་མ་བཏང་བར་ལོ་ཤས་སོང་ཞིང་། ཕ་ཡུལ་ལ་འབྲེལ་བ་མ་བྱས་པར་ཡང་དུས་ཡུན་རིང་ཙམ་འགོར་ཡོད་སྟབས་དེ་རིང་ཨ་མདོའི་ལོ་སར་ཡིན་པ་ཁྱོན་ནས་མ་གོ ད་ལྟ་དྲ་ཐོག་འདི་ནས་ཨ་མདོ་དང་ཁམས་ཀྱི་ས་ཁུལ་གང་མང་ན་ལོ་སར་གྱིན་པ་གཞི་ནས་གོ་སོང་ལ། ཡང་བསྐྱར་སྔོན་མ་ཞིག་ཏུ་བཤད་མྱོང་བ་ལྟར་ཅིའི་ཕྱིར་ང་ཚོ་མདོ་དབུས་ཁམས་གསུམ་ཡོངས་ཀྱིས་ལོ་སར་གཅིག་གྱུར་བྱེད་མ་ཐུབ་པ་རེད། ཡུལ་གྲུ་འདི་དག་སྐད་ཡིག་གོམས་སྲོལ་གཅིག་གྱུར་དང་། རིགས་གཞུང་དད་མོས་གཅིག་གྱུར་ཡིན་པ་མ་རེད་དམ། བོད་ལའང་རང་གི་ཐུན་མིན་གྱི་རྩིས་དང་དེ་འབྲེལ་གྱི་ལོ་ཐོ་ཞིག་ཀྱང་ཡོད་པ་མ་ཡིན་ནམ། བོད་རྩིས་ལས་ཧོར་རྩིས་ཤིག་འདེད་དགོས་དོན་ཅི་རེད། བོད་ལོ་ལས་ཧོར་ལོ་ཞིག་སར་དགོས་དོན་ཅི་ཉེས། བོད་ཆེ་ཆུང་ཟེར་བ་དེ་བདེན་སོང་བ་རེད་དམ། ཡང་ན་གོམས་སྲོལ་ཞིག་ལས་གཞན་རྒྱུ་མཚན་དང་དགོས་པ་འདྲ་མེད་པ་རེད་དམ། དེ་ཡིན་ན་བོད་ཡུལ་སྟོད་སྨད་བར་གསུམ་གྱིས་ལོ་སར་གཅིག་གྱུར་བྱས་པའི་དགེ་མཚན་ལ་བསམ་སྟེ་ལོ་ཐོ་གཅིག་གྱུར་དང་ལོ་སར་དུས་གཅིག་བྱས་ན་ཅི་འདྲ་རེད། འདི་ལྟའི་དྲི་རྟགས་མང་བོ་ཞིག་སེམས་ངོར་ཤར་ཡོང་ཡང་དེ་དག་ལ་དྲི་ལན་རེ་རེ་རྙེད་མ་བྱུང་། དྲ་གྲོགས་རྣམ་པས་དགོས་མེད་རང་དུ་མ་གཟིགས་ན་རང་དངོས་ནས་བསམ་འཆར་ཕྲན་བུ་རེ་གསུང་རོགས་ཞུ།

    Reply
  3. ནད་པ says:
    ལོ་ 14 སྔོན།

    བོད་ཨ་མདོའི་ལོ་གསར་དང་། ཁམས་ཀྱི་ལོ་གསར། དབུས་པའི་ལོ་གསར། གཙང་གི་ལོ་གསར། ཞིང་པའི་ལོ་གསར། འབྲོག་པའི་ལོ་གསར་སོགས་གཏོང་སྟངས་མི་འདྲ་མང་པོ་ཡོད།

    འོན་ཀྱང་ང་ཚོས་བོད་ཆོལ་ཁ་གསུམ་སྤྱི་ལ་ཁྱབ་པའི་ལོ་གསར་ཞིག་ད་བར་གཏོང་རྒྱུའི་སྲོལ་རྒྱུན་མ་བྱུང་བ་དེས་བོད་དེ་སྔ་གཅིག་བསྒྲིག་བྱུང་མེད་པའི་དཁང་རྟགས་གསལ་པོ་ཞིག་ང་ཚོའི་མིག་ཏུ་སྟོན་པ་རེད།

    ང་ཚོས་བོད་རང་གི་ཐུན་མོང་མིན་པའི་ལོ་གསར་ལ་སྲུང་བརྩི་ཞུ་དགོས། དེ་ནི་བོད་ཀྱི་རྒྱལ་ཁབ་དང་། བོད་མི་རིགས་ཀྱི་ཁྱད་ཆོས། བོད་ཀྱི་རིག་གཞུང་བཅས་མཚོན་བྱེད་ཕྱིར་དུ་ཡིན། ལོ་གསར་ལ་བསྲུང་བརྩི་ཞུས་པ་དང་སྦྲགས་ཁ་ལག་ཡག་པོ་བཟའ་དགོས་པ། སྨོན་ལམ་རྒྱག་དགོས་པ། ལོ་གསར་པའི་ནང་དུ་བྱ་བ་གསར་པ་རྩོམ་ཐུབ་པ། ལོ་གསར་པའི་ནང་དུ་མདོར་ན་བདེ་ཐང་དང་། ཤེས་ཡོན། དཔལ་འབྱོར། ལག་རྩལ་སོགས་ཅི་རིགས་ལ་རྒྱལ་ཁ་ཐོབ་ཐུབ་པའི་རྩོད་ལེན་བྱེད་དགོས།

    ཡིན་ནའང་ང་ཚོས་གཞས་གཏོང་བ་དང་། ཞབས་བྲོ་འཁྲབ་པ། སྤྲོ་སྐྱིད་གཏོང་བ་སོགས་རྩ་བ་ནས་བྱེད་མི་རུང་བ་ཞིག་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ད་འདི་འདྲའི་སྐབས་ལ་བོད་མི་སྟོང་ཕྲག་ཁ་ཤས་ནས། རང་ས་ནས་ད་དུང་བོད་རིགས་ཁྲི་ཁྲག་ཁ་ཤས་དང་། ཉེ་འཁོར་ནས་བོད་རིགས་འབུམ་ཁྲག་ཁ་ཤས་དང་། བོད་ས་ཡོངས་ནས་ས་ཡ་ཁ་ཤས་མཉམ་འཛོམས་ཀྱིས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་པའི་དུས་ཚོད་རེད་དོ། །བོད་ནང་གི་བོད་རིགས་ཚོ་དང་བོད་རིགས་ཁ་འཐོར་བ་ཚོ། ཡར་ལོངས་ཤོག མི་མང་ལོངས་ཤོག ད་ལོངས་ཤོག །

    Reply
  5. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    ན་ནིང་མདོ་སྨད་གཅན་ཚས་སྣེ་ཁྲིད་པའི་བོད་ཡོངས་ཀྱི་ལོ་གསར་གཅིག་གྱུར་དུ་གཏོང་བའི་སྲོལ་བཙུགས་པ་ནས་དེང་སང་བོད་ཕྱི་ནང་ཡོངས་སུ་ལོ་གསར་གཅིག་གྱུར་དང་གོམས་སྲོལ་གཅིག་གྱུར་གྱི་ལས་དོན་ལ་འབད་བརྩོན་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ལྟ་བའི་ལངས་ཕྱོགས་གཅིག་གྱུར་དུ་བཟུང་སྟེ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་བསམ་བློ་བཅིངས་ནས་ད་ལོའི་རྒྱ་ལུགས་དང་བོད་ལུགས་ལོ་གསར་གང་ལྟར་ཡང་བོད་ཕྱི་ནང་དང་མདོ་དབུས་ཁམས་སུ་སྤྲོ་སྐྱིད་ཀྱི་ལོ་གསར་གཏོང་གི་མེད་པ་ནི་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པ་ཞིག་ཡིན་པས་བསྔགས་འོས་སུ་གྱུར་ཏོ། །

    Reply
  6. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་ཕྱོགས་ཡོངས་སུ་ལོ་གསར་དགོས་པ་ནི་གལ་ཆེན་ཞིག་ཏུ་མཐོང་། རྒྱལ་ཁབ་གཅིག་གི་ནང་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་གཉིས་སླེབས་ན་མ་འོངས་པ་བོད་ཀྱི་ས་ཁུལ་དེ་ཡང་ལམ་ལུགས་ཕྱོགས་གཉིས་སུ་གྱེས་ཉེན་ཆེ། ད་ལོར་རྡོར་གདན་དུ་དུས་དབང་སྐབས་༸གོང་ས་མཆོག་གིས་ཀྱང་གཅིག་གྱུར་གྱི་ལོ་གསར་གཏོང་ཐུབ་ན་ཡག་པོ་ཡོད་པ་དང་། དམིགས་བསལ་དུ་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཉིན་དཔལ་ལྡན་ལྷ་མོའི་དམིགས་བསལ་དུས་ཚིགས་གཅིག་ཁེལ་ཡོད་སྟབས་ཆོས་ཕྱོགས་ཀྱི་བྱ་བ་གལ་ཆེན་ཞིག་དང་འབྲེལ་ཡོད་པ་རེད་ཟེར་ནས་གསུངས་སོང་། གང་ལྟར་རྒྱའི་ལུགས་སྲོལ་གྱི་ཤན་མི་ཞུགས་པར་བྱ་དགོས་རྒྱུ་དེ་ད་ལྟ་ཆབ་སྲིད་ཀྱི་གནས་སྟངས་ལ་བལྟས་ན་ཁ་ཚ་དགོས་གཏུགས་ཀྱི་དེ་བས་གནད་འགག་ཞིག་ཏུ་གྱུར་ཡོད། རྒྱས་བོད་དེ་རྒྱ་ཡུལ་ཡིན་པ་དང་རིག་གཞུང་གཅིག་པ་ཡིན་རབས་སོགས་བཤད་བཞིན་ཡོད། ང་ཚོས་ཕྱོགས་ནས་དེ་ལྟར་མིན་པར་སྐད་ཡིག་དང་གོམས་སྲོལ་སོགས་ཐ་དད་ཡིན་རབས་སོགས་བཤད་བཞིན་ཡོད། འགའ་ཞིག་ལ་ལོ་གསར་གཏོང་ཕྱོགས་གཅིག་པའི་དབང་གིས་རྒྱལ་ཁབ་གཅིག་ཡིན་པའི་ཚོར་བ་ཞིག་སླེབས་ངེས་རེད། བྱས་ཙང་ཕྱོགས་ཡོངས་ནས་བསམས་དགོས།

    Reply
  7. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    བོད་ནང་དུ་གཅིག་རྗེས་གཉིས་འཐུད་ཀྱིས་རང་མི་རིགས་ཀྱི་བདེ་དོན་དང་ཕུགས་སེམས་ཀྱི་ཆེད་དུ་རང་སྲོག་དམར་བོ་མེར་སྒྲོན་གྱིན་འདུག ད་དུང་ཁ་སང་དེ་རིང་ཁམས་བྲག་མགོ་དང་གསེར་རྟ་རྔ་བ་སོགས་སུ་གནས་ཚུལ་ཛ་ཇེ་དྲག་དང་ཉེན་ཁ་ཇེ་ཆེ་ནས་ཇེ་ཆར་དུ་འགྲོ་བཞིན་འདུག ངོ་མས་བཤད་ན་འདི་ནས་ཀྱང་འཕག་འཚག་རྒྱག་རེམ་དང་རྣམ་འགྱུར་སྟོན་རེམ་ལ་སླེབས་ཡོད་པ་རེད། ཡིན་ན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཡིན་ཐམས་ཅད་ལ་གྲགས་འགུལ་ཞིག་མེད་པ་ཅི་རེད། མཐོང་བཞིན་པ་དང་གོ་བཞིན་པ་ནི་དྲ་ཚིགས་དང་བྱེས་སྡོད་པའི་གསར་ལམ་ཁག་གི་བསྔགས་བརྗོད་དང་ཡི་རང་གི་ཚིག་སྐམ་པོ་སྒྲོགས་རྒྱུ་དང་། བོད་ནང་གི་རང་སྲོག་བློ་གཏོང་གི་སྙིང་སྟོབས་དང་དཔུང་བ་ཆིག་སྒྲིལ་གྱི་དཔའ་ཉམས་དེ་དག་ངོམ་རྒྱུ་ལས་གཞན་ཅི་ཞིག་ནུས། ང་ཚོ་འདི་ལྟར་ཕག་པ་བཞིན་གྲོ་ཁོག་ལྟོ་ཟས་ཀྱིས་བགྲང་ཚེ་བསམ་རྒྱུ་དྲན་རྒྱུ་ཅི་ཡང་དལ་ལྷོད་དང་བག་ཕབ་ངང་སྡོད་རུང་ངམ། ང་ཚོ་ད་དུང་འདི་ལྟར་བསྡད་ཚེ་བོད་ནང་གི་བོད་མི་ཚོ་བློ་ཕམ་དང་ཡིད་ཆད་མི་བྱུང་བས་ངེས་བ་མེད། ཁོ་ཚོས་ནམ་ཡང་ང་ཚོའི་ཕྱོགས་སུ་མིག་བསྲིངས་ནས་རྣ་གཏད་དེ་བསྡད་ཡོད་པ་བྱེས་སྡོད་པའི་བོད་མི་ཡོད་དོ་ཅོག་གི་བློ་ལ་ངེས་དགོས་སེམས་ལ་དྲན་དགོས།

    Reply
  8. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    གོང་བརྗོད་ཀྱི་ས་གནས་དེ་དག་གིས་སྔར་ལྟར་ལོ་གསར་མི་གཏོང་བར་བོད་ཁམས་གཅིག་གྱུར་གྱི་ལོ་གསར་ལ་ནུས་ཤུགས་སྤོང་ཐབས་དང་། རང་མི་རིགས་ལ་བརྩེ་དུང་དང་ལར་ཞེན་ཆེ་བའི་རང་མི་རིགསཀྱི་བདེ་དོན་དང་ཕུགས་སེམས་ཀྱི་ཆེད་དུ་རང་སྲོག་མེ་རུ་སྒྲོན་པའི་འདས་བོ་དེ་དག་ལ་མྱ་ངན་ཆེད་ལོ་གསར་གྱི་དགའ་སྟོན་ལ་མི་རོལ་བར་འདས་བོ་དེ་དག་ལ་བསྔོ་སྨོན་དང་གསོལ་འདེབས་བྱས་དང་བྱེད་བཞིན་པར་བསྔགས་བརྗོད་དང་ཡི་རང་ཞུ། འོང་ཀྱང་གོ་ཚོད་ལྟར་ན་རྡ་སར་གླད་མེད་ཁ་ཤས་ཀྱིས་ལོ་གསར་ལ་རོལ་བཞིན་པའི་གནས་ཚུལ་ཞིག་གོ་ཡོང་གི་འདུག བདེན་པ་ཡིན་མིན་མི་ཤེས སང་ཉིན་གཙུག་ལག་ཁང་དུ་འདས་བོ་དེ་དག་གི་ཆེད་བསྔོ་སྨོན་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་ཨ་མདོའི་སྐྱ་སྟོང་མགོ་སྟོང་ཁ་ཤས་ཀྱི་རྒྱ་སྲོལ་ལྟར་ལོ་གསར་རོལ་བཞིན་ཡོད་བ་རེད་ཟེར་བའི་སྐད་ཆ་ཞིག་འདི་གར་ཁྱབ་བཞིན་འདུག གླད་མེད་དེ་རྣམས་སང་ཉིན་གཙུག་ལག་ཁང་དུ་ཚོགས་བཞིན་པའི་འདས་བོ་དེ་དག་ལ་མྱ་ངན་དང་དེ་དག་གི་བསྔོ་སྨོན་ལ་ཞུགས་རྒྱུ་ཕར་ཞོག་རྒྱ་སྲོལ་གྱི་ལོ་གསར་ལ་རོལ་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་བཞིན་ཡོད་པ་འདྲ། གལ་སྲིད་དེ་ལྟའི་གནས་ཚུལ་ཡོད་མེད་ཞིབ་འཇུག་དང་རྟགས་དཔྱད་བྱེད་བཞིན་ཡོད་། ཁུངས་ལྡན་གནས་ཚུལ་ཞིག་ལག་སོན་བྱུང་ཚེ་ཁྱེད་ཚོ་ལྟ་མོ་བལྟས་ནས་སྡོད་ཅི་ཞིག་བྱེད་ཀི་ལྟོས་ ཁུད་སིམ་མི་འཇོག་ཁོ་ཐག་ཡིན

    Reply
  9. བསྟན་འཛིན་ཚེ་དཔག says:
    ལོ་ 14 སྔོན།

    ཨ་མདོའི་ལོ་གསར་ཟེར་བ་འདི་རྒྱ་རྩིས་ཀྱི་ལོ་རྩིས་གཞིར་བཞག་ནས་བྱུང་བ་ཆགས་ཡོད། དབུས་གཙང་ལོ་གསར་དེ་ཡང་རྒྱ་རྩིས་གཞིར་བཞག་ནས་བྱུང་བ་ཆགས་ཡོད། གཉིས་ཀ་རྒྱ་རྩིས་གཞིར་བཞག་གཅིག་མཚུངས་ཡིན། མི་འདྲ་སའི་གནད་ནི། རྒྱ་རྩིས་ལ་ཟླ་བཤོལ་འདོན་སྟངས་རིགས་གཉིས་བྱུང་བ་དེ། ལོ་གསར་གྱི་དུས་ཚེས་འདི་གཉིས་རྩིས་གཞི་ལོགས་ཀ་ཆགས་གཞི་དེ་རེད། འདི་ནི་རིག་གནས་ཀྱི་ཤུགས་རྐྱེན་ཟེར་བ་དེ་རེད།

    Reply
  10. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    སྔོན་མ་ནས་འདིའི་སྐོར་ལ་གསལ་བཤད་ཅིག་བྱེད་འདོད་ནའང་ད་བར་བྱུང་མ་སོང་།
    རྒྱའི་ལོ་སར་རེད་དམ། རྒྱལ་ལོའི་ལོ་གསར་རེད། འདི་ལ་ངེས་པར་བསམ་བློ་གཏོང་རྒྱུ་ཞིག་འདུག ཁ་ཤས་ཀྱིས་རྒྱལ་ལོ་ཞེས་པ་རྒྱ་ལོར་ངོས་བཟུང་ནས་རྒྱའི་ལོ་གསར་ལྟ་བུར་གོ་བཞིན་ཡོད་པ་འདྲ། འདི་རྒྱའི་ལོ་མ་ཡིན་པར་རྒྱལ་ལོ་རེད་འདོད་པ་འདི་ང་རང་ཉིད་ཀྱི་བསམ་ཚུལ་ཡིན།
    ཕལ་ཆེར་དེ་རྒྱལ་ལོ་མིན་ནམ་སྙམ། (རྒྱལ་ལོ་དང་རྒྱ་ལོ་གཉིས་ཀློག་སྟངས་འདྲ་བོ་ཡོད།)
    གསར་འགོད་པ་ལགས་ནས་འདིའི་སྒང་ལ་མཐར་ཆོད་པའི་ཞིབ་འཇུག་ཅིག་གནང་རོགས།

    ལོ་སར་འདི་ཡུལ་དུས་དང་བསྟུན་དགོས་པས་ངེས་པར་གཅིག་གྱུར་བཟོ་དགོས་པའི་གནད་ནི་མཐོང་མ་སོང་། འདི་སྤྱི་ལ་བཏོན་པའི་བསམ་ཚུལ་ཡིན

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བོད་ཀྱི་སྲོལ་རྒྱུན་ལོ་གསར་གཏོང་སྲོལ་མི་མཐུན་པ་དུ་མ་ཡོད། བོད་བཅུ་གཉིས་པའི་ཚེས་གཅིག་ལ་བསོད་ནམ་ལོ་གསར་དང། བོད་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོའི་ལོ་གསར་དང་། དེ་བཞིན་བླ་མའི་ལོ་གསར་དང་། ཆོས་སྐྱོང་ལོ་གསར་དང་། ཀོང་པོའི་ལོ་གསར། གཙང་གི་ལོ་གསར་སོགས་གནའ་སྔ་མོ་ནས་ད་བར་གཏོང་སྲོལ་ཡོད་པ་རེད། འོན་ཀྱང་འདི་ལོ་བོད་མི་ཡོད་དོ་ཅོག་ནས་ལོ་གསར་ལ་དགའ་སྟོན་མི་གནང་བར་དཔའ་པོ་འདས་པོ་ཚོར་མཆོད་འབུལ་ལམ་དྲན་གསོའི་དུས་ཞིག་ལ་འགྱུར་བ་གནང་ཐུབ་པ་ཡིན་ན་མི་རིགས་ཀྱི་ལ་རྒྱ་ཞིག་ཏུ་མངོན།

    Reply
  12. མྱི་ནག་ཚང་། says:
    ལོ་ 14 སྔོན།

    མཐའ་གཅིག་ཏུ་ ༼རྒྱའི་ལོ་གསར་༽ ཡིན་པར་ངོས་བཟུང་ན་མི་འགྲིག་པར་འདོད། རྩིས་ལུགས་གང་ཞིག་ཡིན་ན་དེར་ངོས་འཛིན་དགོས་པ་མིན་འགྲོ། ཉི་ཧོང་གིས་ཀྱང་རྒྱ་ཡི་སར། ཀོ་རི་ཡ་དང་སོག་པོས་ཀྱང་རྒྱ་ཡི་ལོ་སར་བར་བཤད་ན་ཅུང་ཐལ་དྲག་མེད་འགྲོ། ཨ་མདོའི་ལོ་གསར་ནི་རྒྱ་ཡི་ལོ་གསར་ཡིན་པར་ངོས་འཛིན་པ་ནི་འཐད་པར་མ་མཐོང་ངོ་།

    Reply
  13. ཤིང་ལོ། says:
    ལོ་ 14 སྔོན།

    ལོ་སར་གཅིག་ན་རིག་གཞུང་སྣ་གཅིག་རེད།།
    རྡོག་རྩ་གཅིག་ན་བསམ་བློའི་གོ་རྟོགས་ཡིན།།
    དམིགས་ཡུལ་གཅིག་ན་དོན་གྱི་སྙིང་བོ་ཡིན།།
    སྐྱིད་སྡུག་གཅིག་ན་དངོས་གནས་གཅིག་ནི་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese