མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་བཀའ་སློབ་དེ་དྲངས་པ་མ་གཏོགས་བརྩི་ཡི་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

བཀའ་བློན་ཁྲི་གསར་འདི་བས་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས། བོད་གཞུང་ལྷ་མི་ཡོངས་ཀྱི་ཚོགས་དབུས་སུ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་པོའི་དྲུང་དུ་ལས་འཁུར་དམ་འབུལ་ཞུ་སྐབས། ས་སྟེང་མཁས་པ་ཐམས་ཅད་ཀྱི་མགོ་གཅོག་སློབ་དཔོན་ཟམ་གདོང་རིན་པོ་ཆེས་འདི་འདྲ་ཞིག་གསུངས་མྱོང་སྟེ། གལ་སྲིད་འབྱུང་འགྱུར་བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་འགན་དབང་ཡོད་པའི་མི་མང་གི་མགོ་ཁྲིད་ཚོ་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་ཕེབས་ཐུབ་ཚེ། བོད་མི་རིགས་ལ་རེ་བ་ཡོད་པ་དང་། མ་ཐུབ་ཚེ་རེ་བ་མེད་ཅེས་རྡོ་རྗེ་གསུང་གི་སྡོམ་ཚིག་མ་འདྲ་བ་ཞིག་བཞག་ཡོད། གསུང་བཤད་འདི་ནི་སློབ་དཔོན་ཁོང་ཉིད་བོད་ཀྱི་སྲིད་སྟེགས་སྟེང་གི་ཐད་ཀར་འགན་ཡོད་ཀྱི་གྲས་ནས་ཕེབས་ཁར་བཀའ་ཤག་གསར་པར་བཞག་པའི་རེ་བ་དང་། ལམ་སྟོན། ཉམས་མྱོང་ཕྱོགས་སྡོམ། ཡང་ན་ལངས་ཤོར་ལ་མི་འགྲོ་རྒྱུའི་ལྕགས་སྒྲོག་བཅས་ཡིན་པར་ངོས་འཛིན་གནང་གིན་ཡོད།

གསུང་བཤད་འདིས་བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་ཆེ་ཕྲ་ཐམས་ཅད་ལ་ཡིད་འགུལ་ཐེབས་ཡོད་ཅིང་། བློ་བདེ་བོའང་བྱུང་ཡོད་ཀྱང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་ད་དུང་རྟིང་གནོན་གྱི་ཚུལ་དུ་སྔ་ཕྱིར། ༧གོང་ས་མཆོག་གིས་འབད་སྒྲུབ་བྱས་པ་ཡར་རྒྱས་གཏོང་མི་ཐུབ་ཀྱང་ནག་གསུབ་གཏོང་མི་འོས་པ་ཐེངས་མང་གསུངས་ཡོད་ལ། དེས་ཀྱང་བོད་མི་དོ་སྣང་ཅན་ཚོར་བློ་མིག་གིས་བྲེད་ཤ་ལངས་ཏེ་བཀའ་ཤག་གསར་པར་གཞོགས་འདེགས་བྱེད་དགོས་པ་བསྟན་ཡོད། དེ་ལྟར་གཟུར་གནས་ཀྱི་བློ་མིག་མང་པོ་ཞིག་གིས་རང་གི་བླ་ན་མེད་པའི་གཞུང་གི་ཁྲིམས་མཐུན་གྱི་རྒྱུན་ལྡན་བཀའ་ཤག་གསར་པར་རེ་བ་ཆེན་པོས་ལྟ་བཞིན་པ་རེད།

ཡིན་ནའང་། བཀའ་ཤག་གསར་པ་ཁྲི་ཁར་བྱོན་ནས་དུས་ཡུན་གང་འཚམས་ལོན་པའི་དེ་རིང་བར། སྔ་ན་མེད་པའི་མི་མང་གིས་དོ་སྣང་དང་འགན་ཁུར་ཁྱེར་སྟངས་ནི་བོད་མི་རིགས་ལ་རེ་བ་ཡོད་པ་ལྟ་བུའི་སྣང་ཚུལ་འབྱུང་ཐུབ་པ་ཞིག་རེད་ལ། དེ་དང་མཉམ་དུ་བོད་ནང་ནས་འུ་ཐུག་པའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཞིག་ཀྱང་རྒྱུན་མ་ཆད་པར་བྱུང་བས། བོད་མི་ཚང་མར་དེའི་ཐད་སེམས་འཚབ་གཟུང་དུ་མེད་པ་ཡོད་གཤིས། ཚང་མས་མི་མང་གིས་འདེམས་པའི་བཀའ་ཤག་གསར་པས་ག་རེ་གནང་མིན་ལ་ལྟོས་ཤིང་རེ་བ་རྒྱག་བཞིན་པ་རེད།

ད་བར་བོད་ནང་མེར་བསྲེགས་ཀྱིས་མཚོན་ལས་འགུལ་རིམ་བསྟུད་དུ་བྱུང་བ་ཁག་ནི་དམངས་ཁྲོད་ནས་བོད་ནང་དང་འབྲེལ་བ་བྱས་ཏེ་གནས་ཚུལ་རེག་པ། དེ་བརྒྱུད་ནས་གསར་ལམ་ཁག་ཏུ་བཀྲམས་པ་བཅས། ཀིརྟི་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གཙོས་བོད་ཀྱི་གནས་ཚུལ་དུས་ལྟར་རེག་མཁན་རྣམས་ཀྱིས་བྱས་རྗེས་རླབས་ཆེན་བཞག་ཡོད། ང་ཚོས་ཕྱིར་ལྟོས་ཤིག་བྱས་ན། ལོ་སྔོན་མ་ནས་ད་བར་བོད་ནང་བྱུང་བའི་གནས་ཚུལ་ཚང་མ་གཞིས་ལུས་མི་མང་གིས་སྤེལ་ཏེ། དེའི་ཆ་ཤས་བཙན་བྱོལ་མི་མང་གིས་རེག་པ་མ་གཏོགས་གཞུང་གི་ངོས་ནས་གནས་ཚུལ་སྔོན་ལ་རེག་པ་གཅིག་ཀྱང་བྱུང་མི་འདུག་ལ། ཐ་ན། ས་གནས་ས་ཐོག་ཏུ་རྒྱ་ནག་གིས་ཅི་ཞིག་བྱ་རྩིས་ཡོད་མེད་ཀྱི་གནས་ཚུལ་ཟུར་ཙམ་ཡང་རང་གཞུང་གིས་ངོས་ནས་ད་བར་སྔོན་བརྡ་གཅིག་ཀྱང་གཏོང་རྒྱུ་རྙེད་མེད། དེ་ལ་འགྲེལ་བཤད་སྣ་ཚོགས་ཡོད་ཆོག་ཀྱང་། གནས་སྟངས་དེ་རིགས་ནི་ཧ་ཅང་སེམས་སྐྱོ་བོ་དང་ཡིད་ཐང་ཆད་པ་ཞིག་ཡིན།

གནས་སྟངས་དེ་ནས་ཚུར་ལྟོས་ན། བོད་གནས་མི་མང་དོ་སྣང་ཅན་ཚོས་རེག་སོན་གང་བྱུང་ཡར་སྤྱན་སྔར་དབུལ་བ་རྣམས། བཀའ་ཤག་གསར་པས་ཐ་ན་རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཞིག་ཏུའང་བཀྲམས་ཐུབ་མེད་ལ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་ཚར་བའི་གནས་ཚུལ་ཞིག་རང་གཞུང་གི་དྲ་རྒྱར་གཞི་ནས་བཀོད་ཀྱི་ཡོད། གནས་སྟངས་དེས་བཀའ་ཤག་གསར་པའི་བོད་ནང་ལ་ཐུགས་སྣང་གནང་ཕྱོགས་ནི་རྦད་དེ་ནག་ཁུངས་དང་རབ་རིབ་དུ་གྱུར་ཡོད།

 

ནག་ཁུངས་དང་རབ་རིབ་དེའི་ཁྲོད་ནས་ད་བར་གསལ་ཁ་མ་བྱུང་བ་ཞིག་ནི། བོད་ནང་མེར་བསྲེགས་རིམ་བསྟུད་དུ་བྱུང་བར་འཛིན་པའི་སྲིད་བྱུས་རེད། བོད་ནས་དོན་དག་རེ་བྱུང་ན། གསར་འགོད་གསལ་བསྒྲགས་རེ་སྤེལ་རྒྱུ་ནི་འཆར་ཅན་ཡིན་ལ། མི་ཚང་མས་བློས་དཔོག་ཐུབ་ཀྱི་ཡོད་ལ། ཐ་ན་འདི་དང་གན་གསུང་གི་རེད་ཅེས་ཚིག་ཐག་ཀྱང་ཆོད་ཀི་ཡོད། དེ་ལྟར་གསར་འགོད་རིམ་བསྟུད་སྤེལ་བའི་ནང་། བཀའ་ཤག་གསར་པའི་སྡེ་ནས་དགོངས་ཚུལ་འདི་འདྲ་ཞིག་ཐོན།  “༢༠༠༨ ལོར་བོད་ནང་ཞི་རྒོལ་དང་། བཙན་བྱོལ་ནང་མ་འཆི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རིམ་སྤེལ་ལ་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ནང་པ་ཞིག་ཡིན་པ་དང་། མིའི་ཚེ་སྲོག་རྩ་ཆེན་ཡིན་པའི་ཆ་ནས་བོད་ཕྱི་ནང་གཉིས་སུ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མི་སྤེལ་བའི་བཀའ་སློབ་ཕེབས་ཡོད། དེར་བརྟེན་བཀའ་ཤག་ནས་ཀྱང་༧གོང་ས་མཆོག་གི་བཀའ་སློབ་ཇི་ཕེབས་ལ་བསྐྱར་ནན་ཞུ་གི་ཡོད་”ཅེས་པ་འདི་རེད། འདི་ནི་ ༢༠༡༢ ལོའི་ཟླ་ ༡ ཚེས ༦ ཉིན་མེར་བསྲེགས་བྱུང་མ་ཐག་གཞི་ནས་ཐོན་པ་རེད་ལ། དུས་འཁོར་དབང་ཆེན་སྐབས་གསར་འབྱོར་ཚོར་གསལ་ཁ་མེད་པའི་ཚིག་འགྲོས་འདི་བཞིན་བཀའ་བློན་ཁྲི་པས་དངོས་སུ་ངག་ཐོག་ནས་ཀྱང་གསུངས་ཡོད།

བཀའ་ཤག་གསར་པས་༧གོང་ས་མཆོག་གི་བཀའ་སློབ་ཇི་ཕེབས་ལ་བསྐྱར་ནན་ཞུ་གི་ཡིན་ཞེས་༼ བསྐྱར་ནན་༽གྱི་ཚིག་ཙམ་གསུངས་བ་ལས། དོན་དམ་བསྐྱར་ནན་གྱི་དོན་དངོས་ལག་བསྟར་བྱས་མེད་ལ། ད་ལྟ་ད་དུང་དེ་ག་རང་བཞུགས་མུས་ཡིན་པས། བཀའ་ཤག་གིས་མེར་བསྲེགས་ལས་འགུལ་ཐད་སྤྱིར་བཏང་༧གོང་ས་མཆོག་གི་དགོངས་གཞི་དྲངས་ཡོང་དགོས་དོན་དང་། ཡང་ན་དགོངས་གཞི་དྲངས་ཡོད་ཀྱང་དོན་དངོས་བརྩི་དགོས་ཀྱི་མེད་པ་དང་། བརྩི་ཡི་མེད་པ་འདི་ང་རང་གཞི་རིམ་མང་ཚོགས་ཀྱི་ཆེད་དུ་སྨྱུ་གུ་འཛིན་མཁན་ཞིག་ཡིན་པའི་ཆ་ནས་སྔོན་མ་བྱས་ནས་བོད་ཕྱི་ནང་གི་བོད་མི་ཚོར་སྙན་གསེང་ཞུས་ན་འདོད་པ་དེ་ཡིན།

ཚེ་སྲོག་གི་འགྲོ་གྲོན་མེད་པ་དང་། མིའི་འཆམ་མཐུན་གཏོར་བྱེད་ཀྱི་ཞེ་འཁོན་རྒྱུད་སྤྲོད་བྱེད་པའི་བྱ་སྤྱོད་མི་ཐོན་ཆེད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ཡོད་ཅིང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྒྲུབ་བྱ་ཁོ་ནར་དམ་འཛིན་བྱེད་པ་ལས་དེའི་ དམིགས་དོན་སྒྲུབ་པའི་ལམ་གྱི་རིམ་པའི་འགན་ཁུར་དོར་བ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་གྱི་མེད། ད་ལྟའི་བཀའ་ཤག་གསར་པ་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་མཁན་ཡིན་སྟབས། དབུ་མའི་ལམ་གྱི་རིམ་པའི་ནང་ངེས་པར་དུ་རང་གི་མི་མང་གི་ཚེ་སྲོག་ལ་འགན་ཁུར་བྱེད་དགོས་པ་གཙོ་འདོན་བྱས་ཡོད། ཚེ་སྲོག་གཏོང་བ་དང་ཞེ་འཁོན་ཇེ་ཆེར་འགྲོ་གཞིའི་ལས་འགུལ་རིགས་བྱུང་བ་ཡིན་ན་དེ་ནི་དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་དང་མཐུན་གྱི་མེད་ཀྱང་། བཀའ་ཁྲི་གསར་པས་ཉེ་འཆར་བརྙན་འཕྲིན་ནང་གི་འབོད་སྐུལ་ནང་དུའང་བོད་མི་ཚོའི་ཞེ་འཁོན་ཇེ་ཆེར་འགྲོ་བཞིན་པ་གསུངས་ཡོད། ཚེ་སྲོག་གཏོང་རྒྱུར་ཅི་མི་སྙམ་པའི་སྲིད་བྱུས་འཛིན་གྱི་ཡིན་ན། དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་གྱི་མེད་ལ། དེ་ནི་དབུ་མའི་ལམ་ལ་ཡིད་ཆེས་ཀྱང་མེད་པའི་རྟགས་རེད།

རྒྱུ་མཚན་དེ་དག་གིས་བཀའ་ཤག་གསར་པས་རང་ལུས་མེར་བསྲེགས་ཐད་ཀྱི་ལྟ་ཚུལ་ཁ་གསལ་གནང་དགོས་པ་དང་། བྱུང་ན་ལྟ་ཚུལ་དེའི་ནང་༧གོང་ས་མཆོག་འཐེན་པ་དང་༧གོང་ས་མཆོག་ལ་ལག་པ་འཕྱི་ཐབས་མི་བྱེད་རྒྱུ་དང་། དེ་དང་ཕྱོགས་མཚུངས་དབུ་མའི་ལམ་གྱི་སྲིད་བྱུས་དངོས་གནས་པ་ཞིག་ཀྱང་འཛིན་ཐུབ་པ་ཡིན་ན་མི་མང་གི་མགོ་ཁྲིད་དང་། སྲིད་འགན་རྩིས་སྤྲོད་གནང་ཡུལ་གྱིས་མི་གོ་ཆོད་སོང་བ་རེད་བསམས་ཀྱིན་ཡོད། དེ་མིན་ནམ་རིང་སྒྲུང་གིས་འཁྱོལ་རྒྱུ་ནི་མི་སྲིད་པ་ཞིག་རེད།

༢༠༡༢། ༡། ༢༩། ཉིན

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 24

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གཉིས་པའི་ཚེས་བརྒྱད་ཉིན་བཀའ་སྤྱི་གཉིས་ཀྱིས་ཡོངས་ཁྱབ་གསུང་འཕྲིན་དོན་སྙིང་ཆེ་བ་ཞིག་གནང་ཐུབ་རྒྱུའི་རེ་བ་དང། དེ་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་མང་ཞིག་མཉམ་འཛོམས་ཀྱིས་ལས་འགུལ་སྤེལ་རོགས་ཞུ་རྒྱུ་འདི་སྐབས་བབ་རེ་བ་གཉིས་ཡིན།

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ཁུག་རྟས་ཁུག་འདྲོག་བྱེད་དགོས་པའི་སྐད་ཆ་ཞིག་བཤད་འདོད་མེད་དེ། ཁོང་གིས། དཔལ་ལྡན་བཀའ་ཤག་གིས་མེར་བསྲེགས་གཏོང་མཚམས་འཇོག་རོགས་ཟེར་བའི་འབོད་སྐུལ་ནན་པོ་ཞིག་ད་བར་བྱས་མེད་ལ། གང་དུ་གནང་འདུག་ན་དེ་འདིར་དྲངས་རོགས་གནང་། ཞེས་འབོད་བསྐུལ་གནང་འདུག་པས། བཎྜེ་སོས་དལ་གྱིས། ཤཱཀྱ་ཐུབ་པས་རབ་བྱུང་གིས་ཆང་མ་འཐུང་ཟེར་བ་མ་གཏོགས་བཎྜེ་སོལ་དལ་གྱིས་ཆང་མ་འཐུང་ཟེར་བ་ཞིག་མདོ་རྒྱུད་གང་ནའང་མེད་པས།
    བཎྜེ་སོས་དལ་ཆང་ལ་འཇུག །
    གཞན་ཕན་སེམས་ནི་འགྲོ་དོན་ཡིན། །
    ནག་མོ་སྐྱིད་མཚོ་མཁའ་འགྲོར་བསྟེན། །
    འདི་ཕྱིའི་མདུན་ལམ་སྐྱིད་ཀྱིས་བསྒྲུབ། །
    ཅེས་པའི་སྒྲུང་འདི། ཤར་ཁུག་ལགས་སུ་འབུལ་རྒྱུའི་ལག་རྟགས་འཚམས་པོ་ཞིག་ཆགས་པ་རེད། ཞུས་ཙང་། སྲིད་སྐྱོང་བཀའ་བློན་ཁྲི་པས་ལས་འགུལ་དེའི་རིགས་མ་སྤེལ་རོགས་ཞེས་ས་གྲགས་གནམ་གྲགས་གནང་པ་མིག་མཐོང་རྣ་ཐོས་སུ་གྱུར་ཡོད་པ་རེད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ངོ་ཤེས་རྙིང་པ་གསེར་འབྲུག་སྡེ་ལྔ་སོགས་མང་པོ་ཕེབས་འདུག ཡིད་སྐྱོ་བ་ཞིག་ལ་རྭ་ལོ་ཟེར་བས་གང་བྲིས་ང་མཇལ་མ་བྱུང་། གཞན་རྣམས་ཀྱི་བསམ་ཚུལ་ལ་ལྟོས་པ་ཡིན། ཡག་པོ་འདུག ཁྱེད་རྣམ་པ་མ་ངལ་བར་འདི་འདྲ་བྲིས་པ་ཡག་བྱུང་ཟེར་རྒྱུ་ཡིན།
    ཡིན་ནའང་། ངའི་རྩོམ་ཡིག་གི་གང་ཞིག་ཏུ་བཤག་བཅོས་དང་ཐེར་འདོན་བྱས་མི་འདུག་པས། ལན་འདེབས་ས་ཞིག་ཀྱང་མི་འདུག་མོད། གསེར་འབྲུག་གྱིས་ཀྲུང་ནན་ཧའེ་ནས་༼ བསམ་འཆར་༽ངོས་ལེན་གནང་མེད་མིང་འདྲ་མི་འདྲ་བཏགས་ཡོད་ཟེར། ཁྱེད་འདི་ཆབ་སྲིད་དབྱིངས་ཡོད་མཁན་ཞིག་ཡིན་བསམས་བསྡད་ཡོད་ལ ད་བར་ཆབ་སྲིད་ཀྱི་ཕྱག་ལས་གནང་བ་རེད། འདི་འདྲ་ཟེར་གྱི་རེད་བསམས་བསམ་མ་བྱུང་། ཀྲུང་ནན་ཧའེ་ནས་གང་བརྗོད་པར་ལྟ་དགོས་དུས་སྤྱིར་བོད་མི་རིགས་འདི་བ་གསོན་རྒྱུའང་དཀའ་མོ་ཡིན། ཡིན་ནའང་། ཁོང་ཚོས་བརྗོད་དོན་ལྟར་སོང་མེད། དེ་ལོ་རྒྱུས་ཀྱང་ཡིན་ལ་དངོས་ཡོད་ཀྱང་རེད།
    དེ་ནས་༼ བསམ་འཆར་༽དེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་བཞིན་འཆར་འགོད་བྱས་པ་རེད། ངོས་ལེན་མེད་ཟེར་བ་ཙམ་གྱིས་འགྲིག་ན། ད་དཔེ་བསགས་རེད། ཡང་ན། ང་ཚོས་འབྲུ་དོན་གོ་བ་ལེན་ཕྱོགས་འགྲིག་གི་མེད་པའི་ཡ་ལན་དང་། ཡང་ན། སྤྱིར་རང་སྐྱོང་སྤྲོད་འཆར་མེད་པའི་ལན་གནང་རྒྱུ་ལས་གཡོལ་ས་གེ་མེད་པ་རེད། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ། དེའི་རྒྱབ་ཏུ་ཅིག་མེད་ན་ཡོད་མདོག་ལ་དོགས་ནས་ཕྱེད་རང་བཙན་སོགས་ཟེར་གྱི་ཡོད་པ་རེད། དེ་རྒྱ་ནག་གཞུང་འུ་ཐུག་ཚར་བ་རེད། དེའི་སྐོར་དེ་ཙམ་གྱིས།
    གཉིས་ནས། སྤྱིར་དཀྲོག་གཏམ་བཟོ་རྒྱུ་འདི་ཆབ་སྲིད་ལ་དབྱིངས་ཡོད་མཁན་ཚོར་ཁ་འབྲལ་གྱི་མེད་པའི་ལས་ཀ་ཞིག་ཡིན་ཁར། གང་དུ་མ་སླེབས་པ་ཚོས་ཀྱང་དེའི་རྗེས་སུ་འབྲངས་ནས་བཤད་ཁུལ་གནང་གི་རེད། དེ་སྤྱིར་བཏང་རེད། བཤད་ཡ་གང་མེད། ཡིན་ནའང་། ཁྲི་ཟུར་མཆོག་གིས་ང་ལ་རྩམ་སྐྱ་གནང་རྒྱུ་ཞིག་ཁྱོན་ནས་མེད་པ་དེ། སྤྱིར་བཙན་བྱོལ་གཞུང་གི་ལས་བྱེད་ཚོ་དང་བླང་བ་རྐྱང་རྐྱང་རེད། གླ་ཆ་བརྟན་དགོས་ན་ཉི་མ་འཁྱོལ་ཐུབ་ཁེག་སེ་རེད། དེའི་ཆ་ནས་ཁྲི་པ་མཆོག་་ལའང་ཟླ་རེར་ཧིན་སྒོར་༡༥༠༠༠ ཡོད་པ་རེད། དེ་ཅིག་ཤེས་ན་ཡག་པོ་མེད་འགྲོ
    གཉིས་ནས། ངས་ཁྲི་གསར་འདི་བར་སྐྱོན་མེད་ནག་བརྗོད་བྱས་པས་དེ་ཅང་གོང་ལ་འགྲོ་ཡི་མ་རེད་ལ། དེ་ལྟར་བྱས་ན་དེ་རང་གི་མགོ་གཅོག་ཏུ་འགྱུར་ངེས་པ་ངས་ཤེས་ཡོད། བྱས་ཙང་། རྩ་དོན་དང་འབྲེལ་བའི་བསམ་ཚུལ་བཤད་དུས་ཁྱེད་རྣམ་པས་ཁ་བསྒྱུར་ཅི་ལྟར་བྱས་ཀྱང་དཀའ་ལས་རེད་བསམས་སོང་།
    སོང་ཙང་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། ངའི་མ་རྩོམ་དེ་གཞིར་བཟུང་ནས་ག་རེ་ལབ་ཀྱང་དྲ་འབུ་ཞིག་ཡིན་ནའང་ལན་ཕུལ་ཆོག

    Reply
  4. ནད་པ says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་འདིས་གང་བསམ་པ་དག་ཐད་ཀར་བཀའ་ཁྲི་གསར་པར་སྐྱོན་བརྗོད་བྱེད་རྐྱང་རེད། ཧབ་ཏེ་བལྟས་ན་ཁོ་སྐྱོན་བྱེད་མཁན་གཙོ་བོ་ཞིག་དང་མདུང་རྩེ་ཐད་ཀར་གཏོད་མཁན་འདྲ་པོ་སྣང་བཞིན་ཡོད།

    ངས་བསམ་ན་ཤར་ཁུག་ལས་ཉེན་ཁ་ཆེ་བ་གཞན་དག་ནི་ད་ལྟའི་འཆར་བཀའ་ཁྲི་གསར་པ་དེར་སྔོན་མའི་ཉམས་མྱོང་དང་། གཞི་རིམ་བཙན་བྱོལ་སྤྱི་ཚོགས་སོགས་ཕྱི་ནང་གི་གནས་ཚུལ་མང་དག་གཅིག་ཡུན་རིང་བསགས་པའི་ཉམས་མྱོང་གི་དཀའ་གནད་ཆུང་བའི་སྣང་ཚུལ་མངོན་པ་རེད།

    ཡིན་ན་ཡང་ལོ་མང་རིང་དུ་ཉམས་མྱོང་རབ་དང་རིམ་པ་བསགས་པའི་དགའ་ལྡན་ཕོ་བྲང་གི་སྲི་ཞུ་རྒན་གྲས་སྤྱི་ཡོངས་ནས་བཀའ་ཤག་གསར་པའི་ཁྲི་པར་ལམ་སྟོན་དང་དཔུང་རོགས་བྱེད་མཁན་ཉུང་བའི་སྐྱོན་གནད་དེ་ནི་ཧ་ཅང་གི་ཉེན་ཁའི་གནས་ཚུལ་ཞིག་རེད།

    གནད་དོན་འདིའི་ནང་དུ་བཀའ་ཟུར་རྒན་གྲས་རྣམ་པ་དང་། དྲུང་ཆེ་རྒན་གྲས་རྣམ་པ། སྤྱི་ཟུར་རྒན་གྲས་རྣམ་པ། སྲི་ཞུ་རྒན་གྲས་རྣམ་པ། མཁས་པ་རྒན་གྲས་རྣམ་པ། མི་རྒན་ཉམས་མྱོང་ཅན་རྒན་གྲས་རྣམ་པ་སོགས་མང་དག་གཅིག་ཚུད་ཡོད།

    ད་ལྟའི་འཆར་༸ གོང་ས་མཆོག་གིས་ཐད་ཀར་བསྔགས་བརྗོད་གནང་བཞིན་ཡོད་པ་དེ་ནི་ཁོང་གི་མི་རིགས་འདིར་བཅངས་པའི་བརྩེ་སེམས་ལྷད་མེད་པ་དེ་ཕྱིར་ཡང་ཡང་མངོན་བཞིན་ཡོད།

    ད་དུང་བཀའ་ཁྲི་གསར་པ་འདི་པས་ལས་དོན་གང་སར་ཡིད་གཟབ་བྱ་མ་ཐུབ་ན་གཅིག་ཉིན་རྐུབ་ལུག་ན་བསམ་པ་ཆོག་སྙམ་པའི་མི་མང་དག་གཅིག་རེ་སྒུག་དེ་བརྒྱབ་ནས་གྲུ་ཟུར་ཁག་ནས་མིག་ཟུར་བལྟས་ནས་བསྡད་འདུག་པ་འདི་ཆེས་ཧ་ཅང་གི་ཉེན་ཁ་ཞིག་ཀྱང་རེད།

    བཀའ་ཁྲི་གསར་པ་འདིས་དབྱིན་སྐད་ཐོག་ནས་གཏམ་བཤད་གནང་ན་དམོས་འབྲེལ་ཡག་པོ་འདུག་ལ་ང་ཚོས་བསྟོད་དགོས་པ་རེད། ཡིན་ནའང་བོད་སྐད་ནང་གསུང་བཤད་ཇི་ཙམ་གནང་ན་དེ་ཙམ་གྱིས་སྐྱོན་ཆ་མང་གད་གཅིག་ཐོན་བཞིན་ཡོད་སྟབས། ཁོང་གི་མཛན་མཐོང་དེ་རང་བཞིན་གྱིས་ཉམས་བཞིན་ཡོད།

    ཡིན་ནའང་ཁ་ནས་གཏམ་བཤད་སྙན་པོ་དང་། འདྲ་ཆགས་པོ། ཡིན་མདོག་མདོག་ཇི་ཙམ་བཤད་ནའང་དོན་དངོས་ཐོག་ལས་ཡུན་ལོ་ལྔའི་རིང་གྲུབ་འབྲས་ལྡན་པའི་བྱ་གཞག་བཟང་པོ་མང་དག་གཅིག་མངོན་འགྱུར་མ་ཐུབ་ཚེ་ད་གཟོད་སྤྱི་སྒེར་ཚང་མར་གྱོང་གུན་ཕོག་ངེས་རེད།

    བཀའ་ཁྲི་གསར་པས་མ་འགྲིག་པའི་ལས་དོན་ལྷག་ཚེ་ངེས་པར་སྐྱོན་བརྗོད་དུས་ཐོག་བྱེད་དགོས་ལ་ད་དུང་བཀའ་ཁྲིའི་ལས་ཀའི་གནད་དོན་ཐད་ལའང་སེམས་བཟང་གིས་ལམ་སྟོན་དང་དཔུང་རོགས་ཀྱང་དུས་ཐོག་བྱེད་ཐུབ་ན་ཡག་པོ་རེད།

    རྟག་པར་སྐྱོན་བརྗོད་ཤ་སྟག་བྱས་བསྡད་ནའང་དེ་ནི་ཡག་པོ་ཞིག་མ་རེད། སྐྱོན་བརྗོད་བྱས་པ་དང་མཉམ་དུ་ཤ་ཚའི་ལམ་སྟོན་དང་རོགས་རམ་ཡང་བྱེད་ཐུབ་པ་དགོས།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྭ་ལོས་གསུངས་པ་དེ་དེ་བཞིན་ནོ།
    མ་གཞི་ཁྲི་ཟུར་ཚང་གི་བཙན་བྱོལ་གཞུང་གི་དཔལ་འབྱོར་འདུ་བཀོད་ཚང་མ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རིག་པར་ལད་ཟློས་ཅུང་ཟད་བྱས་པའི་འབྲས་བུར་བཙན་བྱོལ་གཞུང་གི་བུ་ལོན་མེད་པ་བཟོ་ཐུབ་ཙམ་ལས་དཔལ་འབྱོར་འཕེལ་རྒྱས་གང་ཡང་གཏོང་ཐུབ་མེད་ལ། ཆབ་སྲིད་ཐད་བཤད་ན་རྒྱ་ནག་ལ་མགོ་འབུལ་ལུས་འབུལ་གྱིས་དབུ་མའི་ས་ལམ་གྱི་རང་སྐྱོང་མངོན་འདོད་ཡིག་ཆ་ཞིག་སྤྲད་ཡོད་ཀྱང་དེ་ནི་ཀྲུང་ནན་ཧེའེ་ནས་ནམ་ཡང་ངོས་ལེན་མི་བྱེད་མཁར་རང་བཙན་རྣམ་པ་དུ་མར་དབྱེ་འདུག།
    འོན་ཀྱང་ཡ་མཚན་པ་ཞིག་ལ་ཁྲི་ཟུར་ཁྲི་ནས་ཕེབས་མཁར་ཁྲི་གསར་ཚང་ལ་དབུ་མའི་ལམ་ནི་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང་། དགོངས་གཞི་དེ་དང་མཐུན་ན་བོད་ལ་རེ་བ་ཡོད་རབས་དང་། དེ་དང་མི་མཐུན་ཚེ་བོད་ལ་རེ་བ་མེད་ལུགས་བརྗོད་ནས་ཉེན་བརྡ་བཏང་ཡོད་པ་རེད། མ་གཞི་ཁྲི་གསར་ཚང་ལ་ཐུགས་ཁག་ཅི་ཡོད་སྟེང་དང་ལོགས་ཟུར་དང་སུལ་ཚང་མ་ནས་ཉེན་བརྡ་གཏོང་མཁན་དང་སློབ་སྟོན་པ་མང་དྲག་ནས་ཁོང་གིས་ཆེས་ཐོག་མའི་《གསར་གཏོད་》ཀྱི་ངར་སྐད་དེ་ད་ཆ་ཉམས་དམས་སུ་ཕྱིན་ནས་ནུས་པ་མེད་པ་ཆགས་ཚར་བ་རེད་ལ། ཅི་ཞིག་གསར་གཏོད་བྱ་དགོས་མིན་མི་ཤེས་པའི་གནས་སུ་བགྱར་བ་གསལ་པོ་རེད།
    སྐབས་འདིར་དཔེ་མཚོན་ཆུང་ཆུང་ཞིག་དྲངས་ན། སྟོབས་ཆེན་ཨ་རི་ལ་མཚོན་ན་སྲིད་འཛིན་ཨཱོ་བྷཱ་མས་ཆེས་ཐོག་དང་པོར་《འགྱུར་བ་》ཞེས་མི་སེམས་འགུལ་བའི་ངར་སྐད་དེས་ཉམས་མྱོང་མེད་པ་དང་ལོ་ན་ཆུང་བ་རིགས་རུས་ཨཕྷ་རི་ཀའི་ནག་རིལ་ཨཱོ་བྷཱ་མ། དེ་སྔོན་མི་རིགས་དཀར་ནག་དབྱེ་འབྱེད་ཤུགས་ཆེན་ཡོད་པའི་རྒྱལ་ཁབ་སྟོབས་ཆེན་ཨ་རིའི་སྲིད་སྟེགས་སུ་ཕེབས་ཐུབ་པ་ནི་འཛམ་གླིང་མི་རྣམས་ཧང་སངས་དགོས་པ་བཟོས་པ་རེད། འོན་ཀྱང་སྲིད་འཛིན་ཟུར་པ་བྷཱུ་ཤཱུ་ཡིས་ཨ་རི་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་སྐྱོ་མ་ལུང་པ་གང་གཡོས་བཞག་པ་དེ་བལྡགས་ནས་སྡོད་རྒྱུ་མ་གཏོགས་འགྱུར་བ་ཞེས་པའི་ངར་སྐད་དེ་ཡང་ཉམས་དམས་སུ་ཕྱིན་ནས་སྲིད་སྟེགས་ཀྱི་དུས་ཡུན་ཚར་ལ་ཉེ་བའི་ལོ་དེའི་ནང་འགྱུར་བ་གང་ཡང་བཏང་ཐུབ་མེད་པ་རེད།
    བྱས་ཙང་བོད་ཀྱི་ཨཱོ་བྷཱ་མ་ཁྲི་གསར་སྲིད་སྐྱོང་ཚང་འདི་ཡང་གསར་གཏོད་བྱེད་པའི་རང་དབང་ཐོབ་མེད་པ་རེད་ལ་གསར་གཏོད་ཀྱི་ནུས་པ་ཡལ་ཚར་བ་རེད་ལ་ཅི་ཞིག་གསར་གཏོད་བྱ་དགོས་མིན་མི་ཤེས་པ་ཆགས་ཚར་བ་གསལ་པོ་རེད། ཅི་འདྲའི་ཡིད་ཕངས་བ་ལ་ཨང་། མ་གཞི་ཐུགས་ཁག་མེད། ཐུགས་ཁག་མེད། དོན་དངོས་བྱས་ན་གྲུབ་འབྲས་འཐོན་རྒྱུ་མེད་པའི་བོད་མི་རིགས་ཀྱི་ཆབ་སྲིད་ལངས་ཕྱོགས་དེར་གསར་གཏོད་རང་བཞིན་ལྡན་པ་ཞིག་བྱེད་དགོས་ཀྱང་། གསར་གཏོད་ལ་རང་དབང་མེད་ན་ཁག་པོ་རེད་པ།
    དེ་ནས་ཤར་ཁུག་གི་བྱེད་ལས་ནི་འདི་ལྟར། ཁྲི་ཟུར་ཚང་གིས་ཤར་ཁུག་གི་རྩམ་རྐྱལ་སྦྱིན་པར་བྱས་པས་ཁྲི་ཟུར་ཚང་ལ་བསྟོད་གླུ་བླངས་མི་ཚར་བ་དང་། ཁྲི་གསར་སྲིད་སྐྱོང་ཚང་གིས་ཁོང་གི་རྩམ་རྐྱལ་ཕྲོགས་པར་བྱས་པས་ནད་མི་ཐེག་པར་ག་དུས་ཡིན་ཡང་ཁྲི་གསར་ཚང་གི་ཟུར་དང་སུལ་གང་ནས་སྐྱོན་ཞིག་འཚོལ་རྒྱུ་ནི་ཁོའི་ལས་འགན་གཙོ་བོ་དེ་རེད།

    Reply
  6. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    གངས་ཅན་མི་ཡི་སེང་གེའི་གཟི་ཟིལ་གྱིས། །ཚེ་སྲོག་སྒྲོན་མེར་མཆོད་པའི་སྙིང་སྟོབས་འབར། །ཤར་ཕྱོགས་ཕོ་ཉས་འཁུ་བའི་སྐད་ངན་གྱིས། དུས་བབ་ཁ་བརྡའི་གད་སྣོད་བཀང་ལ་ཉེ།

    Reply
  7. གདོང་གཡུ་ལོང་། says:
    ལོ་ 13 སྔོན།

    ཁུག་རྟས་བཤད་པ་དེ་དག་ལ་ཚང་མར་གནས་ལུགས་མི་འདུག་ཟེར་བ་ཡང་ཁག་པོ་རེད། ངས་ལྟོས་ན་ཁོ་རང་གིས་ཀྱང་ཐུབ་ཚོད་ཀྱིས་ཞིབ་རྟོག་བྱས་ཏེ་བཤད་པ་ཡིན་བསམ་ཀི་ཡོད་བ་རེད། ཡིན་ན་ཡང་ རྩོམ་ཡིག་འདི་ལ་ཞིབ་ཚགས་དང་ནན་ནན་ཏིག་ཏིག་གིས་ལྟོས་བ་ཡིན་ན་ཁོ་རང་གིས་བཀུར་འོས་བའི་དཀའ་ཁྲི་བློ་སེང་གི་ཉེས་སྐྱོན་ཐེར་འདོན་བྱས་བ་དེ་དག་གནད་ལ་ཁེལ་མི་འདུག མྱི་མང་གི་སྐད་ཆ་ཆད་པོ་་སྡོམ་པོ་དེ་དག་ལ་ཚིག་རྒྱན་སྤྲས་ནས་་བཤད་པ་ཞིག་ལས་གཞན་གཏིང་ཟབ་ཀྱི་གོ་རྒྱུ་དང་གནད་འགག་ཞིག་བཤད་མི་འདུག མ་ཟད་ ཐད་ཀར་ལྟོས་ཚོད་ལ་དགའ་མིན་དགའ་མདོག་གི་བཤད་པ་ཞིག་ལོས་ཡིན་དྲན་རྒྱུ་རེད། དེ་བས་འོག་ནས་སྐུ་ཞབས་ར་ལོ་ཟེར་བ་ཞིག་གིས་འགག་ལན་གྱི་ཚུལ་དུ་བཤད་པ་དེས་རྩོམ་ཡིག་འདི་ཅུང་ཙམ་དམར་རྗེན་དུ་ཕུད་འདུག་བསམ།

    Reply
  8. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ང་ཚོས་མ་འཇོན་པ་མ་ཐུབ་པ་ཚང་མ་མགོ་ཁྲིད་གཅིག་པུས་སྒང་ལ་གཡོག་འོས་པ་མིན། ད་ལྟའི་བར་མ་འཇོན་མ་ནུས་པ་དང་། འཐུས་ཤོར་ཇི་སྙེད་སོང་བ་དག སྤྱི་ཚོགས་ཁྱོན་ཡོངས་ནས་བྱེད་ཉེས་ཡིན། དེ་ལ་དམིགས་སུ་བཀར་ཏེ། ལན་ཁག་དཀྲི་ས་མེད། འོན་ཀྱང་སྐབས་དུས་ཀྱི་མགོ་ཁྲིད་ལ་འགན་འཁྲིཡོད་ནའང་། ཤར་ཊུ་ཀི་སི་ཐེན་གྱིས་བརྗོད་སྲོལ་ལྟར། བོད་པར་མགོ་ཡོད་ལ་གཞུག་གུ་མེད་ཟེར་བ་བཞིན། བོད་པའི་གནས་བབས་ཀྱི་དབང་གིས། སྤྱི་ཚོགས་ཁྲོད་དུ་བསམ་བློའི་གོ་རྟོགས་ཤེས་ཡོན་གྱི་གོ་རྟོགས། ཆབ་སྲིད་ཀྱི་གོ་རྟོགས་སོགས་ལ་ཧེ་བག་ཆེན་པོ་ཡོད་པའི་དབང་གིས་བསམ་བློ་གཅིག་གྱུར་དུ་མེད་ལ། བསམ་བློའི་ཁ་ཕྱོགས་མི་འདྲ་བ་མང་པོ་ཡོད། ཁག་ཅིག་མི་རིགས་ཀྱི་འདུ་ཤེས་གཅིག་མཚུངས་སུ་ཡོད་ནའང་། དེའི་ནང་གསེས་ཀྱི་ལྟ་བ་མི་འདྲ། ལས་འགུལ་གྱི་རྣམ་པ་ཐ་དད། མཐར་ཐུག་གི་དམིགས་ཡུལ་མི་འདྲ་ས་མང་པོ་ཡོད། དེ་བས་ཀྱང་སྲིད་སྐྱོང་གསར་པ་བློ་བཟང་སེང་གེ་གཅིག་པུར་སྙད་འདོགས་ག་ལ་བྱེད་རུང་། ཁོང་གི་ངོས་ནས་སྲིད་སྐྱོང་འགན་བཞེས་ནས། ད་བར་དུས་ཡུན་ཐུང་ངུ་དེའི་ནང་ལས་དོན་ཆེ་ཕྲ་མང་པོ་གནང་སོང་། གཙོ་ཆེ་ཤོས་ནི་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་དུ་ཕེབས་ཏེ་བོད་དོན་འགྲེལ་བཤད་རྒྱབ་ཡོད། ཨ་རིའི་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣ་དང་མཇལ་འཕྲད་བྱས་ཏེ། བོད་དོན་འགྲེལ་བཤད་གནང་སོང་། དེ་ཙམ་མ་ཚད་སྔར་བྱུང་མ་མྱོང་བའི་གཞུང་འབྲེལ་ཐོག་ཟས་བཅད་ངོ་རྒོལ་གནང་སོང་། དེའི་འབྲས་བུ་ལ་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཤུགས་ཆེར་བྱུང་ཡོད། དཔེར་ན་ཨ་རིས་རྒྱ་ནག་ལ་བོད་ཀྱི་སྐོར་ཐེངས་ཁ་ཤས་བཤད་དགོས་བྱུང་ཡོད། ཧྥ་རན་སིས་ཡང་རྒྱ་ནག་ལ་བོད་ཀྱི་སྐོར་བཤད་དགོས་བྱུང་ཡོད། ད་དུང་ལས་རིམ་མང་པོ་སྒྲིག་ཡོད། ཉིན་བརྒྱ་དུས་གཅིག་གི་ལས་འགུལ་དང་།  རྒྱ་ནག་གཞུང་ཚབ་མགོ་ཁྲིད་ལ་ཐད་ཀར་སྙན་ཞུ་འབུལ་རྒྱུ་དང་། རྒྱལ་སྤྱིའི་གནད་ཡོད་མི་སྣ་ཐུག་ཐབས་བྱ་རིམ་སོགས་བཀའ་ཤག་རྙིང་པ་ལས། ལས་འགུལ་གཏིང་ཟབ་པ་དང་རྒྱ་ཆེ་བ་དང་རླབས་ཆེ་བ་གཟི་བརྗིད་ཆེ་བ་མེད་ནའང་དམན་པ་ཞིག་རྩ་བ་ནས་མིན། ཟམ་གདོང་བླ་མས་ལོ་ངོ་བཅུའི་རིང་ལ་༧ གོང་ས་མཆོག་གི་དགོངས་གཞི་བཞིན་ཅི་ཞིག་བསྒྲུབས་ཡོད་མེད་དང་ལག་རྗེས་ཅི་ཞིག་བཞག་ཡོད་མེད་འདས་ཟིན་པའི་ལོ་བརྒྱུས་ནང་གསལ་ཐང་ངེ་རེད། 
    སྤྱིར་བཏང་་ངོ་རྒོལ་དང་ཡར་ལངས་ཟེར་བ་འདི་མི་དམངས་རང་འགུལ་གྱིས་ཡར་ལངས་དགོས་པ་ལས་གཞུང་འབྲེལ་གྱིས་འོས་འཚམ་མིན། མདོ་དོན་སྙིང་པོ་ནི། ལས་འགུལ་གྱི་གནས་ཚད་ཧ་ཀྱང་མཐོ་ཞིང་། ཉེན་ཚབས་ཤིན་དུ་ཆེ་བའི་བོད་ནང་ནས་ལས་འགུལ་ཅི་འདྲ་སྤེལ་ནའང་། བཙན་བྱོལ་བས་ཚོར་ཤུགས་དྲག་པོའི་རྣམ་འགྱུར་ཐོན་མེད།  འདིའི་སྐབས་ནས་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་དམིགས་བསལ་གྱི་འགན་འཁུར་དགོས་པར་སྣང་། དེ་བཞིན་ངོས་རང་ཚུད་པའི་བཙན་བྱོལ་དམངས་ཡོངས་ཀྱིས་འགན་གང་ཡང་མ་ཁུར་བའི་ཚབས་ཆེ་བའི་ནོར་འཁྲུལ་དང་ངོ་ཚ་ཞིག་ལ་འདོད་དོ།།

    Reply
  9. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཤར་ཁུག་འདིས་བོད་ནང་གི་མེ་ལྕེའི་འོག་གི་འབོད་སྒྲ་དང་མངོན་འདོད་ད་དུང་ཡང་ཤེས་མི་འདུག། ད་དུང་དབུ་མའི་ས་ལམ་གྱི་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་དེ་ཀྲུང་ནན་ཧེའེ་ནས་ངོས་ལེན་ནམ་ཡང་མི་བྱེད་མཁར་ངོ་བོ་བསྒྱུར་བའི་རང་བཙན་དང་། རྣམ་པ་མི་མངོན་པའི་རང་བཙན། ཕྱེད་རང་བཙན་སོགས་རང་བཙན་རྣམ་པ་དུ་མར་དབྱེ་བ་དེ་ཡང་ཤར་ཁུག་འོན་པ་དང་ལོང་བ་མིན་ན་གོ་ཚོད་དང་རིག་ཚོད་ཡིན། ཡིག་ཆ་དེ་རྒྱ་ནག་དབུས་གཞུང་ལ་སྤྲད་ནས་ག་དུས་དབུས་གཞུང་གིས་ངོས་འཛིན་བྱས་པ་རེད། ངོས་འཛིན་ཡོད་ན་རང་བཙན་རྣམ་པ་དུ་མར་དབྱེ་དགོས་དོན་ག་རེ་ཡིན་ནམ། མ་ཟད་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའི་ཟིན་བྲིས་པ་ཡེ་རྡོར་གྱི་རྩོམ་ཡིག་ནང་དབུས་གཞུང་གིས་ནམ་ཡང་ངོས་ལེན་མེད་པ་གསལ་གསལ་ཐིང་ཐིང་བཀོད་འདུག། ད་དུང་ཤར་ཁུག་གིས་མི་ཤེས་ཤེས་མདོག་གིས་མི་དམངས་མགོ་བོ་རྨོངས་སུ་འཇུག་ཚུལ་འདི་ཅི་འདྲའི་ཡ་མཚན་པ་ལ།

    Reply
  10. ཚེ་རིང། says:
    ལོ་ 13 སྔོན།

    ཧ་ཧཧཧ ཤར་ཕྱོགས་ཁུག་རྟས་བཀའ་ཤག་གི་ལན་འདེབས་ཚོགས་ཆུང་ནང་ལས་ཀ་བྱེད་མ་ཤེས་རྗེས། བཀའ་ཁྲི་བློ་སེང་ལ་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བས་ཁོང་ལ་རྒྱབ་སྐྱོར་ཆེད་ལས་ཀ་སྤྲད་པ་རེད། ཁུག་རྟའི་བཀའ་ཤག་གི་སྐོར་ལ་བྲིས་པའི་རྩོམ་ཡིག་ཚང་མར་ཞིབ་འཇུག་མེད་པར། བློ་སེང་ལ་སྐྱོན་བརྗོད་ཁོ་ནའི་ཆེད་དུ་རེད།

    དཔེར་ན་བོད་གཞུང་གི་གསར་འགྱུར་འགོད་སྟངས་ལ་སྐྱོན་བརྗོད་བྱས་པར་མཚོན་ན། འདི་སྤྱི་ཡོངས་ལ་བཤད་རྒྱུ་ཞིག་མེད་མོད། དོན་མེད་སྐྱོན་བརྗོད་བྱས་དུས་བོད་ཡིག་བརྒྱུད་ལམ་དུ་གསལ་བཤད་ཅིག་བྱས་ན་སྐྱོན་མེད་པར་སྙམ། བོད་ནང་གི་གསར་འགྱུར་ཁག་བོད་གཞུང་གིས་ལག་སོན་བྱུང་བ་དང་། བརྒྱུད་ལམ་གྲགས་ཅན་ཞིག་ཏུ་བཏང་སྟེ་རྒྱལ་སྤྱིའི་ངོས་ལེན་ཡོད་པ་བཟོས། དེ་རྗེས་གཞུང་གི་དྲ་གནས་ཐོག་བསྐྱར་འགོད་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ཤར་ཕྱོགས་ཁུག་རྟས་ཟམ་གདོང་རིན་པོ་ཆེ་བརྩི་ཡི་ཡོད་ན། གནས་ཚུལ་དེ་ཁོང་བཀའ་ཁྲི་ཡིན་སྐབས་ཀྱི་ལས་ཀ་བྱེད་སྟངས་གསུངས་པ་ཞིག་རེད།

    Reply
  11. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ངོ་ཤེས་དོ་སྣང་ཅན་སེར་སྨད་བློ་དགའ་གཙོས་མི་མང་པོ་ཕེབས་འདུག་ལ། བསམ་ཚུལ་གྱིས་གནད་འཇུས་མིན་ལ་མ་ལྟོས་པར་གང་དྲན་བཤད་ཐུབ་པ་དང་། འདིར་བྲིས་པ་དེ་རིན་ཐང་ཆེན་པོ་རེད་བསམས་ཀྱིན་འདུག་པས། དོ་སྣང་གནང་བ་ཙམ་མིན་པར་དེས་སྒུལ་ཤུགས་ཐེབས་འདུག་པ་འདི་ཆུང་ཆུང་མ་རེད། དེ་བས་ཁྱེད་རྣམས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    ༡ དེ་ནས་རྩོམ་དོན་དང་འབྲེལ་ནས་བཤད་ན། དཔལ་ལྡན་བཀའ་ཤག་གིས་མེར་བསྲེགས་གཏོང་མཚམས་འཇོག་རོགས་ཟེར་བའི་འབོད་སྐུལ་ནན་པོ་ཞིག་ད་བར་བྱས་མེད་ལ། གང་དུ་གནང་འདུག་ན་དེ་འདིར་དྲངས་རོགས་གནང་།
    ༢ རང་གཞན་གཉིས་ཀའི་ཚེ་སྲོག་ལ་འགན་ཁུར་ཐུབ་པ་དང་། བོད་རྒྱ་གཉིས་ནང་ཕན་ཚུན་ཞེ་འཁོན་རྒྱུད་སྤྲོད་མི་བྱེད་པ་ནི་དབུ་མའི་ལམ་གྱི་ཁྱད་ཆོས་ཡིན། ཐབས་ལམ་དེས་མདུན་ལམ་གཙོ་བོར་འཛིན་པའི་གུ་ཡངས་ཀྱི་འབྲེལ་མོལ་གནང་དགོས་དོན་ཡང་དེ་ག་རང་རེད།
    དབུ་མའི་ལམ་པ་བས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་སྐབས་རྒྱ་བོད་མི་རིགས་བར་འཆམ་མཐུན་བྲལ་འགྲོ་བའི་གཞི་རྩ་དངོས་སམ་བརྒྱུད་ནས་བསྐྲུན་མི་ཆོག དཔེར་ན་ཞེ་འཁོན་ཇེ་ཆེར་འགྲོ་ཡི་ཡོད་གསུངས་བ་དེས་ཞེ་འཁོན་ཇེ་ཆེར་གཏོང་རྒྱུ་ལས་མཚམས་ཆོད་ཐུབ་བམ། ལྷག་པར་དེ་ནི་དབུ་མའི་ལམ་ཞུགས་པ་མཐོ་གྲས་ནས་གསུངས་བ་ཡིན་ན། མི་མང་ནང་གོ་བོ་ལེན་ཕྱོགས་གཞན་ཞིག་ཡོང་གི་ཡོད། དེས་དབུ་མའི་ལམ་གྱི་དམིགས་གཟས་ལ་དོ་ཕོག་གཏོང་གི་ཡོད། དེ་ལྟར་ཕྱིན་དུས་འཚེ་མེད་ཞི་བ་རང་བཞིན་གྱིས་དོ་ཕོག་ཡོང་གི་རེད།
    ༣ ད་བར་རང་ལུས་མེར་བསྲེགས་བཏང་བའི་བློས་གཏོང་ཅན་རྣམས་ཀྱི་ཞལ་ཆེམས་དང་སྐད་འབོད་ནི་ད་ལྟའི་བོད་ནང་གི་དཀའ་ངལ་གཞི་རྩར་བཟུང་བའི་ཐོག་བྱུང་བ་ཡིན་པས། ཕྱོགས་གང་ལའང་བཙན་སྦྱོར་དང་མཐུན་ཐབས་བྱེད་མི་དགོས།
    ༤ རྒྱལ་ཁབ་ཀྱི་བདག་དབང་ཡོངས་རྫོགས་སླར་གསོ་བྱེད་རྒྱུ་ལས་རྒྱ་ནག་གི་རྩ་ཁྲིམས་ནང་མིང་དོན་མཚུངས་པའི་རང་སྐྱོང་བདམས་ཡོད་པ་མ་ཟད། དེའི་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲད་ཟིན་པ་དང་། སྤྲོད་སྐབས་རྒྱ་ནག་གཞུང་”དབུས་གཞུང་”ལ་ངོས་འཛིན་གནང་ཡོད་པ་རེད། དེ་ཡིག་ཐོག་རེད།
    ཡིག་ཆ་དེའི་ནང་ཕྱོགས་གཉིས་ཀྱི་ཁེ་ཕན་དང་བསྒྱུར་བཅོས་ཁག་གླེང་ཡོད་པ་རེད། དེའང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་སྟེ་གནང་བ་ཞིག་རེད། ང་ཚོས་ཁྲག་དང་སྲོག་གི་འགྲོ་གྲོན་གཏོང་རྒྱུ་ཡིན་པའམ། ཡང་ན་དེའི་ལམ་དུ་ཞུགས་རྒྱུ་ཡིན་ན། འཐབ་རྩོད་ཀྱི་ལམ་གྱི་རིམ་པའི་ནང་དབུ་མའི་ལམ་གྱི་འཐབ་རྩོད་བྱ་ཕྱོགས་དང་ཁ་ཁ་ཆགས་ཟིན་པ་རེད། དབུ་མའི་ལམ་གྱི་འཐབ་རྩོད་ཀྱི་ལམ་གྱི་རིམ་པའི་ནང་ཚེ་སྲོག་ལ་འགན་ཁུར་དགོས་སྟབས། དབུ་མའི་ལམ་པ་བས་དེ་དང་འགལ་བའི་ཀུན་སློང་ཙམ་བཅངས་བ་ཡིན་ན། དབུ་མའི་ལམ་ཞུགས་པ་དངོས་གནས་ཤིག་ཆགས་ཀྱི་མེད།

    Reply
  12. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    སྤུན་ཟླ་ཚོ། བསམ་ཚུལ་བརྗེ་རེ་དང་དགོངས་ཚུལ་ཞིབ་བསྡུར་གནང་བ་ཙམ་ལས་ཤ་ཉེ་ཕན་ཚུན་ལ་རྩུབ་ཚིག་དང་སྡིགས་ར་སོགས་ཀྱི་རྣམ་པ་གཞན་དུ་བསྒྱུར་ཅི་ཐུབ་གནང་རོགས། ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་རྣམ་དཔྱོད་ཀྱི་ཐོག་ནས་གསུངས་པའི་དགོངས་ཚུལ་ལ་ཀུན་སློང་དང་ཚོར་ཤེས་ཀྱིས་ཡ་ཡོ་ཡོད་པར་ངོས་འཛིན་གྱིས་ཁ་བརྡུང་སྡེབས་གཏོང་མ་གནང་རོགས་་་་་་་་་་་་་་་་་་་

    Reply
  13. མནར་མེད་པ། says:
    ལོ་ 13 སྔོན།

    དང་པོ་རང་ཉིད་ཀྱིས་བློ་སྦྱོང་ལེགས་པོ་ཞིག་གནང་ནས། རྗེས་སུ་དཔྱད་རྗོད་འདྲ་སྤེལ་ན་ཅི་མ་རུང་། ཨོྃ་མ་ཎི་པདྨེ་ཧཱུྃ

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ རྒྱུ་མཚན་དེ་དག་གིས་བཀའ་ཤག་གསར་པས་རང་ལུས་མེར་བསྲེགས་ཐད་ཀྱི་ལྟ་ཚུལ་ཁ་གསལ་གནང་དགོས་པ་དང་། བྱུང་ན་ལྟ་ཚུལ་དེའི་ནང་༧གོང་ས་མཆོག་འཐེན་པ་དང་༧གོང་ས་མཆོག་ལ་ལག་པ་འཕྱི་ཐབས་མི་བྱེད་རྒྱུ་དང་། ་་་་ཟེར་བ་འདིས་ཁུངས་མེད་ཀླད་མེ་འཚོར་མེད་ཅིག་གི་གཏམ་འཆལ་ཡིན་པ་རང་ཚིག་རང་གིས་གསལ་སྟོན་བྱས་འདུག་གམ། ཤར་ཁུག་བློ་བཟང་ཆོས་འབྱོར་ལགས།

    Reply
  15. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    རྩོམ་གྱི་ངོ་གདོང་ལ་ལྟ་སྐབས། དེའི་ཀུན་སློང་ཟེར་བ་འདི་བོད་མི་རྣམ་རྟོག་ཅན་གྱི་སེམས་པའི་ཁྱེར་སོར་རང་ཆས་སུ་ཡོད་པ་རེད། ཀུན་སློང་གིས་བྱ་སྤྱོད་ནག་པོ་བཟོ་བའི་སྟུ་ཐུག་གི་བྱ་སྟངས་ཤིག་རེད། གང་དུ་ཚད་ལྡན་མིན་པ་དང་། ཁུངས་མི་དག་པ། ནག་འགེལ་བྱས་པ་ཡོད་ན། དེར་བཅད་གཏུབ་ཀྱིས་ས་ས་དང་རྡོ་རྡོ་སར་ཞོག་དང་། སྐབས་དེར་དཔྱད་པའི་རྣམ་དཔྱོད་ཐོན་གི་རེད། དེ་མིན་ཕྲག་དོག་དང་གཞན་དབང་ཁོ་ནས་རྩོམ་ཡིག་ཅིག་ལ་བསམ་ཚུལ་འདོན་རྒྱུ་ནི་ཡོང་ཡ་མེད་པ་རེད། གོང་གི་རྩོམ་ཡིག་འདི་བཤག་ཐུབ་མཁན་ཡོད་ན་བཤག་ན་འགྲིག་གི་རེད།
    ད་ལྟའི་བཀའ་ཁྲིས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། བཀའ་ཁྲིའི་ཁྲི་ལ་བདག་པོ་མེད་གསུངས་བ་ལྟར། བུ་ཟང་ན་ཐང་ཆེན་པོ་འདུག གླེང་རྒྱུ་ཞེ་དྲག་འདུག དེ་མིན་ཧམ་པས་ཁུངས་མི་འཁྱོལ་བ་དཔེ་མང་པོ་འདུག་གཱ ཧཧཧཧཧ

    Reply
  16. དམར་ཁ་ཚ། says:
    ལོ་ 13 སྔོན།

    སུ་ཞིག་ལ་གནས་ལུགས་ཀྱི་རྫོང་མཐུག་ན་དེ་ནི་ནམ་ཡང་ནག་པོ་བཟོ་མི་ཐུབ་ལ་དུང་ཞེན་ཙམ་དང་ཕྱོགས་ཙམ་འཐེན་པས་ནི་ཅི་ཡང་མི་ནུས་ཏེ་རང་མཚངས་སྟོན་པ་ཙམ་དང་།  རབ་བྱུང་ན་ང་ཚོར་ཡང་ཨ་རིའི་སྲིད་གཞུང་ལྟ་བུའི་བློ་རྒྱ་ཡངས་པོ་ཞིག་དགོས་པ་ཡིན།  དཔེར་ན་སྐྱུག་བྲོ་བའི་ཨ་རི་བ་ཟེར་བའི་རྩོམ་སྤེལ་སྐབས་སྲིད་གཞུང་གིས་གདེང་འཇོག་དང་བརྩི་བཀུར་བྱས་པ་ལྟ་བུ་དགོས་ན་ཡང་།  ངེད་ཅག་གིས་ནི་སྐྱུག་བྲོ་བའི་ཀྲུང་ཀོ་བ་ཞེས་བ་འབྲི་སྐབས་ལྟར་བཙོན་དུ་བཅུག་པ་ནི་མ་བྱུང་རུང་ལས་གནས་ནས་ནི་ཕུད་ཚར་བ་རེད། འོ་སྐྱུག་བྲོ་བའི་ཀྲུང་ཀོ་བ་ཟེར་བ་དེ་འབྲི་སྐབས་བཙོན་དུ་འཇུག་མཁན་ནི་རྒྱ་གཞུང་རེད་ཡ། ང་ཚོའི་དེ་ཡང་སྐྱུག་བྲོ་བའི་ཀྲུང་ཀོ་བ་ཟེར་བ་འབྲི་སྐབས་བྱུང་བ་དང་ཅུང་ཐག་ཉེ་འདུག་པ་རེད་ཨང་ངས་ངོ་མ་བཤད་ནས།  ང་ལ་ལས་གནས་འཆོར་རྒྱུ་ཅི་ཡང་མེད།  རྒྱུ་མཚན་ང་ལ་ལས་ཀ་མེད།

    Reply
  17. བཙན་པོའི་བུ། says:
    ལོ་ 13 སྔོན།

    ཤར་ཁུག་གི་བྲིས་པའི་རྕོམ་ཡིག་འདི་ཀློག་སྐབས་ངའི་སེམས་སུ་ཚོར་བ་མི་འདྲ་བ་ཞིག་སྤྲད་སོང་། དེ་ནི་རྩོམ་གྱི་ནང་དོན་ཟབ་པ་དང་རྩོམ་གཤིས་ལེགས་པའི་རྒྱུ་མཚན་གྱི་མིན་པར་རྩོམ་རྫོབ་དེའི་རྒྱབ་ནས་མངོན་པའི་ཀུན་སློང་དེ་རེད། ཤར་ཁུག་ལགས། གལ་ཏེ་ཁྱེད་རང་ཆབ་སྲིད་དཔྱད་དཔྱོད་པ་ཞིག་ཡིན་ན་ཐོག་མར་ཁྱེད་རང་གི་ཀུན་སློང་དེ་ཕྱོགས་སུ་མ་ལྷུང་བར་དྲང་ཚུགས་ལྡན་པ་ཞིག་དགོས་པ་རེད། དེ་ནི་ལོ་རྒྱུས་འབྲི་མཁན་ཚོརའང་ཚང་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་རེད། རང་རེིའི་བཙན་བྱོལ་སྤྱི་ཚོགས་འདི་མང་གཙོའི་སྤྱི་ཚོགས་ཤིག་ཡིན་སྟབས་སྨྲ་བརྗོད་རང་དབང་ཡོད་པ་རེད། འོན་ཀྱང་སྨྲ་བརྗོད་རང་དབང་གི་མཉམ་དུ་འགན་ཁྲི་ཡང་ཡོད་པའི་གནས་ལུགས་དེ་ཁྱེད་རང་གིས་ཤེས་གསལ་རེད། ་དེར་བརྟེན་ཁྱེད་རང་གི་རྩོམ་འདི་རིགས་འབྲི་སྐབས་སྤྱི་ཚོགས་ལ་འགན་ཁྱེར་ཐུབ་པ་བྱེད་དགོས། དེ་ཡང་ཉེ་དུས་ངས་བཀའ་ཁྲིའི་བརྙན་འཕྲིན་གསུང་བཤད་དེ་ཉན་པ་ཡིན། དེའི་ནང་ཁོང་གིས་བོད་ནང་གི་བོད་མིར་རང་ལུས་མེར་བསྲེགས་མི་གཏོང་རྒྱུའི་འབོད་བསྐུལ་གནང་སོང་། དེ་ཁྱེད་རང་གིས་མ་ཐོས་པ་ཨེ་ཡིན། ང་ཚོའི་སྤྱི་ཚོགས་ནང་གཞུང་གི་མཛད་ཕྱོགས་སྲིད་བྱུས་ལ་དགག་བཞག་གི་དཔྱད་དཔྱོད་པ་དགོས་ངེས་ཡིན་ལ་དཔྱད་པ་དེ་ཡང་དྲང་ཚུགས་དང་རྒྱུ་མཚན་ངེས་ཅན་ཡོད་པ་མ་ཟད་བསམ་བློ་གསར་པའང་སྤུངས་དགོས་པ་རེད། དེར་བརྟེན་ཤར་ཁུག་ལགས། ཁྱེད་ཀྱིས་བློ་སེང་ནག་པོ་བཟོ་ཐབས་མ་གནང་རོགས། ཁོང་གི་མཛད་པར་ནག་བསུབ་བཏང་ན་ཐ་མའི་གུན་ཕོག་མཁན་དེ་བོད་མི་རིགས་ཆག་གི་རེད་མ་གཏོགས་ཁོང་མི་སྒེར་གཅིག་ལ་དེ་ཙམ་ཕོག་གི་མ་རེད། དེར་བརྟེན་སྨྱུག་ཐོག་པ་ཚང་མས་རང་རེའི་སྤྱི་ཚོགས་ལ་འགན་ཁྱེར་དགོས་པར་སེམས།

    Reply
  18. གངས་སྨྱུག says:
    ལོ་ 13 སྔོན།

    བློ་བཟང་ཆོས་འབྱོར་ཟེར་བ་འདིས། རྟག་ཏུ་སྐྱོན་འདོགས་བྱེད་ས་དང་མ་ཐུབ་པའི་དགྲ་བོ་དེ་བཀའ་ཁྲི་དང་ཕྱག་རོགས་བཀའ་བློན་དག་ལ་ཡིན། ནམ་ཡང་ཁོ་པའི་བོད་ཀྱི་རྩ་དོན་ཐོག་ལ་གཞོགས་འདེགས་དང་ཕན་གྲོགས་ཤིག་མི་བྱེད་པ་ཁོ་པ་རང་གིས་ཐག་བཅད་ཟིན། གཟོད་ནས་ཁོ་པའི་གང་ལབ་པ་ཚང་མ་ཕན་མེད་གནོད་བསྐྱིལ་འུར་གཏམ་དང་ཆིག་བསྒྲིལ་མི་ཡོང་བའི་དཀྲུགས་གཏམ་ཤ་སྟག་ཡིན་པར་ཆོལ་གསུམ་བོད་མི་ཡོངས་ཀྱི་མཁྱེན་དགོས།

    Reply
  19. པོ་ཏཱ་ལ says:
    ལོ་ 13 སྔོན།

    ཁུག་རྟ་ལགས་་ཆབ་སྲིད་ཀྱི་འགྲོ་ཕྱོགས་མི་ཤེས་པར་་ངོ་་ཚ་བའི་སྐད་ཆ་དེ་དག་མ་བཤད་རོགས་གནང་་་་ངས་དྲི་ཡ་ཅིག་ལ་་་རྒྱ་གར་རང་བཙན་རྩོད་ལེན་སྐབས་མི་དམངས་གལ་ཚད་ཅིག་ཚུལ་ཇི་ལྟར་བུ་ཤི་ཡོད་མེད་ཤཻས་གུ་ཡོད་པས་„„„„„„„„„„„„„„„„„„„།།།།།།།།།།།།།ཤཻས་ན་ལན་ཅིག་འབྲི་་རོགས་་
    ཡང་བསྐྱལ་འདྲི་ཡ་ལ་་ཆོས་སྲིད་གཉིས་ཀྱི་ཁྱད་པར་དང་བདག་ཅག་སྟོན་པ་རབ་བྱུང་ག་རེ་བྱས་ནས་བསྒྲུབ་པ་རེད་་་་༧གོང་ས་མཆོག་གི་ཁ་སྔོན་ཆོས་ལུགས་འཚོགས་འདུ་ཐོག་ཁོང་གི་སྲིད་དབང་མི་བཞེས་པའི་རྒྱུ་མཚན་གཙོ་བོ་ག་རེ་གསུང་བྱུང་„„„„„„„„„„„„„„„„„„„„„„དངོས་གནས་ཤར་ཕྱོགས་ཕོ་ཉ་རང་རེད

    Reply
  20. གཡུ་མེ་འབུད། says:
    ལོ་ 13 སྔོན།

    ན་གཞོན་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟས་བཤད་པ་ལ་དོན་དངོས་རྒྱུ་མཚན་ཆེན་པོ་འདུག
    བཀའ་ཤག་གསར་བའི་ད་བར་དུ་བསྐྱར་བསྡུས་ཙམ་མ་གཏོགས་ཁྱོན་ནས་གོ་རྒྱ་ཐོས་རྒྱ་ཅི་ཡང་བྱུང་མ་སོང་བློ་འཚབ་ཆེན་པོ་ཡོད། བོད་མི་རིགས་ཀྱི་རེ་བ་མ་བརླག་རོགས་ཞུ་རྒྱུ་ཡིན། དེ་རིང་ཁ་སང་ལ་ལྟོས་དང་། ང་ཤུ་སོང་ན་་་་་་་་་་་་་་་་་་་་།

    Reply
  21. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྭ་ལོས།
    ་་་་ ད་ནི་དོན་དག་གང་ཡིན་ཡང་མི་དམངས་ཀྱིས་བདམས་པའི་དབུ་ཁྲིད་དེས་འགན་ཆེ་ཤོས་འཁྱེར་དགོས་པ་རེད། མི་དམངས་ཀྱིས་འགན་འཁྱེར་དགོས་པ་རེད། འདི་ཙམ་ཡང་མ་ཤེས་པར་ད་དུང་༧གོང་ས་མཆོག་དང་ཁོང་གི་དབུ་མའི་ལམ་བཤད་ནས་བསྡད་ན་ཡོང་གི་རེད་དམ། ་་་་
    གསུངས་པ་ལ་གོ་དོན་གཏིང་ཟབ་འདུག་པས་ཁུག་རྟས་ཀྱང་མ་འོངས་པར་རྩོམ་མ་བྲིས་གོང་ལ་ཡག་པོ་མཇམ་པར་བཞག་ནས་སོམས་དགོས་པ་མི་འདུག་གམ། བཀའ་ཁྲི་གསུམ་པ་མཆོག་ཀྱང་རྒྱ་གཞུང་གདུག་རྩུབ་ཅན་ལས་རྒྱལ་འགྱུར་ཅིག བདེན་པ་ཉིད་རྒྱལ་འགྱུར་ཅིག བོད་རྒྱལོ། །

    Reply
  22. རྭ་ལོ། says:
    ལོ་ 13 སྔོན།

    ཅི་འདྲ་མིའི་ཐེབས་ཅག་ཅིག་ཁྱོད་རང་རེད་ཨང་། ཁ་ཉིན་ཁ་བརྡ་དྲ་ཚིགས་ཡིན་པ་ཡོད། ཅིག་གི་ནང་དུ་གཞིས་བྱེས་གཉིས་ཀྱི་བར་ལ་དཀྲུགས་ཤིང་ལྟ་བུ་ཞིག་བརྒྱབ་འདུག དེས་མ་ཟད་སྔོན་ཆད་ཁ་ཁུ་སིམ་པོ་དང་ཁྱོད་རང་གི་ལྟོ་བརྒྱག་དུས་བཀའ་ཤག་ཅེས་ཚིག་གཅིག་བཤད་མྱོང་མེད་ཀྱང་། ད་སྐབས་སྲིད་སྐྱོང་བ་འདིས་ཕྱིར་ཕུད་རྗེས་ནད་མ་ཁྱེག་པའི་སྐད་ཆ་ལྟུག་དྲི་གཏོང་གཏོང་བྱེད་ཀྱི་འདུག དེ་ཁྱོད་རང་ལྟ་བུ་ཞིག་གི་ངོས་ནས་བཤད་ན་འགྲིག་པ་བྱོས་ཆོག་ཅིང་། བོད་ནང་གི་བོད་མི་ཚོར། དཁྱེད་ཚོས་རང་སྲོག་འཕྲོ་བརླག་ལ་མ་གཏོང་། ད་ལྟའི་བོད་གཞུང་འདིསཁྱོད་ཚོར་བདག་རྒྱག་ཐུབ་གི་མ་རེད་ཅེས་བཤད་མཁན་ཁྱོད་རེད། ང་རང་ཡ་མཚན་ས་ནི་ཁྱོད་ཙམ་མ་རེད། ཁ་བརྡ་དང་དུས་བབ་ལྟ་བུ་དག་གིས་ཁྱོད་ལྟ་བུ་ཞིག་ལ་ཡང་དང་རིམ་པས་འདི་ལྟའི་གླེང་སྟེགས་ཤིག་ཇི་ལྟར་སྤྲོད་ཀྱི་ཡོད་ན་བསམ་པ་དེ་ཡིན།

    ཁྱོད་ཀྱིས་སྔ་རྗེས་མང་པོ་ཞིག་ལ་བཀའ་ཤག་སྔོན་མས་འཇོན་སོང་མདོག་མདོག་དང་ད་ལྟའི་བཀའ་ཤག་འདིས་འཇོན་གི་མི་འདུག་མདོག་མདོག་བཤད་སོང་། ད་དུང་ཟམ་གདོང་རིན་པོ་ཆེ་ནི་སོ་སོའི་བླ་མ་དང་མཁས་པ་ཐམས་ཅད་ཀྱི་མགོ་གཅོག་མཁན་ཡིན་པ་འདྲ་ཞིག་བཤད་འདུག ཅི་འདྲའི་མི་ལྐུག་པ་ཞིག་རེད་ཨང་།

    ཟམ་གདོང་རིན་པོ་ཆེའི་སྐབས་ལ་དོན་དག་གང་དང་ཅི་བྱུང་གི་ཕྱོགས་ལ་ཁྱོད་རང་རྒྱུས་ཡོད་རྒྱུ་མ་རེད་འདོད། གལ་སྲིད་ཡོད་ན་ངེད་གཉིས་ཀྱིས་ག་ལེར་རེ་རེ་བྱས་ནས་བགྲང་ཆོག་གི་རེད།

    རང་ལུས་མེར་སྲེག་གི་དོན་དག་འདི་ཟམ་གདོང་རིན་པོ་ཆེའི་སྐབས་ལ་ཡང་བྱུང་བ་རེད། དེའི་སྔོན་ལ་ཡང་བྱུང་བ་རེད། ཚིག་སྣེ་གཅིག་ཀྱང་བསྒྲགས་ཐུབ་ཡོད་པ་མ་རེད། ད་དུང་རྒྱབ་སྐྱོར་བ་ཞིག་ཡོད་མཁན་ཕལ་ཆེ་བ་ཕྱི་སྣུར་བྱས་བཅུག་པ་རེད། མཁས་བ་དག་གི་མགོ་གཅོག་མཁན་ཡིན་ན་པེ་ཅིན་གྱི་མཁས་པ་དེ་ཚོའི་མགོ་གཅོག་མ་ཐུབ་པ་གང་ཡིན་ནམ། རྒྱལ་སྤྱིའི་མཁས་པ་དེ་དག་གི་མགོ་གཅོག་མ་ཐུབ་པ་གང་ཡིན་ནམ།

    ངས་དདུང་བཤད་འདོད་པ་ཞིག་ནི། ༧གོང་ས་མཆོག་གི་ཐུགས་རེ་མཐར་ཐུག་ནི་འཚེ་མེད་ཞི་བ་རེད། དབུ་མའི་ལམ་མ་རེད། འདི་གཉིས་ལ་ཁྱད་པར་ཡོད་པ་རེད། དབུ་མའི་ལམ་ནི་༧གོང་ས་མཆོག་གིས་མཚམས་བཞག་ཚར་བ་རེད། དབུ་མའི་ལམ་ཞེས་པ་དེ་ཁོང་གིས་བོད་རྒྱ་གཉིས་ཀར་ཕན་ཆེ་བའི་ལམ་ཁ་ཞིག་ནས་བོད་དོན་ཐག་གཅོད་བྱ་ཐབས་སུ་བཏོན་པའི་སྲིད་བྱུས་ཤིག་རེད། དེ་ལམ་ལྷོང་མ་བྱུང་བ་ཁོང་རིགས་ཀྱིས་ཡང་དང་བསྐྱར་དུ་གསུངས་པ་མ་ཟད། ད་ནི་རེ་བ་མེད་ཚུལ་ཡང་གསུངས་པ་རེད། དེ་ལྟར་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་དམངས་ལ་རྩིས་སྤྲད་པ་རེད། ད་ནི་དོན་དག་གང་ཡིན་ཡང་མི་དམངས་ཀྱིས་བདམས་པའི་དབུ་ཁྲིད་དེས་འགན་ཆེ་ཤོས་འཁྱེར་དགོས་པ་རེད། མི་དམངས་ཀྱིས་འགན་འཁྱེར་དགོས་པ་རེད། འདི་ཙམ་ཡང་མ་ཤེས་པར་ད་དུང་༧གོང་ས་མཆོག་དང་ཁོང་གི་དབུ་མའི་ལམ་བཤད་ནས་བསྡད་ན་ཡོང་གི་རེད་དམ།

    ད་དུང་གཅིག་ཡོད། ད་སྐབས་༧གོང་ས་མཆོག་དང་ཁོང་གི་དབུ་མའི་ལམ་གླེང་ཞོར། བོད་གཞུང་དང་སྐུ་སྒེར་ཡིག་ཚང་གི་བར་ལ་གཏོ་འཕེན་མཁན་འགའ་ཤས་འདུག་ལ། དེའི་ནང་གི་གཅིག་ནི་ཁྱོད་རང་རེད། ཁྱོད་ལ་ནུས་པ་ཅི་ཡང་མེད་རུང་། སུ་ཞིག་གི་ལག་རྡོ་ཡིན་མིན་སུ་ལ་ཡང་གསལ་བོ་རེད། ད དུང་ཁ་ཉིན་གཞིས་བྱེའ་གཉིས་ཀྱི་བར་ལ་དཀྲིགས་ཤིང་ལྟ་བུའི་འཕྲིན་ཡིག་འདྲ་བོ་ཞིག་དྲ་ཐོག་ལ་སྤེལ་འདུག དེ་ནི་ཁྱོད་ལས་ཀྱང་དྲ་བདག་དེ་ཚོར་འགན་ཆེན་པོ་ཡོད་པ་རེད་འདོད། གནས་སྐབས་རིང་དེ་འདྲ་བོ་བྱོས། སྒེར་ངོས་ནས་ཁྱོད་ལ་དགྲ་བསགས་པ་འདྲ་ཅི་ཡང་མེད།

    Reply
  23. torque says:
    ལོ་ 13 སྔོན།

    སྐྱོན་བརྗོད་འདི་ལ་དོན་དམ་གྱི་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མི་འདུག་པས།རྗེས་སུ་ཤར་ཕྱོགས་ཁུག་རྟ་ལགས་ཀྱི་གནད་ལ་ཁེལ་བའི་སྐྱོན་དག་ཐེར་འདོན་བྱེད་ཐུབ་ཚེ་དངོས་གནས་ཕན་ནུས་ཆེ་བར་མཐོང་།

    Reply
  24. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ཁུ་རྟ་ལགས། ཁྱེད་ཀྱིས་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་བཀའ་ཤག་གསར་པའི་སྲིད་ཇུས་ནས་ལམ་དབུ་མའི་སྒྲུབ་བྱ་དང་འགལ་ཟླའི་སྒྲུབ་བྱེད་ཅིག་རག་ཐབས་བྱས་པ་དེ། ངས་བལྟས་ན་ཕལ་ཆེར་ལམ་ལྷུང་ཡོང་ཁག་པོ་འདུག གཅིག་ནས་དེའི་སྐོར་འགལ་ཟླའི་གནས་ཚུལ་ཞིག་བསླང་དགོས་ན། ངེས་པར་དུ་རྒྱུ་མཚན་གཏིང་ཟབ་ཡོད་པ་དང་། དོན་དངོས་ར་འཕྲོད་པ་ཞིག་དགོས་ཀྱི་རེད། ད་དུང་ཁྱེད་ཀྱིས་བཀའ་ཤག་གསར་པས་ཉེ་འཆར་བརྙན་འཕྲིན་ནང་གི་འབོད་སྐུལ་ནང་དུའང་བོད་མི་ཚོའི་ཞེ་འཁོན་ཇེ་ཆེར་འགྲོ་བཞིན་པ་གསུངས་པ་དེ་ཁོ་ན་ལག་ཆར་ཁྱེར་ཏེ། ཚེ་སྲོག་གཏོང་རྒྱུར་ཅི་མི་སྙམ་པའི་སྲིད་བྱུས་འཛིན་གྱི་ཡོད་པ་ལྟབུ་སྙད་འདུག་མོད། དེ་ནི་ཁྱེད་ལ་གོ་འཛོལ་བྱུང་བ་ཙམ་ལས་དོན་དངོས་ཐོག་དབུ་མའི་ལམ་གྱི་སྒྲུབ་བྱེད་ཡིན་ཞིང་། ཉེན་ཁའི་འགན་བབ་དེ་རྒྱ་ནག་གི་དབང་འཛིན་པ་ཚོར་ཡོད་པར་གསུང་གིིན་ཡོད་པ་རེད། གྲོགས་པོ་ལགས། དགོངས་པ་ཡག་པོ་ཞིག་བཞེས་དང་། ང་དང་ཀློག་པ་པོ་མང་པོ་ཞིག་གིས་་་ཁྱེད་ཀྱི་་་( ཚེ་སྲོག་གཏོང་བ་དང་ཞེ་འཁོན་ཇེ་ཆེར་འགྲོ་གཞིའི་ལས་འགུལ་རིགས་བྱུང་བ་ཡིན་ན་དེ་ནི་དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་དང་མཐུན་གྱི་མེད་ཀྱང་།)ཞེས་པའི་ཚིག་མདའ་དེ་༢༠༡༡ ལོར་རང་ལུས་བོད་ཀྱི་ཆེད་དུ་མེར་སྒྲོན་པའི་གཤིན་པོ་དག་གི་རྣམ་ཤེས་ལ་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་འདུག གྲོགས་པོ་ལགས། དེའི་འདྲའི་རྩ་བ་ནས་མ་གསུང་། མ་ཟད་ཁྱེད་ཀྱིས་(བཀའ་ཤག་གསར་པས་རང་ལུས་མེར་བསྲེགས་ཐད་ཀྱི་ལྟ་ཚུལ་ཁ་གསལ་གནང་དགོས་པ་དང་།)ཞེས་གསུངས་པ་དེའི་ཐད། བཀའ་ཤག་གསར་པའི་བརྙན་འཕྲིན་ནང་ནས་ལས་འགུལ་དེའི་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་བོད་ཕྱི་ནང་གཉིས་སུ་ཞུས་པ་དང་། དེའི་རྒྱབ་རྟེན་ལྟབུ་༸གོང་ས་མཆོག་གི་བཀའ་སློབ་དྲངས་པ་དེ་རེད། བོད་རྒྱ་ཞི་མོལ་གྱི་གྲ་སྒྲིག་ཆ་ཚང་ཡོད་ཅེས་བརྒྱུད་ལམ་ཁག་ནས་ཡང་ཡང་གསུངས་པའང་དབུ་མའི་ལམ་མ་དང་དེའི་སྒྲུབ་བྱེད་ལ་མཐོང་ཆེན་བྱས་པ་ཞིག་ཡིན། བཀའ་ཤག་གིས་བཀའ་སློབ་དེ་དྲངས་པ་མ་གཏོགས་བརྩི་ཡི་འདུག་ཅེས་པ་ཏག་ཏག་བསྡད་མི་འདུག་་་་་་མ་རེད་པས། ཨ་་་་དྲང་པོ་བྱོས་དང་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese