དེ་རིང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཛ་དྲག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བར་གདུང་སེམས་མཉམ་སྐྱེད་དང་། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་རྒྱ་གཞུང་གིས་བོད་མི་དམར་གསོད་གཏོང་སྲིད་པའི་ཉེན་བརྡ་སོགས་བཏང་བྱུང་།
དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཉེ་ལམ་གསེར་རྟ་རྫོང་དུ་བོད་མི་ ༣ གྱིས་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་བའི་ཐད་ཛ་དྲག་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་ལ། ཐེངས་འདིའི་གསར་འགོད་ལྷན་ཚོགས་སྟེང་བོད་དང་རྒྱ་གར། ཕྱི་རྒྱལ་བཅས་ཀྱི་གསར་འགོད་པ་ ༣༠ ལྷག་འདུ་འཛོམས་བྱུང་ཡོད། ཐོག་མར་ཕྱི་དྲིལ་ལས་ཁུངས་གློག་བརྙན་ཚན་པས་རས་ཡོལ་སྟེང་ ༢༠༠༨ ལོ་ནས་ ༢༠༡༢ ལོའི་བར་གྱི་བོད་ནང་གི་དངོས་བྱུང་བརྙན་རིས་ཁག་ཅིག་དང་། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་བོད་མི་ ༢༠ ཡི་ལོ་རྒྱུས་གཟིགས་འབུལ་ཞུས་སོང་།
གསར་འགོད་གསལ་བསྒྲགས་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་མཆོག་གིས་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གིས་དམ་དྲག་ཇི་ལྟར་བྱས་མིན་ལ་མ་ལྟོས་པར། གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་། གསུམ་བཅུའི་དུས་དྲན་སྐབས་རྒྱ་གཞུང་གིས་བོད་མི་དམར་གསོད་གཏོང་སྲིད་པའི་ཉེན་ཁ་ཡོད་སྐོར་གསུངས་སྟེ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ཏེ། རྒྱལ་སྤྱིའི་ཐོག་སྔར་ལས་དྲིལ་བསྒྲགས་བྱ་རྒྱུ་དང་རྒྱབ་སྐྱོར་འཚོལ་རྒྱུ་ཡིན་སྐོར་སོགས་གསུངས་བྱུང་།
གསལ་བསྒྲགས་དེའི་ནང་དུ་འཁོད་དོན། “ ཟླ་འདིའི་ཕྱི་ཚེས་ ༣ ཉིན་གསེར་རྟ་རྫོང་དུ་རང་ལོ་ ༣༠ ནས་ ༦༠ བར་གྱི་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ད་ལྟ་བོད་མི་དེ་དག་གི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད། གནས་སྟངས་དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། གནས་ཚུལ་ཐོན་གསལ་ལྟར་ན། ད་ཆར་རྒྱ་གཞུང་གིས་བོད་ཀྱི་ཁམས་དང་ཨ་མདོ་ཙམ་མིན་པར་རྒྱལ་ས་ལྷ་ས་དང་། གདན་ས་སེ་ར་དགོན་པ་དང་དགའ་ལྡན་དགོན་པ། འབྲས་སྤུངས་དགོན་པ་བཅས་སུའང་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྟབས། ས་ཁུལ་དེ་དག་གི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་སྲིད་པ་ཞིག་ཡིན་ལ། ལྷག་པར་དུ། ད་ལོའི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་སྟབས། སྐབས་དེར་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་རྒྱུའི་ཉེན་ཁ་ཡོད་ ” ཅེས་འཁོད་འདུག
ཡང་གསལ་བསྒྲགས་དེའི་ནང་། “ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་བོད་མི་དམར་གསོད་གཏོང་བཞིན་པར་མཚམས་འཇོག་ཡོང་བར་ནན་སྐུལ་དང་། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེའི་ཐོག་ནས། རྒྱ་གཞུང་གིས་བོད་ནང་ཉེན་ཚབས་ཆེ་བའི་དམ་དྲག་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གསལ་པོར་མཚོན་གྱི་ཡོད། རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་འདི་དག་ལ་སྣང་མེད་རྩ་བ་ནས་འཇོག་མི་རུང་ཞིང་། ཞི་རྒོལ་འདི་ནི་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་དྲག་གནོན་སྲིད་བྱུས་རིམ་པར་སྤེལ་བར་བོད་མིས་རང་དབང་རྩོད་ལེན་བྱས་པ་ཞིག་ཆགས་ཡོད་ ” ཅེས་འཁོད་ཡོད།
མཐའ་མར་གསལ་བསྒྲགས་དེར། “ མི་ལོ་ ༥༠ གོང་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་སྟབས་བོད་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་ཡོད་ཅིང་། ལོ་དེ་ནས་རྒྱལ་སྤྱིའི་སྟེང་བོད་མིར་རྒྱབ་སྐྱོར་གནང་མཁན་ཚོགས་པ་གང་མང་ཞིག་འཛུགས་ཐུབ་ཡོད། ད་ལྟ་བོད་ནང་ཆེས་ཛ་དྲག་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་སྐབས། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་བ་བཅས་ཀྱིས། གདུང་སེམས་མཉམ་སྐྱེད་དང་ཤ་ཚའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁྱེད་རྣམས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་ད་བར་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་མ་ཡལ་བར་གནས་ཐུབ་ཡོད། བོད་རྒྱའི་དཀའ་རྙོག་རྣམས་ཞི་བའི་ཐབས་ལམ་ཐོག་སེལ་ཐུབ་པ་ཡིན་ན། བོད་ཀྱི་ས་ཁུལ་ཁག་ཏུ་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པར་བརྟེན། ང་ཚོས་རྒྱ་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ཤེས་རྟོགས་བྱས་ཏེ་དཀའ་ངལ་རྣམས་གྲོས་མོལ་བརྒྱུད་སེལ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཉེ་ཆར་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་བོད་ནང་དུ་སྐྱོད་སྐབས་རྒྱ་གཞུང་གིས་བཀག་འགོག་བྱས་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་བོད་མི་དྲག་གནོན་བྱེད་བཞིན་པར་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་དབུས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ལ་མཆོད་འབུལ་སྨོན་ལམ་དང་མེར་མེ་ཁྲོམ་སྐོར་སོགས་གནང་རྒྱུ་ ” ཞེས་འཁོད་འདུག
གསར་འགོད་པས་ཕྱི་དྲིལ་བཀའ་བློན་མཆོག་ལ་ད་བར་བོད་ནང་བོད་མི་ ༢༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། མ་འོངས་པར་ཡང་མེར་བསྲེགས་དོན་རྐྱེན་འབྱུང་སྲིད་སྟབས། བོད་གཞུང་ལ་དེའི་ཐད་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར། བོད་ནང་གི་གནས་ཚུལ་ཚབས་ཆེ་རུ་མི་འགྲོ་རྒྱུ་དེ་ང་ཚོའི་རེ་བ་ཆགས་ཡོད་པ་རེད། གནས་ཚུལ་ཛ་དྲག་ཆགས་པ་ཡིན་ན་དེ་ལ་དཔག་པའི་ལས་འགུལ་ཞིག་སྤེལ་དགོས་པ་རེད། ད་ལྟ་ང་ཚོས་བསྒྲུབ་ཐུབ་པ་ནི། རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་བོད་ནང་གི་གནས་སྟངས་འགྲེལ་བཤད་རྒྱག་རྒྱུ་དང་རྒྱབ་སྐྱོར་འཚོལ་རྒྱུ། ཁོང་ཚོའི་འབོད་སྐུལ་བརྒྱུད་དེ་རྒྱ་གཞུང་གིས་བོད་ནང་དྲག་གནོན་མི་བྱེད་པར་ཞི་བའི་ཐོག་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་དེ་རེད་ཅེས་གསུངས་བྱུང་།
ཡང་གསར་འགོད་པས་དེ་སྔ་བཙན་བྱོལ་ནང་བོད་དུ་ལོག་རྒྱུའི་ཞི་བའི་གོམས་བགྲོད་སོགས་གནང་མྱོང་ཡོད་པ་རེད། བོད་གཞུང་ལ་གོམ་བགྲོད་ལས་འགུལ་དེ་འདྲ་གོ་སྒྲིག་གནང་འཆར་ཡོད་མེད་དྲིས་སྐབས། ཁོང་མོས་བོད་མིའི་སྒྲིག་འཛུགས་ལ་ད་སྔ་གོམ་བགྲོད་ལས་འགུལ་དེའི་རིགས་སྤེལ་འཆར་གང་ཡང་མེད། མ་གཞི་ལས་འགུལ་དེའི་རིགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤེལ་གྱི་ཡོད་པ་རེད་ཅེས་གསུངས་བྱུང་།
༢༠༠༩ ལོ་ནས་ད་ལོའི་ཕྱི་ཟླ་ ༢ བར་བོད་ནང་བོད་མི་སེར་རྒན་གཞོན་ ༢༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ལ། འདས་པའི་ཟླ་ཤས་རིང་རྒྱ་གར་དང་བལ་ཡུལ་དུའང་བོད་མི་ ༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད།
གསར་འགོད་པ། དཔལ་ལྡན།
རྣམས་པ་ཚོ་དེང་དུས་བཙན་འབྱོར་ལ་ཕེབས་པའི་མང་ཆེ་ཤོས་དེ་ཁ་གཅིག་པོ་བཤད་པ་མ་གཏོགས་གཞན་དག་ལས་ཀ་གཅིག་བསྟན་ཡག་མི་འདུག་ཕ་ཡུལ་ནས་གཅིག་བྱེད་ཡོང་རྒྱུ་རེད་གཉིས་བྱེད་ཡོང་རྒྱུ་རེད་ཟེར་ནས་སྐྲོགས་གཏམ་ཀྱང་པ་རེད་མ་གཏོགས་གཞན་དག་གང་ཡང་མི་འདུག་མ་ཚད་སོ་སོར་ནང་ལོགས་གཅིག་གིས་གཅིག་ལ་གནོད་པ་འདྲ་བྱེད་རྒྱུ་ཨི་རྡ་ལྟ་བསྡད་པ་རེད་འདུག། །
ངོ་མ་འདི་ལྟར་བལྟས་ཡོང་ན་ང་ཚོའི་བཀའ་ཤག་དང་བཀའ་ཤག་གི་དབུ་ཁྲིད་ཚོར་གྲ་འགྲིག་དང་འཆར་གཞི་གང་ཡང་མི་འདུག ད་ནི་ཆབ་སྲིད་པ་དང་ཡོན་ཏན་པའི་སྡེ་རུ་གཏོགས་པ་ཚང་མས་བསམ་འཆར་འདོན་རྒྱུ་གལ་ཆེན་རེད། དཔེར་ན་ཨ་རིགས་འགྱུར་མེད་ཀྱི་བསམ་
འཆར་ལྟ་བུ་གང་མང་སྤེལ་རོགས་ཞུ། བཀའ་ཤག་དང་སྤྱི་འཐུས་སུ་ཡིན་རུང་ཁ་ཕོ་རེ་བཤད་རྒྱུ་ལས་ཅི་ཡང་མི་འདུག ད་ནི་ང་ཚོས་མཐོང་སོང་ཚང་མ་མཐོང་སོང་། བློ་སེང་གི་ངར་སྐད་དེ་དང་སྤེན་ཚེའི་རྒྱས་གཏམ་སོགས་ཚང་མ་དོན་ལ་གནས་མི་འདུག
མི་མང་གི་བསམ་ཚུལ་ལ་སྣ་ཚོགས་པ་ཞིག་ཅི་ཡི་ཕྱིར་མེད་དེ་འདུག མཆན་ཁ་ཤས་འདི་ཚོ་ལ་ངོ་མ་རྣོ་ངར་འདུག བུ་མོ་བདེ་སྐྱིད་ཀྱིས་(བོད་མིའི་སྒྲིག་འཛུགས་ལ་ད་སྔ་གོམ་བགྲོད་ལས་འགུལ་དེའི་རིགས་སྤེལ་འཆར་གང་ཡང་མེད། མ་གཞི་ལས་འགུལ་དེའི་རིགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤེལ་གྱི་ཡོད་པ་རེད) ཅེས་པ་འདི་ནི་ངོ་མ་མགར་བ་ལྕགས་ལྡེག། རྟ་མཁན་རྟ་ལྡེག་ཀྱི་སྐད་ཆེས་སྡུག་པོ་ཞིག་ཏུ་ཚོར་སོང་། ལས་འགུལ་ད་རེས་མ་སྤེལ་ན་ག་དུས་སྤེལ་དགོས་སམ། གོམ་བགྲོད་ད་རེས་མ་བྱེད་ན་ག་དུས་བྱེད་དགོས་སམ།
སྤྱིར་ང་ཚོ་བཙན་བྱོལ་བ་ཡིན་དུས་ཡུལ་ཁྲིམས་དང་བསྟུན་དགོས་པ་ནི་ཁ་ཚ་དགོས་གཏུག་ལོས་ཡིན་ཀྱང་། ཕ་ཡུལ་ནས་རང་སྲོག་གཅེས་དགུ་བོད་ཀྱི་བསྟན་སྲིད་འདི་ཉིད་ཀྱི་དོན་དུ་བློས་བཏང་བྱེད་ཡོང་དུས། ང་ཚོས་དེ་འདྲའི་རིགས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་མིན་ཞེ་ན། ང་ཚོ་བཙན་བྱོལ་བས་སྒྲུབ་བྱ་དེ་སུ་གི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་ན། ང་ཚོའི་སྒྲིག་འཛུག་གི་མིང་འདི་ཅི་འདྲ་ཞིག་ལ་བཏགས་པ་ཡིན་ནམ། ཡང་ན་རྒྱ་གར་གྱི་མི་སེར་བྱེད་བཞག་ན་ང་ཚོ་ལ་རེ་བ་ཡང་མེད་ལ་ཉོག་སྒྲ་ཡང་མེད། ཕྱི་རྒྱལ་ལ་འགྲོ་ཆོག་ལ་འཁོང་ར་བྱེད་དགོས་དོན་གང་ཡང་མེད། དེ་མ་ཡིན་པའི་ང་ཚོས་བོད་ཀྱི་རྩ་དོན་དང་། ཕ་ས་ཕ་མཁར་ལ་བདག་པོ་གཅིག་སྙིང་དང་རུས་པའི་གཏིང་ནས་རྒྱབ་དགོས་ན། སྲིད་གཞུང་རང་གི་ལས་འགུལ་དེ་རིགས་གང་ཡང་མེད་ཞེ་ན། ག་འདྲ་ཞིག་འདུག དོན་རྐྱེན་འདི་ཚོ་གཞུང་གི་རེད་དམ་ཡང་ན་སྒེར་གྱི་རེད། ཕར་ཙམ་དེ་ནས་ཚོགས་པ་དེ་ཚོས་ནུས་ཤུག་དང་ཕན་འབྲས་ག་ཚོད་གཅིག་བཏོན་ཐུབ་ཀྱི་ཡོད་དམ། གྲུབ་འབྲས་ག་ཚོད་ཞིག་འགྲུབ་ཐུབ་ཀྱི་ཡོད་ན། བརྟན་གླིང་ག་ཚོད་གཅིག་ཆག་ཐུབ་ཀྱི་ཡོད་ན། དོགས་བ་དང་སེམས་ཚབ་ཤིན་ཏུ་ཆེ།
ང་ཚོ་ཚང་མས་རང་ལ་དགོས་མཁོ་ཞིག་གི་ཆེད་དུ་བོད་མིང་བེད་སྤྱད་ནས་ཕྱི་རྒྱལ་བ་ལ་ཁ་གཡང་གཅིག་པོས་དུས་ནམ་ཡང་འགྲིག་ཐབས་གཏན་ནས་མེད། དོན་ངོ་མའི་ཐོག་ནས་ནུས་ཤུག་ཡོད་དགུའི་བཏོན་ནས་རྒྱལ་ཕྱི་ནང་གང་ལ་ཡོད་ཀྱང་བོད་མི་ཞིག་ཡིན་ནས་བཟུང་སྐད་འབོད་དགོས་ལ། སེམས་ཁུར་དགོས་ལ་། སེམས་ཤུག་དགོས། དེ་མ་ཡིན་པའི་གཉིད་ཐོམ་ཐོམ་གི་ཇུས་གཞི་འདི་འདྲས། སྐུ་གཟུགས་མེ་རུ་སྒྲོན་པའི་རྒྱལ་གཅེས་དཔའ་བོ་དེ་ཚོ་གི་མངོན་འདོད་དེ་སྒྲུབ་བསམ་གྱི་ཡོ་དམ་མེད་ཐེ་ཚོམ་ཡིན་པ་ཞིག་བསྟན་གྱི་མི་འདུག་གམ། ང་ཚོ་ལྷོད་ངང་སྡོད་བསམ་པའི་ཚོར་བ་རིང་པོ་འདི་འདྲ་ཞིག་གཞན་ཡུལ་ན་ཡོད་དུས། གཞིས་ཀྱི་བོད་མི་དེ་ཚོ་དང་རྒྱལ་གཅེས་དཔའ་བོ་དེ་ཚོས་ཅི་ཡི་ཕྱིར་དུ་གཤིན་ཡུལ་དུ་བཞུད་སོང་བ་རེད། བཙོན་ཁང་གདུག་རྩུབ་ཅན་དེ་ཚོ་ནང་ཅི་ཡི་ཕྱིར་འཛུལ་སོང་བ་རེད། འདི་ནི་གུས་པའི་མཐའ་འཇུག་གི་དྲི་བ་ཞིག་ཡིན།།།
བརྩེ་བའི་ཤར་ཕྱོགས་ཁུག་རྟ་ལགས། མི་གཞིར་དམའ་འབེབས་ཀྱི་མིང་ཚིག་དག་བེད་སྤྱོད་མ་བཏང་ན་ལེགས་པར་འདོད། ཡང་གཅིག་བཤད་ན་སྐུ་ཉིད་ད་ལོའི་གསུམ་ཅུའི་དུས་དྲན་སྐབས་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གི་མིང་གཞུང་ཁྲོད་ཕེབས་དགོས་སྟབས། ཉལ་ཁར་ཆུ་མ་མང་། འཆི་ཁར་གཏམ་མ་མང་ཞེས་པའི་གནའ་མིའི་གཏམ་དེར་ཡང་དགོངས་བཞེས་གནང་གལ་མི་ཆེའམ།
ཚང་མས་ཤེས་གསལ་ལྟར། དེང་བོད་ནང་གི་མེར་བསྲེགས་ཐད་བཀའ་ཤག་གསར་པར་ལྟ་ཚུལ་གསལ་བོ་མེད་པ་བོད་དོན་རྒྱབ་སྐྱོར་བ་དང་ཆབ་སྲིད་པ་དག་གིས་སྨྲ་བཞིན་པ་ལྟར། ཉིན་བརྒྱ་དུས་གཅིག་གི་མཆོད་འབུལ་ཞེས་ཐེངས་ཁ་ཤས་སུ་ཡོངས་བསྒྲགས་གནང་བའི་བཀའ་ཤག་གི་བྱེད་ཕྱོགས་དེས། ༢ ཚེས ༨ ལའང་དེ་བཞིན་བོད་མི་མང་པོས་དོ་སྣང་བྱེད་པ་བཞིན། བུ་མོ་བདེ་སྐྱིད་ཆོས་དབྱིངས་ཟེར་བས་དེའི་ཐད་གསར་འགོད་གསལ་བསྒྲགས་སྤེལ་བ་དང་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པ་ཚང་མ་མིག་སོན་བྱུང་། ཁོང་ཚོས་ཡང་ནས་བསྐྱར་དུ་ཅིའི་ཕྱིར་མཆོད་འབུལ་བྱེད་པ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐུ་ངལ་བཟོ་བ་རེད་དམ། མཆོད་འབུལ་ནི་ནང་ཆོས་ཀྱི་ཕྱག་ལེན་ཞིག་རེད། ཆོས་དང་མཐུན་དགོས་ན་ཅིག་བྱེད་ཀྱི་ཡོད་རབས་ཀྱི་ཁྱབ་བསྒྲགས་མང་པོ་བྱས་ནས་ངོ་སོ་ལེན་དགོས་པ་ག་རེ་ཡིན་ནམ། དོན་དམ་ཁོང་ཚོས་ཆོས་དང་མཐུན་པའི་མཆོད་འབུལ་བྱེད་ཀྱི་འདུག་གམ། དངོས་གནས་ཁོང་ཚོས་ཆོས་བྱེད་ཀྱི་འདུག་གམ། ཁོང་ཚོས་ཅིའི་ཕྱིར་མཆོད་འབུལ་བྱེད་པ་དེ་བོད་ནང་དུ་ཁྱབ་བསྒྲགས་བྱེད་དགོས་པ་རེད་དམ། འདི་ནི་ངའི་དོགས་པ་ཡིན། ད་ལྟའི་བཀའ་ཤག་འདི་ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་ལ་མི་དགྱེས་བཞིན་དུ་འདི་ལྟར་གནང་དགོས་དོན་ག་རེ་རེད་དམ།
བཀའ་ཤག་གསར་པས་༧གོང་ས་ཏཱ་ལའི་བླ་མར་རྒྱབ་བསྙེས་ནས་མེར་བསྲེགས་ཐད་ལངས་ཕྱོགས་གསལ་སྟོན་མི་བྱེད་པ་ག་རེ་རེད་དམ། རྒྱུ་མཚན་གཅིག་དེ་རིང་བདེ་སྐྱིད་ཆོས་དབྱིངས་ཟེར་བའི་ཁ་ནས་ཐོས་བྱུང་། མོའི་འདོད་པ་ནི་བོད་ནང་ནས་མེར་བསྲེགས་རིམ་བསྟུད་དུ་འབྱུང་རྒྱུ་དེ་རེད། བོད་ནང་གི་བོད་མི་ཚོ་ནི་བོད་དོན་འཐབ་རྩོད་ཀྱི་དབུ་ཁྲིད་ཡིན་ཟེར། ཁོང་ཚོའི་རྔ་ཅི་ལྟར་རྡུང་ན་མོ་དང་མོའི་གྲོགས་པོ་ཚོས་འཆམ་དེ་ལྟར་རྒྱག་རྒྱུར་ཁ་འཆམ་འདུག འདི་ནི་ག་རེ་ཡིན་ནམ། ངས་གོ་ཐོས་བྱས་ན་བུད་མེད་འདི་བོད་ནང་དུའང་སོང་མྱོང་འདུག་ལ། བོད་ནང་གི་བོད་མི་ཚོའི་གནས་སྟངས་ཀྱང་ཤེས་ཀྱི་ཡོད་ཅེས་ཁྱི་ལབ་མང་པོ་རྒྱབ་འདུག དེ་ཤེས་ཡོད་ན། བོད་མི་རིགས་ཀྱི་དཀའ་ངལ་སེལ་བའི་དབུ་ཁྲིད་ཅིའི་ཕྱིར་རྒྱ་ནག་གི་བཙན་འོག་ཏུ་རང་དབང་གང་ཡང་མེད་པའི་བོད་མི་ཚོར་ཆགས་སོང་བ་རེད་དམ། བོད་ནང་གི་བོད་མི་ཚོས་རེ་བ་༧གོང་ས་མཆོག་དང་ཁོང་གིས་བཙུགས་པའི་སྒྲིག་འཛུགས་ལ་འགེལ་གྱི་མི་འདུག་གམ། ༧གོང་ས་མཆོག་ཡོད་སར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་བོད་མི་ཚོས་ངོས་འཛིན་མི་བྱེད་དམ། ཁྲིམས་མཐུན་གྱི་རྒྱུན་ད་ལྟ་སྐད་ཆ་འདི་འདྲ་བཤད་པའི་བདེ་སྐྱིད་ཆོས་དབྱིངས་ཟེར་བ་སོགས་ཀྱིས་སྐྱོང་གི་མེད་དམ། དེ་བོད་མིའི་གཞུང་མིན་ནམ། དབུ་ཁྲིད་མིན་ནམ། དུས་ནམ་ཞིག་ནས་བོད་ཀྱི་དབུ་ཁྲིད་དང་གཞུང་རྒྱ་ནག་གི་བཙན་དབང་འོག་གནས་མུས་རེད་དམ། དགའ་ལྡན་ཕོ་བྲང་བས་དབུ་ཁྲིད་དང་གཞུང་གི་གནས་བབ་བཙན་བྱོལ་དུ་བསྐྱལ་མེད་དམ། བུད་མེད་འདིས་ཅིའི་ཕྱིར་ཁྱི་སྐད་འདི་འདྲ་རྒྱབ་པ་རེད།
བོད་མི་དོ་སྣང་ཅན་ཚོས་བློ་མིག་གིས་བཙུར་བཞིན་པའི་སྐབས་སུ་བློ་སེང་གི་ཁྱི་ཕྲུག་འདི་སྡིངས་ཆར་མངགས་པ་ནི་ཁ་སང་གི་ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དང་རིགས་འདྲ་བ་ཞིག་མ་རེད་དམ། གནད་འགག་འདི་འདྲའི་སྐབས་སུ་བློ་སེང་གི་ཞལ་རས་གསར་འགོད་པ་བརྒྱུད་ནས་མི་མང་ལ་སྟོན་མི་ཐུབ་པ་ཅི་ཞིག་རེད་དམ། ངས་འདིའི་ལན་མ་རྙེད། བསྐྱར་དུ་བསམ་བློ་བཏང་དུས་དེ་ན་འགན་ཁུར་ཐེག་པའི་མི་ཞིག་མེད་པ་དེས་རེད། རེད་རེད། ཁོང་རྣམ་པ་དབུ་ཁྲིད་མ་རེད། ཁྱབ་བསྒྲགས་འགན་འཛིན་རྐྱང་རྐྱང་་ཡིན་པས་རེད། ཁོང་ཚོར་ཁྱབ་བསྒྲགས་བྱ་རྒྱུ་ལས་གཞན་འོས་འགན་གང་ཡང་མེད་པ་དེ་རེད།
ཁོང་ཚོར་འོས་འགན་ཅིའི་ཕྱིར་མེད་སོང་བ་རེད། ཁོང་ཚོར་འོས་འགན་མེད་པ་མ་རེད། འགན་ཁུར་འདོད་མེད་པས་རེད། ཁོང་ཚོས་འགན་ཁུར་འདོད་ན་བོད་ནང་དུ་ལྟོས་ཀྱིན་ལྟོས་ཀྱིན་མ་གཏོགས་གྲ་སྒྲིག་གང་ཡང་མེད་པར་འདུག་ཕོད་དམ། དེ་ནི་དངོས་གནས་འགན་མེད་པའི་རྟགས་རེད། ཁོང་ཚོར་བོད་མི་རིགས་ཀྱི་འགན་མེད་པ་ངར་གསལ་བོ་ར་འཕྲོད་སོང་། ཁོང་ཚོས་ཀྱང་རང་ཉིད་མི་མང་གིས་འདེམས་པའི་འཐུས་མི་ཡིན་ཟེར། འཐུས་མི་ཡིན་ན། བདེ་སྡུག་ཞུ་གཏུག་བྱ་རྒྱུ་ལས་འགན་མེད་དམ། གནམ་ས་གཉིས་ཀྱི་བར་མཚམས་ཡོམ་འདར་རྒྱག་དགོས་པའི་སྲིད་སྐྱོང་པ་ཞེས་པ་དེའང་གནས་ཚུལ་འདི་འདྲ་ལྷག་ན་དགོས་ཀྱི་ཡོད་པ་མ་རེད་པཱས། སྲིད་སྐྱོང་པ་དང་སྲིད་སྐྱོང་གྲོས་རྭ་རྩེད་མོར་གཡེང་ས་མིན་པའང་ཁོང་ཚོས་གསལ་བོར་ཤེས་འདུག ད་འོ་ན་སྤྱི་འཐུས་རྣམ་པས་བྱེད་ཕྱོགས་འདིར་ཞིབ་འཇུག་བྱས་ནས། བཙན་བྱོལ་སྒྲིག་འཛུགས་འདིའི་མཚན་ལ་༼ བོད་མིའི་བདེ་སྡུག་ཁྱབ་བསྒྲགས་ཁང་༽ཞེས་འདོགས་རོགས། དེ་ངའི་རེ་བ་ཡིན། ཁོང་ཚོ་དག་ལ་༼ ཞུ་གཏུག་པ་༽ཞེས་མཚན་གསོལ་རོགས།
བོད་ནང་གི་རང་སྲོག་དམར་པོ་མེར་བསྲེགས་པའི་དཔའ་བོ་དཔའ་མོ་ཚོ་ལགས། ཁྱེད་ཚོས་སྐད་ཆ་འདི་དག་གསན་སོང་ངམ། མི་འདི་ཚོར་ཁྱེད་ཚོ་ཚང་མ་མེར་བསྲེགས་པ་ཡིན་ན་ད་དུང་སྐྱི་གཡའ་བ་དང་གཉིད་མི་ཁུག་པ་ཞིག་ཨེ་ཡོད་ན། འདི་ཚོས་མུ་མཐུད་ཁྱབ་བསྒྲགས་བྱེད་འདུན་འདུག་ལ། ད་དུང་མུ་མཐུད་ནས་ཁྱེད་ཚོར་བསྲེགས་པ་རྣམས་བསྒྲགས་བྱ་རྒྱུར་སྒུག་ནས་བཞུགས་འདུག ༧གོང་ས་མཆོག་གདན་འདྲེན་ཞུ་དགོས་པའི་ཁྱེད་ཚོའི་མངོན་འདོད་དང་ཁོང་ཚོའི་དམ་བཅའ་ཉམས་ཏེ་ད་ནི་ཅི་བྱེད་འདི་བྱེད། གང་བཤད་འདི་བཤད་མེད་པར་གནས་འདུག་ལ། དབུ་མའི་ལམ་ཞེས་མི་མང་གི་འདོད་པ་ཁ་ལ་ཁྱེར་བ་ལས་འདི་ཚོ་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཟེར་བ་ཞིག་གང་ན་འདུག་གམ། བཀའ་ཤག་ལྷན་རྒྱས་ནང་དུའང་དབུ་མའི་ལམ་ལ་ཡིད་ཆེས་མེད་མཁན་ཁྲལ་དང་རྫུན་མས་འགྲེང་གཟུགས་འཆང་མཁན་འདི་འདྲ་ཡོད་དམ། བོད་མི་དད་པ་དམ་ཚིག་ཅན་རྣམས་ཁྱེད་ཚོས་གསན་ནམ།
༧གོང་ས་མཆོག་གིས་ཁ་སང་བོད་མི་ཚོས་འཚེ་མེད་ཞི་བ་དང་སློབ་སྦྱོང་ཡོན་ཏན་གྱིས་རང་དབང་རྩོད་པར་ཐུགས་རེ་གནང་འདུག ངའི་མི་རིགས་ལས་རྒྱུ་འབྲས་དང་བྱམས་བརྩེའི་བདག་པོ་ཡིན་ཟེར། ད་དུང་རང་གི་སྐད་ཡིག་རིག་གནས་ལ་མི་ཚེ་བསྔོ་མཁན་རྐྱང་རྐྱང་ཡིན་ཞེས་གསར་ལམ་དུ་གསུངས་འདུག དེ་ནི་ལོས་ཡིན་ཏེ། ཁྱེད་རྣམས་པ་དངོས་གནས་དེ་ག་རང་དང་དེ་ལས་ལྷག་ཅིག་ཡིན་པ་བོད་མི་ཚང་མས་ལོས་ཤེས་ཀྱང་།
ས་མཐའ་ནས་བོད་རིགས་ཕ་མར་སྐྱེ་བའི་བོད་ཀྱི་སྐད་ཡིག་རིག་གནས། ལས་འབྲས་བྱམས་བརྩེའི་ཕྱོགས་ལ་ནག་ཁུངས་ནག་རྐྱང་ཡིན་པའི་བོད་མི་ཕྱེད་ཀ་འདི་ཚོས། ཁྱེད་ཚོའི་ཚེ་སྲོག་ལ་འགན་མི་ཁུར་ཞིང་། གྲུབ་འབྲས་ཐོབ་རྒྱུའི་ཐབས་ཤེས་ཀྱང་མེད་པ། ཚེ་སྲོག་འཕྲོ་བརླག་ལ་སོང་ན་ཕམ་པའི་གྲ་སྒྲིག་གཅིག་ཀྱང་མེད་པར། བོད་ནང་དུ་ལྟོས་ཀྱིན་ལྟོས་ཀྱིན་ང་ཚོས་ག་རེ་བྱེད་དགོས་མིན་ལྟ་ཡིན་ཟེར་བ་འདྲ་བའི་ཡ་ང་ཞིང་ཡིད་ཆད་པའི་ཁྱི་སྐད་འདི་འདྲ་རྒྱག་བཞིན་པས། ཁྱེད་རྣམ་པས་རང་འགོ་རང་གིས་ཐོན་ཆེད་ཚེ་སྲོག་ལ་བདག་པོ་རྒྱབ་ནས་བོད་ཀྱི་རང་དབང་རྩོད་རོགས་ཞེས།
བདེ་སྐྱིད་ཆོས་དབྱིངས་ཀྱི་གསར་འགོད་དེ་མཐོང་འཕྲལ་ཤར་མར་བགྱིས།
ང་ཚོར་བོད་ནང་ནས་ཅི་བྱུང་དྲིལ་སྒྲོགས་པ་ཙམ་ལས་ད་དུང་འཆར་འགོད་དང་ལམ་སྟོན་ཅི་ཡང་མེད་པའམ་མི་དགོས་ན། གཞིས་ལུས་བོད་མིས་ང་ཚོར་རེ་བ་བརྒྱབ་པ་དོན་གྱིས་སྟོང་བ་མིན་ནམ། ངས་བལྟས་ན་ང་ཚོ་དམག་མི་ཡིན་ལ་དམག་དཔོན་ཡང་ཡིན་དགོས། ང་ཚོས་བཤད་དགོས་ལ་ལས་ཀྱང་དགོས། ང་ཚོས་བོད་ནང་ལ་གོམ་པ་ཇི་ལྟར་སྤོ་རྒྱུར་བསམ་གཞིགས་གཏོང་དགོས།
བཙན་བྱོལ་བོད་གཞུང་གིས་བྱེད་སྟངས་ལ་གཞིག་ན་མི་རིགས་ཀྱི་བློ་སྤོབས་དང་སེམས་ཤུགས་དེ་རང་བཞིན་གྱིས་འཁུམ་འགྲོ་བའི་ཉེན་ཁ་འདུག། རྒྱུ་མཚན་ནི་དབུས་དང་ས་གནས་གང་གི་ཆ་ནས་བལྟོས་ན་བོད་ནང་ཁུལ་ནས་ལས་འགུལ་ཆེ་ཆུང་ཅི་ཙམ་སྤེལ་ན་ཡང་བོད་ཕྱི་ལོག་ནས་དེ་དང་ཆ་སྙོམས་ཀྱི་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་གང་ཡང་མེད། དབུས་དང་ས་གནས་གང་ཡིན་ཡང་ལས་འགུལ་སྤེལ་བར་དཔལ་འབྱོར་གྱི་འགྲོ་སོང་མང་པོ་ཡོད་ན་ཐུགས་ཁག་མི་འདུག་མོད་དེ་ནི་ཕལ་ཆེར་མིན་ཤས་ཆེ། ངས་ལྟོས་ན་ང་ཚོའི་འགོ་ཁྲིད་ཚོའི་སོ་སོའི་ལྟོ་གོས་གཏམ་གསུམ་འགྲིག་ཙམ་བྱུང་ན་དེ་གས་འགྲིག་ནས་བསྡད་འདུག། བོད་ནང་གི་དཔའ་བོ་དཔའ་མོ་ཚོས་རང་རང་གི་གཅེས་བའི་ལུས་སྲོག་ལོངས་སྤྱོད་ཆ་ཚང་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བསྟུད་མར་བློས་བཏང་དུས་ད་བཟོད་ཕྱི་ལོག་ནས་དེ་མུར་འདུག་མ་བདེ་བས་ཕྱིའི་རྒྱལ་ཁབ་ཁག་གི་མིག་མདུན་ནས་ལས་འགུལ་གྱི་རྣམ་འགྱུར་སྟོན་ཙམ་བྱེད། འདི་ནི་བཙན་བྱོལ་ལ་ཡོད་པའི་བོད་པ་ཚང་གི་སེམས་ཤུགས་རེད།
གོང་ནས་ངག་དབང་རབ་རྒྱས་ལགས་ཀྱི་གསུང་བ་དེ་ཡང་བདེན་པ་རེད། ཕྱིའི་རྒྱལ་ཁབ་ཁག་ན་ཡོད་པའི་རང་གཞུང་གི་དོན་གཅོད་རྣམ་ནི་རང་གཞུང་གི་གསོ་ཕག་ཙམ་ལས་བོད་སྤྱི་བའི་ལས་འགུལ་ཐོག་ལ་ཕན་ཐོག་གང་ཡང་མེད།
ཕྱིའི་རྒྱལ་ཁབ་ཁག་ནས་མི་དམངས་རང་ངོས་ནས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་ལས་འགུལ་གྲ་སྒྲིག་མ་བྱས་ན་དོན་གཅོད་རྣམ་པས་མི་དམངས་ཀྱི་སྣེ་ཁྲིད་ནས་ལས་འགུལ་སྤེལ་བ་ཕལ་ཆེར་ལོ་རྒྱུས་སྟེང་བྱུང་མེད་ཅེས་བཤད་ན་མི་འགྲིག་པ་མེད།
ད་ང་ཚོས་གསར་འགོད་གསལ་བསྒྲགས་དང་མཆོད་འབུལ་གཅིག་པུར་གཞིས་ལུས་བོད་མི་སྤྱི་དང་ལྷག་པར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་གིས་མཆོད་འབུལ་བྱེད་མཁན་རྣམ་ཀྱི་མངོན་འདོད་དང་རེ་བ་དེ་དག་མངོན་འགྱུར་ཡོང་བར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཇི་ལྟར་ཡོད་པར་བསམ་གཞིགས་དང་བསྐྱར་ཞིབ་བྱེད་དགོས་པའི་དུས་ལ་སླེབས་འདུག་ལ།་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་གི་མིང་ཐོགས་ནས་ཕྱི་རྒྱལ་སྐུ་ཚབ་དོན་ཁང་བཅུ་གྲངས་ཤིག་ཡོད་པས་དེ་ཚོས་ལས་དོན་ག་རེ་བྱེད་ཀྱི་ཡོད་མེད་གོ་རྒྱུ་དང་ཐོས་རྒྱུ་མི་འདུག་པས།་དོན་ངོ་མ་ཁོ་ཚོའི་ལས་འགན་དེ་ག་རེ་ཡིན་ནམ།
དབུས་བོད་མིའི་སྒྲིག་འཛུགས་ཞེས་པའི་ཚིག་འདིས། གློ་བོད་མིའི་སྒྲིག་འཛུགས་དེ་དྲན་དུ་བཅུག་སོང་ལགས།
སྤྱི་ལོ་ ༡༩༥༠ ལོ་ནས་བཟུང་རྒྱ་མིས་བོད་དུ་བཙན་འཛུལ་བྱེད་དུས་ས་མཚམས་ཀྱི་བོད་མི་རྣམས་ལ་ཡ་རབས་དང་། ཉམ་ཆུང་། མི་དམངས་ལ་མཐུན་ལམ་སོགས་ཐབས་ཤེས་སྣ་ཚོགས་བཏང་མྱོང་བ་རེད།
དེ་དུས་མདོ་སྟོད་སྨད་ས་ཁུལ་ནས་བོད་རིགས་ཚོར་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེ་དྲིན་ཆུང་གཅིག་དང་རྒྱ་མིས་བོད་དུ་རོགས་རམ་དང་བཅིང་འགྲོལ་གཏོང་རྩིས་ཡོད་པ་དེ་ཡ་རབས་བཤད་པ་རེད།
དེ་དུས་རྒྱ་དམག་ལ་དངོས་འབྲེལ་བྱས་ན་རང་ཁ་རང་གསོའི་བྱེད་ཐུབ་པའི་ཟ་འབྲུ་ཡང་མེད་སྟབས་བོད་པས་ཟ་འབྲུ་དང་། རྟ་དྲེལ། འགྲུལ་བསྐྱེལ། སྐད་བསྒྱུར། ལམ་བཟོབ་སོགས་གང་ཟར་རྒྱ་དམག་ལ་ཞབས་འདགེས་ཞུས་མྱོང་བ་རེད།
བྱས་ཙང་ཁམས་པའི་མི་དམངས་ཀྱིས་་་་་རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་ཡིན། དངུལ་རྡ་ཡང་ཆར་པ་བབ་བབ་རེད། ཅེས་སོགས་བཤད་རྒྱུ་བྱུང་བ་དེ་དོན་དངོས་རེད།
༡༩༥༩ ལོར་ནས་བཟུང་ཕོ་གཞུང་དང་དབུས་ས་སོགས་ཡོངས་རྫོགས་དྲག་པོས་བཙན་བཟུང་བྱས་པ་རེད། དེ་ནས་བཟུང་ཏེ་ད་བར་བོད་རིགས་ཡོངས་ལ་དྲག་གནོན་དང་། གནར་གཅོད། སྡུག་སྦྱོང་སོགས་གཅིག་མཚུངས་བཏང་ཡོད།
ད་དེ་རིང་ས་ཁང་གི་གནས་སྟངས་འདིར་མཚོན་མི་ལོ་ ༥༠ མར་ནས་བཟུང་བོད་སྤྱི་ལ་རྡ་ཡང་ཅན་ཆར་པ་བབ་བབ་དེ་མེད་པར་དེའི་ཚབ་ཏུ་མེ་མདའི་མདེའུ་ཆརབ་པ་བབ་བབ་ཡིན་པ་རེད།
དེ་ཡང་མི་རིགས་ཡོངས་ལ་རྒྱ་དམར་འདིས་སྤྲད་པའི་ཉམས་མྱོང་གཅིག་རེད། ད་ངས་བསམས་ནས་ཡང་ན་བོད་མི་རང་ཤི་བརྒྱག་བཞིན་གནད་དོན་དེ་མཚམས་འཇོག་བྱེད་ཐུབ་པ་དགོས་ཀྱི་འདུག ཡང་ན་བོད་དབུས་དང་། གཙང་། ལྷོ་ཁ་ཁུལ་སོགས་ཕྱོགས་ཚང་མས་མཉམ་རུབ་བྱས་ཏེ་མུ་མཐུད་དེ་ངོ་རྒོལ་བྱེད་ཀྱི་འདུག
ཁམས་པར་དཀའ་ངལ་འཕྲད་དུས་དབུས་གཙང་གིས་ལྟད་མོ་བལྟས། དབུས་གཙང་ལ་དཀའ་ངལ་འཕྲད་དུས་ཨ་མདོས་ལྟད་མོ་བལྟས། ཨ་མདོར་དཀའ་ངལ་འཕྲད་དུས་དབུས་དང་ཁམས་པས་ལྟད་མོ་བལྟས་ནས་བསྡད་ན་འགྲིག་གི་མི་འདུག
གང་ཡིན་ཟེར་ན་སྔོན་ ༡༩༥༠སྐབས་ཁམས་དང་ཨ་མདོའི་ཁུལ་དུ་བཙན་འཛུལ་བྱེད་སྐབས་དབུས་གཙང་གི་མ་གོ་མདོག་བྱས་ནས་བསྡད་པ་རེད། བྱས་ཙང་རྒྱ་མིས་མདོ་སྨད་ཀྱི་བོད་རིགས་མི་དམངས་བེད་སྤྱོད་བཏང་ནས་ལས་སླ་པོའི་ཐོག་ནས་བཙན་བཟུང་བྱས་པ་རེད།
དེ་ནས་ ༡༩༥༩ ལོར་དབུས་གཙང་ཡང་ཆ་ཚང་བཙན་འཛུལ་བྱས་པ་རེད། དེ་ནས་ཡང་ལོ་ ༨༠ ནང་ནས་དབུས་གཙང་ཁུལ་ནས་བོད་རང་བཙན་གྱི་སྐད་འབོད་བྱེད་དུས་ཁམས་དང་ཨ་མདོ་བ་ཚོས་ལྟད་མི་འདྲ་བལྟས་ནས་བསྡད་པ་རེད།
དེ་རྗེས་དྲག་གནོན་ཚད་མེད་བྱས་ནས་མི་ལོ་ ༢༠ ད་༣༠ ཙམ་རྫོགས་སོང་བ་རེད། ༢༠༠༨ ལོར་ཕྱོགས་ཡོང་ནས་གཅིག་བསྒྲིལ་འདྲ་པོ་བྱུང་བ་རེད། ཡིན་ན་མཚམས་འདྲ་ཆད་དེ་མཉམ་རུབ་གཅིག་ཏུ་རྡོག་འགྲིལ་བ་ཞིག་བྱུང་མ་སོང་།
དེ་རིང་ཁ་སང་ཁམས་དང་ཨ་མདོ་ཁུལ་ནས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་རེད། ཡིན་ནའང་དབུས་གཙང་ཁུལ་ནས་བལྟད་མོ་འདྲ་བལྟས་ན་སྡོད་བཞིན་པ་འདྲ་པོ་འདུག
ལངས་ན་བོད་ས་ཡོངས་ནས་མུ་མཐུད་དེ་ལངས་དགོས་ཀྱི་འདུག ཇི་ཙམ་དྲག་གོན་བྱས་མིན་ལ་མ་ལྟོས་པར་དེ་ཙམ་གྱིས་བསྟུད་མར་གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད་ཅེས་པ་ལྟར་ཚང་མས་ག་ས་གང་ནས་ངོ་རྒོལ་བྱེད་དགོས།
ཚང་མས་མཉམ་རུབ་དང་གཅིག་བསྒྲིལ་གྱིས་རྡོག་གཅིག་ཏུ་དྲིལ་ནས་ངོ་རྒཽལ་ཞིག་བྱེད་མ་ཐུབ་ན་ས་ཁུལ་ཁ་ཤས་ནས་ངོ་རྒོལ་བྱས་བསྡད་ན་བོད་མི་སྤྱི་ལ་སྡུག་གྱོང་མ་གཏོགས་མེད།
ད་གནད་དོན་དེ་ཚོ་ནི་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་བ་ཡོད་སྟབས། ངེས་པར་དུ་བསམ་བློ་རྒྱ་ཆེ་ས་ནས་གཏོང་ཐུབ་པ་དགོས་ཀྱི་འདུག
ཕྱི་་དྲིལ་ཁང་གིས་དངོས་གནས་དྲིལ་བསྒྲགས་ཤུགས་ཆེན་གནང་རྒྱུ་གལ་ཆེན་པོ་རེད་ལ། དེ་ཡང་གཞུང་ཚབ་ཁང་མང་ས་དང་། རྒྱལ་ཁབ་གཞན་པ། མི་མང་འདུ་འཛོམས་ཆེ་ས་བཅས་སུ་དྲིལ་བསྒྲགས་ཤུགས་ཆེར་གནང་དགོས། ད་ལོའི་སུམ་ཅུའི་དུས་དྲན་སྐབས་བོད་ནང་དུ་ཧ་ཅང་དམ་དྲག་བྱེད་རྒྱུ་ཡིན་པ་དངོས་གནས་གསལ་བོ་རེད། སོང་ཙང་ཕྱི་དྲིལ་ལས་ཁུངས་ནས་བོད་ནང་གསར་འགོད་པ་རེ་མངགས་ཐུབ་ན་དགེ་མཚན་ཡོད། འོན་ཀྱང་ཡར་ལངས་དང་སྲོག་སྐྱོན་གྱི་ཆ་ནས་ད་ལོའི་སུམ་དུས་སྐབས་ཅུང་དྲག་རྒྱུ་རེད། རྒྱུ་མཚན་ད་ལྟ་ནས་དམག་མི་འབོར་ཆེན་གྱིས་བོད་ཡུལ་ཡངས་རྫོགས་གནོན་བཞིན་ཡོད་པས་ཡིན།
མདོ་སྟོད་སྨད་ཀྱི་དཔའ་བོ་དེ་ཚོའི་བློ་སྟོབས་ལ་དངོས་གནས་ཡ་མཚན། ཁྱེད་རྣམས་ལ་རྗེས་སུ་ཡི་རང་ཞུ་བ་དང་སྦྲགས་སོ་སོའི་ཚེ་སྲོག་ལ་ཉེན་སྲུང་གནང་རོགས་ཞེས་ཞུ་བ་ནན་གྱིས་ཕུལ་ལོ།
ད་ཡང་རྒྱ་དམར་གྱིས་སུམ་བཅུ་དུས་དྲན་སྐབས་བོད་མི་ག་ཚོད་རྐྱེན་ལམ་དུ་གཏང་རྩིས་ཡོད་ན། རྒྱ་དམར་གྱི་འོག་ལ་ནམ་ཉི་མ་འགྲོ་ཐུབ་ཡས་ཁྱོན་ནས་མ་རེད། ད་གང་དྲག ཨ་ཁ་ཁཁ།
བོད་ནང་ནས་གནས་སྟངས་ཚབས་ཆེ་རུ་ཕྱིན་ན་སེམས་ཁུར་སེམས་ཁུར་བྱེད་རྒྱུ་དེ་རྒྱ་ནག་གཞུང་གི་ལས་འགན་ཞིག་རེད། བོད་ནང་ནས་ལས་འགུལ་ཅི་ཙམ་སྤེལ་ན་དེ་ཙམ་གྱི་ང་ཚོ་དགའ་དགོས་བ་ཞིག་རེད། ང་ཚོས་ངོས་ནས་དུས་དལྟ་བར་ཏུ་ལས་འགུལ་འདི་འདྲ་སྤེལ་མ་ཐུབ་ནས་ལྷག་པ་རེད། བོད་ནང་ནས་ལས་འགུལ་སྤེལ་ན་ང་ཚོས་དགའ་བཞིན་སྤྲོ་བཞིན་ཁོང་ཚོ་ལ་གཞོག་འདེགས་བྱེད་དགོས་བ་རེད། ང་ཚོས་དེ་ལས་ལྡོག་ཏེ་བོད་ནང་གི་གནས་སྟངས་ཛ་དྲག་དང་ཚབས་ཆེ་རུ་འགྲོ་བཞིན་འདུག་ཞེས་སྔོན་འགོག་བྱས་ན་དེ་ནི་ཤིན་ཏུ་མི་འོས་བ་ཞིག་རེད་ལ་བཞུད་ཟིན་པའི་དཔའ་བོ་དཔའ་མོ་དག་གི་དམིགས་ཡུལ་དེ་ཡང་ཆུད་ཟོས་སུ་བཏང་བ་རེད།
རྡར་མ་ཞིག་གིས་བཤད་འདུག།
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ལགས་ཀྱིས་རང་ཉིད་ལ་བློ་ཁོག་དང་ལ་རྒྱ་མེད་པ་ཕྱི་རུ་མངོན་འདུག། རྒྱུ་མཚན་ནི་རྒྱ་མི་ལ་འཇིག་ནས་སྐད་ཆ་ཡང་དཔའ་ངར་ལྡན་པ་བཤད་ཐུབ་ཀྱི་མི་འདུག། འབྱུང་འགྱུར་གྱི་སུམ་ཅུ་དུས་དྲན་ལ་ཁོ་མོས་དུས་ད་ལྟ་ནས་སེམས་ཁུར་བྱེད་དགོས་དོན་མི་འདུག། མི་དམངས་སྒེར་ལངས་ཀྱི་ཉིན་མོ་དེ་བོད་མི་རིགས་ཀྱི་སེམས་ཤུགས་དང་དཔའ་ངར་ལ་རག་ལས་ཡོད་པ་རེད། ཁྱོད་ཀྱི་རི་བོང་གནམ་ལྡིབ་པའི་སེམས་འཁྲུལ་རྩ་བ་ཉིད་ནས་བྱེད་དགོས་དོན་མི་འདུག་སྙམ།
བོད་ནང་ནས་ལུས་སྲོག་འབེན་ལ་བཙུགས་ན་ཕྱི་ཕྱོགས་ནས་མར་མེ་ཁྲོམ་སྐོར་ཙམ་ལས་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་པ་རེད། བོད་ནང་ནས་མེ་ལྕེ་དགུང་ལ་མཆེད་ན་ཕྱི་ཕྱོགས་ནས་དུབ་ཙམ་ཡང་མི་ཐོན་པའི་རྒྱུ་རྐྱེན་ཅི་རེད། རྒྱ་དམར་བོད་ནང་ལ་སླེབས་ན་ང་ཚོས་ཕྱི་ལོག་ནས་མགོ་ལ་ལག་པ་འགེབས་དགོས་དོན་མི་འདུག། ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་ན་ཡུལ་གྲུ་ཁག་གི་བོད་རིགས་ཚང་མ་ས་གནས་སོ་སོ་ནས་ཅིའི་ཕྱིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལ་འཛོམ་རྒྱུར་གཏན་མ་འཁེལ་བ་རེད། ད་དུང་རི་བོང་གནམ་ལྡིབ་པའི་སེམས་ཁུར་བྱེད་ཀྱིན་འདུག།
ང་ཚོས་ནས་དཔའ་ཐོན་དགོས་རྒྱུ་དང་སྲོག་ལ་འཛེམ་རྒྱུ་ཡོང་མི་སྲིད་པ་རེད། བོད་ནང་གི་དཔའ་བོ་དཔའ་མོ་དེ་དག་ཚང་མ་ང་ཚོའི་མར་མེ་ཁྲོམ་སྐོར་ཞིག་གི་ཆེད་དུ་ཤི་ཡོད་པ་མ་རེད།