ཁ་སང་ཕྱི་དྲོར་རྔ་པ་རུ་རང་ལུས་མེར་བསྲེགས་གཏོང་མཁན་དེ་ནི། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་མགར་བའི་བརྩོན་ཁོ་ཚང་གི་བུ་རིག་འཛིན་རྡོ་རྗེ་༼རྒྱུན་དུ་རིག་པེ་ཟེར ༽ རང་ལོ་ ༡༩ ཡིན་པ་ཁོང་ཡིན་ཞིང༌། ཁོང་གི་ཕ་མིང་ལ་བརྩོན་ཁོ་དང་ཨ་མའི་མིང་ལ་དུང་དཀར་ཡིན་འདུག རང་ལུས་མེར་བསྲེགས་བཏང་རྗེས་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་དང་དམག་མིས་བཙན་ཁྲིད་བྱས་ཏེ་སྐབས་ཐོག་དེར་རྔ་པའི་སྨན་ཁང་དུ་ཁྱེར་ཞིང་དེ་རྗེས་འབར་ཁམས་སུ་ཁྱེར་འདུག་ཀྱང༌། ཕྱི་ཚེས་ ༨ ཉིན་གྱི་དགོང་མོ་ཁོང་ཤི་མེད་པ་ཙམ་ལས་དེ་རྗེས་ཤི་གསོན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད།
ཁོང་ཚང་ལ་ནང་མི་བརྒྱད་དང༌། ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ཁོངས་ནས་ཁོང་ཆུང་ཤོས་དང༌། མི་གཤིས་ཉོམ་ཆུང་ཞིག་ཡིན་འདུག་ལ། ཁོང་ནི་ནམ་རྒྱུན་ཕུག་རོན་མང་པོ་གསོ་སྐྱོང་བྱེད་རྒྱུར་དགའ་བའི་བྱམས་སེམས་ཅན་ཞིག་དང་། སྐབས་བབ་ཀྱི་ལས་ཀ་གང་ཞིག་ཡིན་ཡང་ཧུར་བརྩོན་ཆེན་པོས་སྒྲུབ་མཁན་ཞིག་ཀྱང་ཡིན་འདུག ཁོང་ཆུང་དུས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་ཕྱི་ལོ་ ༢༠༡༠ ལོར་གྲྭ་པ་ལོགས་བྱས་ཏེ། དེང་སྐབས་འབྲོག་སར་ཕ་མའི་རྩར་བསྡད་ཡོད་ཅིང༌། ཁོང་གི་ཕ་གཅིག་པའི་སྤུན་རབ་བརྟན་ཟེར་བ་ཞིག་ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་པ་དེང་སྐབས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་བྱེད་མུས་ཡིན་འདུག
དེ་མིན། ཕྱི་ཟླ་ ༢ ཚེས་ ༥ ཉིན་ གྱི་དགོང་མོ་རྔ་པའི་ཇོ་ནང་བསེ་དགོན་པའི་གྲྭ་མང་གིས་སྣེ་ཁྲིད་དེ་མར་མེ་ཁྲོམ་སྐོར་བྱས་ཏེ་རྔ་པ་རྫོང་མཁར་དུ་འགྲོ་རྩིས་བྱས་ཀྱང་ཉེན་རྟོག་པས་བཀག་འགོག་གིས་འགྲོ་ཐུབ་མེད་ཀྱང་དགོན་པའི་གླིང་གི་ཕྱི་རོལ་ནས་མར་མེ་ཁྲོམ་སྐོར་བྱས་ཡོད་ཀྱང་ད་བར་འཛིན་བཟུང་གི་གནས་ཚུལ་བྱུང་ཡོད་མེད་ཤེས་རྟོག་མ་ཐུབ།
དེ་བཞིན་དེང་སྐབས་ཀྱི་རྔ་པའི་སྤྱི་ཡོངས་ཀྱི་དམ་དྲག་གི་སྐོར་ཤེས་རྟོགས་བྱུང་བར། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༥ ནས་ཕྱི་ཟླ་ ༢ ཚེས་ ༨ བར་རྔ་པ་ཀིརྟི་དགོན་དུ་སྨོན་ལམ་ཆེན་མོ་འཚོགས་པ་རེད། དེའི་རིང་རྒྱ་གཞུང་གི་ལས་བྱེད་པར་བརྫུས་པའི་ཉེན་རྟོག་པ་དང་དམག་མི་ ༤༠༠ ཙམ་རྒྱུན་དུ་དགོན་ནང་གཏན་འཇོག་བྱས་ཡོད་ཅིང་། ལྷག་པར་དུ་འདས་པའི་ཉིན་ལྔ་ཙམ་གྱི་སྔོན་ནས་བཟུང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྔ་པའི་ཡུལ་མི་རྣམས་གང་དུ་སོང་ན་གང་དུ་བསྡད་ན་ཉེན་རྟོག་པ་དང་དམག་མིས་གང་ བྱུང་སྔོག་བཤེར་བྱེད་པ་དང་། འདྲི་གཅོད་བྱེད་པ་སོགས་ཀྱིས་སུན་གཙེར་སྣ་ཚོགས་ཤིག་བཟོས་འདུག
དེ་བས་ཀྱང་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་སྔ་བོ་ནས་རྔ་པའི་ཁྲོམ་ལམ་ཙམ་མ་ཡིན་པར་གྲོང་སྡེ་ཁག་ནས་རྫོང་མཁར་དུ་ཡོང་སའི་ལམ་ཁ་ཚང་མར་མི་རེ་རེ་བཞིན་སྔོག་བཤེར་དང་འདྲི་གཅོད་བྱས་ཤིང་། གཞུང་ལམ་ཡོངས་རྫོགས་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་ཁེངས་ནས་ཡུལ་མི་རྣམས་འགྲོ་ས་མེད་པ་ལྟ་བུར་ཆགས་ཡོད་འདུག ཉིན་དེ་ནི་རྔ་པ་ཀིརྟི་དགོན་པའི་སྨོན་ལམ་གྱི་ཉིན་མཐའ་མ་ཡིན་ཞིང་། མཇལ་སྐོར་དུ་ཡོང་མཁན་གྱི་མི་མང་མདུན་དུ་དྲག་ཆས་སྣ་ཚོགས་སྤྲས་པའི་དམག་མི་དང་ཉེན་རྟོག་པའི་རུ་སྒྲིག་གིས་སྐད་སྒྲ་སྣ་ཚོགས་སྒྲོག་ཅིང་། མེ་མདའ་དང་མེ་སྒྱོགས་མཉམ་སྦྱར་གྱི་རླངས་འཁོར་མང་པོ་ལམ་ཟུར་དུ་བཞག་པ་སོགས་ ཀྱིས་དྲག་གནོན་བྱེད་ཆོག་ཆོག་གི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག དེ་བཞིན་རྔ་སྟོད་སྒོ་མང་དགོན་པ་དང་ཨ་འདུས་དགོན་གོང་འོག ཇོ་ནང་བསེ་དགོན་པ་སོགས་ལའང་སྨོན་ལམ་ཆེན་མོ་འཚོགས་ཡོད་པས་ཉིན་དེ་དག་གི་རིང་ དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་ནན་མོ་བྱས་ཏེ་ཆོས་བྱེད་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚང་མར་སུན་གཙེར་མི་ཉུང་བ་ཞིག་བཟོས་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
སྔོན་གཤེགས་དཔའ་བོའི་གཟི་བརྗིད་ནམ་ཡང་ཉམས་པ་མེད།
གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།
ནུབ་བདེ་བ་ཅན་དང་ཤམ་བྷ་ལ་སོགས།།
ཞིང་ཁྱད་པར་ཅན་ལ་ཨེ་ཐར་ལྟོས་དང་།།
༸མགོན་སྤྱན་རས་གཟིགས་ལ་དད་སེམས་འཕྲེང་ན།།
ཕྱིར་གངས་རིའི་ལྗོངས་ལ་ཕེབས་ལམ་ཕྱེས་ཡོད།།
ལོ་ཆུང་དཔའ་བོ་དེར་ཡི་རངས་བསྔགས་བརྗོད་ཞུས། ཁྱེད་ད་ལྟ་གང་དུ་ཡོད་ནའང་། ལུས་ལ་མནར་སྤྱོད་ཀྱི་སྡུག་བསྔལ་ཆེ་ནའང་སེམས་ཀྱི་བདེ་བ་ནམ་ཡང་ཡལ་བ་མེད་པར་ཤོག
འབྲོག་བུ་སྙིང་སྟོབས་ཆེན་པོར་་་་་་གུས་པས་འདུད་་་་་་་ཕ་ལ་བུ་འཁྲུང་པ་དེའི་དོན་་་་་་་
བུ་ཕ་བསྟོད་མི་དགོས་དགྲ་ནས་བསྟོད་ཟེར་སྲོལ་ལྟར། ལན་མང་ཕམ་ཡང་ཞུམ་མེད་ཨ་མདོ་རྔ་བའི་མི་དམངས་ཀྱིས། ལོ་རྒྱུས་ཐོག་ང་ཚོ་བོད་པ་འདི་སྤོབས་པ་བྱེད་རིན་ཡོད་པ། གཟི་བརྗིད་ལྡན་པ་བཟོས་སོང་། དངོས་གནས་ཐུགས་རྗེ་ཆེ། རྗེས་སུ་རྔ་བའི་མིར་ཐུགས་དུས་སེམས་ནང་ དགའ་ལྷང་ལྷང་གི་འཚོར་ཤེས་ཡོང་ངེས་ཤིག་བྱས་སོང་། རླབས་ཆེན་རེད། སྔར་བོད་ཀྱི་ལོ་རྒྱུས་ན་བྱུང་མ་མྱོང་བ་བྱུང་སོང་། བློ་གཟུར་བོར་གནས་མཁན་ཡིན་ཕྱིན་ཆད་མ་བསྟོད་རང་བསྟོད་རེད། རྔ་བ་མི་དམངས་གཙོས་པའི་མདོ་སྟོད་སྨད་དཔའ་བོ་རྣམས་ལ་བདག་གིས་མགོ་བོ་བཏུད་ནས་གུས་འདུད་ཞུའོ།།