འདི་གར་གནས་ཚུལ་བཏང་འབྱོར་བ་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནག་ཆུ་འབྲི་རུ་རྫོང་གི་བོད་མི་ཟླ་བ་རྡོ་རྗེ་ཞུ་བ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་པའི་བོད་ཀྱི་རིག་གཞུང་བགྲོ་གླེང་ཞིག་གི་སྟེང་མཉམ་ཞུགས་གནང་སྟེ། ཕྱིར་ལོག་སྐབས་ལྷ་སའི་གོང་དཀར་གནམ་ཐང་དུ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ནང་མི་ཉེ་འབྲེལ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
རང་ལོ་ ༢༣ ཡིན་པའི་འབྲི་རུ་ཟླ་བ་རྡོ་རྗེ་ལགས་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནགས་ཤོད་ཅེས་པའི་ས་གནས་སུ་སྐྱེས་ཤིང་། ཕྱིས་སུ་ས་གནས་ཀྱི་སློབ་གྲྭ་རིམ་པའི་ནང་སློབ་སྦྱོང་བྱས་རྗེས་བོད་ལྗོངས་སློབ་གྲྭ་ཆེན་མོར་ཞུགས་ཡོད། ༢༠༠༧ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན་རྩོམ་སྒྲིག་པ་ཡིན་པའི་ཁོང་གིས་འབྲི་རུང་རྫོང་གི་ཤེས་ལྡན་པ་ཚོ་མཉམ་རུབ་ཐོག་བཏོན་པའི་ ༼ལམ་བུ༽ དུས་དེབ་ནང་མང་གཙོ་དང་རང་དབང་།འགྲོ་བ་མིའི་ཐོབ་ཐང་། སྤྲུལ་སྐུའི་བྱ་སྤྱོད་དང་ལམ་ལུགས་ལ་དགག་རྒྱག་སོགས་བརྗོད་བྱ་བྱས་པའི་རྩོམ་ཡིག་སྤེལ་སྟབས། སློབ་གྲྭའི་ནང་གླེང་སློང་འདྲ་མིན་བྱུང་སྟེ་གནོན་ཤུགས་གང་མང་སྤྲད་འདུག་མོད། ཁོང་དཔའ་མ་ཞུམ་པར་སྤྱི་ཚོགས་སྟེང་ཡོངས་ཁྱབ་ཀྱིས་འགྲེམ་སྤེལ་བྱས་འདུག སློབ་མཐར་ཕྱིན་རྗེས་ཁོང་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཁྲིམས་ལུགས་ཞིབ་དཔྱོད་ཁང་དུ་ལས་བགོས་བྱས་ཀྱང་། རྒྱ་རིགས་མགོ་ཁྲིད་ཀྱིས་ལས་ཀ་བྱེད་སྟངས་དང༌མི་རིགས་དབྱེ་འབྱེད། རུལ་སུངས། ཁྲིམས་ལུགས་ལག་བསྟར་བྱེད་ཕྱོགས་སོགས་ལ་ངོས་ལེན་མ་ཐུབ་པར། སྔར་ལོའི་ཕྱི་ཟླ་ ༥ པའི་ནང་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག
སྔར་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་གིས་ཞལ་འདེབས་བསྡུ་རུབ་བྱས་པའི་རྒྱ་སྒོར་ཁྲི་ ༢༠ བརྒལ་བས། ཡུལ་ཤུལ་ས་འགུལ་ཉིན་མོར་དང་སྟབས་བསྟུན་ཏེ། ཡུལ་ཤུལ་ཁུལ་གྱི་དྭ་ཕྲུག་སློབ་གྲྭ་གཙོས་སློབ་གྲྭ་ཁག་ཅིག་ལ་ ༼བྱམས་བརྩེ་འཚམས་འདྲི༽ བྱས་པའི་ལས་འགུལ་སྤེལ་སྟབས། རྒྱ་གཞུང་གིས་གནོན་ཤུགས་ཀྱང་རབས་དང་རིམ་པ་སྤྲད་ཡོད་འདུག ཉེ་ལམ་ཁོང་དང་ཤེས་ལྡན་པ་ཁག་ཅིག་ཁྲིན་ཏུའུ་གྲོང་ཁྱེར་དུ་མཉམ་འཛོམས་བགྲོ་གླེང་ཐོག་ཁོང་གིས། བོད་རིགས་གཞས་པ་གཞས་མ་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་ཁྱད་ཆོས་མངོན་པ།བོད་རིགས་མི་མང་སེམས་འགུལ་ཐེབས་ཐུབ་པའི་ནུས་ལྡན་གྱི་གཞས་གཏོང་དགོས་པའི་འབོད་སྐུལ་གནང་འདུག
གནས་ཚུལ་འདིའི་ཐད་གསར་འགོད་པས་མིང་བརྗོད་འདོད་མེད་པའི་ཕ་ཡུལ་ནག་ཆུ་འབྲི་རུ་ནས་ཡིན་པའི་བོད་མི་ཞིག་ལ་བཅར་འདྲི་བྱས་སྐབས་ཁོང་གིས། “ གནས་ཚུལ་དེ་བདེན་པ་རེད། ང་རང་གི་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་གིས་བོད་ལྗོངས་སློབ་གྲྭ་ཆེ་མོའི་ནང་སློབ་གཉེར་གནང་ཞོར་དུ་འབྲི་རུ་རྫོང་གི་བླ་མ་དང་གྲྭ་པ། སློབ་གྲྭ་ཆེན་མོ་བ་བཅས་མཉམ་རུབ་ཐོག་བཏོན་བཞིན་པའི་༼ ལམ་བུ༽ དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་བ་མ་ཟད། ལ་གནས་སྟེང་བསླེབས་རྗེས་མུ་མཐུད་རྩོམ་སྒྲིག་པ་བྱས་འདུག ད་ལྟའི་ཆར་དུས་དེབ་དེ་འདོན་ཐེངས་ལྔ་པ་ཡས་མས་སུ་བསླེབས་འདུག ” ཅེས་བརྗོད་བྱུང་།
ནགས་མཚོ་ལགས་ཀྱིས། ཁམས་ནགས་ཤོད་པ་ཟླ་བ་རྡོ་རྗེའི་གནས་ཚུལ་གསོན་པོ་འདི་ཁ་སྐོང་བྱས་པ་ཧ་ཅང་དགའ།
ཁམས་ནགས་ཤོད་འབྲི་རུ་བ་ཟླ་བ་རྡོ་རྗེའི་ཁུངས་ལྡན་གྱི་གནས་ཚུལ།།
སྤྱི་ལོ་ཉིས་སྟོང་བདུན་ལོའི་ཟླ་༤་ཚེས་༢༠་ཉིན་སྐབས་དེར་ལྷ་སར་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་བཞིན་པ ཁམས་འབྲི་རུ་ནས་ཡིན་པ་སློབ་མ་ཟླ་བ་རྡོ་རྗེ་ཡིས་ཁོང་གི་ཕ་ཡུལ་ནགས་ཤོད་ཀྱི་མཁས་པ་ཁ་ཤས་བསྡུ་རུབ་མཛད་དེ་ལམ་བུ་ཞེས་པའི་དུས་དེབ་ཅིག་སྤེལ་བར། རིང་པོ་མ་སོང་བར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནང་གླེང་ཕྱོགས་ཤུགས་ཆེར་བྱུང་སྟེ་ལོ་ན་ཉི་ཤུ་རྩ་གསུམ་ལས་མ་སོང་པའི་ཟླ་བ་རྡོ་རྗེ་ལ་གནོན་ཤུགས་ཆེན་པོ་ཕོག་ཀྱང་དཔའ་མ་ཞུམ་པར་མུ་མཐུད་དུས་དེབ་དེ་འདོན་སྤེལ་བྱས་འདུག ཁོང་བོད་ལྗོངས་སློབ་གྲྭ་ནས་ཐོན་རྗེས་ནག་ཆུ་ཁུལ་གྱི་སྙན་རོང་རྫོང་གི་ཁྲིམས་ལུགས་ཞིབ་དཔྱོད་ལས་ཁུངས་ནང་ཕྱག་ལས་གནང་ཡོད་ཀྱང༌། མི་རིགས་ཀྱི་ལར་གཞེན་ཆེ་བའི་དབང་གིས་རྒྱ་རིགས་དཔོན་པོ་ཚོ་དང་མ་མཐུན་ཞིང༌། རྒྱ་ནག་གི་དཔོན་རིགས་ཚོས་ལས་ཀ་བྱེད་སྟངས་དང༌། ལྷག་དོན་ཁོ་རང་གི་ལས་ཁུངས་ནང་གི་འགོ་ཁྲིད་རྒྱ་མི་ཞིག་ཡོད་པས་ནམ་ཡང་མི་རིགས་དབྱེ་བ་ཕྱེ་པ་དང་།། གཉིས་ནི་ལས་ཁུང་ནང་རུལ་སུངས་རྣམ་པ་ཞེ་མེར་བ། གསུམ་ནི་རང་དབང་གི་མཁའ་དབུགས་མེད་པར་ནམ་ཡང་ཁ་བྲལ་དང་ཞེས་གྱེར་ནས་ལས་གནས་སྲུང་དགོས་པ་དང་། བཞི་ནི་རང་ཉིད་ངོ་མ་ཞིག་དང་བོད་རིགས་བོད་རིགས་ངོ་མ་ཞིག་གི་ལས་ཀ་སྒྲུབ་ཕྱིར་ཡིན་པ་དང་། ཁྲིམས་ལུགས་ལག་ལེན་བསྟར་ཕྱོགས་བཅས་ལ་ཞེན་པ་ལོག་ནས་ཡོད་འདུག་ལ། རྒྱུ་མཚན་འདི་ཚོ་ལ་ཞིག་ནས་ ན་ནིང་སྤྱི་ཟླ་༥་པ་ཙམ་དེར་ལས་གནས་ནས་དགོངས་ཞུ་བྱས་ཡོད་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་འདུག་ལམ་བུ”དུས་དེབ་ནི་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་བརྗོད་བྱ་གཙོ་བོར་བཟུང་ཡོད་པ་དང༌། ད་དུང་དུས་དེབ་དེའི་ནང༌། མང་ཚོགས་ཀྱི་དཀྱིལ་དུ་སྤྲུལ་སྐུ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཞིག་རེད་ཅེས་སྤྲུལ་སྐུའི་སྤྱོད་པ་དང་སྤྲུལ་སྐུའི་ལམ་ལུགས་ལ་དགག་རྒྱག་ཀྱང་བྱས་ཡོད་འདུག །གང་ལྟར་ཁོང་དང་ཁོང་གི་དུས་དེབ་“ལམ་བུ”ལ་རྒྱབ་སྐྱོར་བྱེད་མཁན་དང་གདེང་འཇོག་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་ནས། དེང་སང་མཁས་དབང་ཟླ་བ་རྡོ་རྗེ་དང་དུས་དེབ་རང་དབང་གི་“ལམ་བུ”ཟེར་ན་མི་ཤེས་མཁན་ཞིག་བོད་ས་ཁུལ་ཡོད་ས་མ་རེད།
སྤྱི་ལོ་༢༠༡༡་ཟླ་༣་པའི་ནང་ཁོང་གིས་མ་དངུལ་སྒོར་ཁྲི་ཉི་ཤུ་དགལ་བ་བསྡུས་ནས་ཡུལ་ཤུལ་ས་འགུལ་ཉིན་མོ་དེར་དྭ་ཕྲུག་སློབ་གྲྭ་སོགས་ལ་བྱམས་བརྩེའི་འཚམས་འདྲི་ཞེས་པའི་ལས་འགུལ་སྤེལ་བ་དང་ལྷ་ས་དང་ནག་ཆུ་དང་ཁམས་འབྲི་རུའི་ས་ཁུལ་དང་ཁྲི་ཏུ་་སོགས་བོད་ཀྱི་ས་ཁུལ་མང་པོའི་ནང་བོད་པའི་ཚོང་གཉེར་བ་དང་གྲྭ་པ། ད་དུང་མ་ཉེས་ཁག་གཡོག་ཕོག་པའི་མི་སྣ་མང་པོར་ཁྲིམས་ལུགས་ཀྱི་ཟབ་སྦྱོང་ཡང་ཐེངས་འགའ་ཞིག་ཚུགས་ཡོད་འདུག
ཁོང་གིས་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆབ་སྲིད་ཀྱི་དབང་ཆ་འཇོག་གནང་བ་ནི་དུས་ཚོད་སྔ་ཕྱི་ཙམ་ཡིན་པས། ད་རེས་ཁོང་གི་དགོངས་གཞི་དེ་བོད་མི་མང་གིས་ངེས་པར་དང་ལེན་བྱེད་དགོས་པ་དང༌། གནས་སྟངས་དེ་འདྲའི་འོག་བཀའ་བློན་ཁྲི་པ་གསར་པ་དེས་བོད་གཞིས་བྱེས་ཀྱི་ལས་དོན་ཁག་ལ་ནུས་པ་འདོན་ཐུབ་པའི་ཡིད་ཆེས་དང་རེ་བ་བྱེད་ཀྱིན་ཡོད་འདུག
ཁུངས་ལྡན་གནས་ཚུལ་བྱུང་བ་ལྟར་ན། བོད་རིགས་ཤེས་ཡོན་ཅན་ མདོ་ཁམས་འབྲི་རུའི་བུ་ཕྲུག་ཤེས་ལྡན་པ་ཟླ་བ་རྡོ་རྗེ་ལགས་སྤྱི་ལོ་༢༠༡༢་ཟླ་༢་ཚེས་ཤར་ལ་ཁྲི་ཏུ་གྲོང་ཁྱེར་དུ་སྐོང་ཚོགས་གནང་བའི་བོད་ཀྱི་རིག་གཞུང་བགྲོ་གླེང་ཤིག་ནང་མཉམ་ཞུགས་བྱས་པ་དང༌། ཕྱིར་ཡོང་སྐབས་གོང་དཀར་གནམ་ཐང་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཏེ་ད་ཆར་ནང་མི་་དང་འབྲེལ་ཡོད་ཀྱི་མི་སྣ་མང་པོས་འཚོལ་བཞིན་ཡོད་འདུག །ཁོང་གིས་ཁྲི་ཏུར་ཚོགས་པའི་བགྲོ་གླེང་དེའི་ནང་། བོད་རིགས་གཞས་པ་རྣམས་ལ་གླུ་གཞས་ཀྱི་ནང་དོན་ཐད། བོད་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་ཁྱད་ཆོས་མངོན་པ། བོད་དམངས་རྣམས་སེམས་འགུལ་ཐེབས་ཐུབ་པ་ཞིག་དགོས་སྐོར་གཏམ་བཤད་བྱས་ཡོད་འདུག །
རྡི་ལི་རུ་སློབ་ཕྲུག་༤༨ བཟུང་སོང་། ཡུལ་ཤུལ་ནས་གྲྭ་བ་༣ བཟུང་འདུག མཚོ་སྔོན་ནས་གྲྭ་བ་ཞིག་གིས་རང་ལུས་མེ་བསྲེགས་གནང་འདུག གསེར་རྟའི་དགེ་རྒན་ཞིག་བཟུང་འདུག ནག་ཆུའི་རྩོམ་སྒྲིག་པ་ཞིག་བཟུང་འདུག ཉིན་གསུམ་ཙམ་གྱི་གསར་འགྱུར་རེད།
རྒྱ་ནག་དམིགས་ཡུལ་གཙོ་བོ་འདི་དག་ཡིན་ལ། འདི་དག་རྩད་གཅོད་དང་། ཚར་གཅོད་བྱེད་པའི་བྱ་བར་ནམ་ཡང་ཧུར་ཐག་བྱེད་བཞིན་ཡོད།
གོང་འཁོད་གནས་ཚུལ་དེས་བདག་གི་སེམས་པ་ནག་མེར་མེར་དུ་བཏང་སོང་། དེང་སངཏང་མི་ཐེབས་ཆག་དེ་ཚོས། བོད་ཀྱི་ན་གཞོན་རྩོམ་པ་པོ་དང་། གཞོན་སྐྱེས་ཕུགས་བསམ་ཅན་ལ་དམིགས་བསལ་བཀག་བསྡོམས་དང་། བསུན་བཙིར་བཟོས་པའི་རྣམ་པ་དེ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཁྱེད་ཚོས་དེ་ལྟར་བོད་མིའི་སྟེང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་རུལ་སུངས་ཅན་གྱི་བྱེད་སྟངས་ལ་འཛེམས་དོགས་ཙམ་ཡང་མ་བྱེད་པར། དེ་མུར་ལག་བསྟར་བྱེད་རྐྱང་བྱས་ན། ནམ་ཞིག་ཏང་གི་སྲིད་གཞུང་དེ་ཉིད་མགོ་རྟིང་སློག་མཁན་གྱི་ཡར་ལངས་བསམ་བརྗོད་ལས་འདས་པ་ཞིག་མི་འབྱུང་བའི་ངེས་པ་རྩ་ནས་མེད།
ཁམས་ནགས་ཤོད་འབྲིི་རུའི་ཤེས་ཡོན་པ་རྩེ་གྲས་ཤིག འདི་ལྟར་རྒྱ་ལག་ཆུད་པ་སེམས་པ་སྐྱོ
ཁོང་དང་ཁོང་གི་དུས་དེབ་སྐོར་གྱི་ལོ་རྒྱུས་ཤིག་འདི་ན་ཉར་བསྡད་ཡོད།
ལོ་སྔོན་མ་ ༢༠༡༡ ཟླ་ ༣ ནང་བོད་ནས་འབྱོར་བ་ཞིག་རེད།
སྤྱི་ལོ་ ༢༠༠༧ ལོའི་ཟླ་བ་ ༤ པའི་ཚེས་ ༢༠ ཉིན་སྐབས་དེར་ལྷ་སར་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་བཞིན་པའི་སློབ་མ་ཟླ་བ་རྡོ་རྗེ་ཡིས་ཁོང་གི་ཕ་ཡུལ་ནགས་ཤོད་ཀྱི་མཁས་དབང་ཁ་ཤས་བསྡུ་རུབ་མཛད་དེ་༼ལམ་བུ་༽ཞེས་པའི་ལོ་དེབ་དེ་དངོས་སུ་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་སྤེལ་གནང་འདུག ལོ་དེབ་དེ་སྤེལ་ནས་རིང་པོ་མ་སོང་བར་བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ལ་གླེང་ཕྱོགས་ཆེས་ཆེར་བྱུང་ནས་སྐབས་དེར་ལོ་ན་ ༢༣ ལས་སོན་མེད་པའི་ཟླ་བ་རྡོ་རྗེ་ལ་གནོན་ཤུགས་ཆེན་པོ་ཕོག་ཡོད།༼ལམ་བུ་༽ལོ་དེབ་དང་པོ་འདོན་པའི་སྐབས་དེར་ཨ་རིའི་ཧ་ཝེར་གཙུག་ལག་སློབ་གྲྭ་ཆེན་མོར་སྐྱོད་བཞིན་པའི་འབུམ་རམས་པ་དབྱང་དགའ་ཡིས་འཚམས་འདྲིའི་གསུང་འཕྲིན་གནང་བ་ལ་ཟླ་བ་རྡོ་རྗེར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
༼ལམ་བུ་༽འདོན་ཐེངས་དང་པོ་སོང་ནས་ཟླ་ཤས་འགོར་རྗེས་ནགས་ཤོད་ཀྱི་སྟག་ཕུའི་ཡང་སྲིད་ཡིན་པར་གྲགས་པའི་རྣམ་རྒྱལ་དབང་ཕྱུག་ཟེར་བ་དེས་ནགས་ཤོད་དང་སོག་ཤོད་ཀྱི་ཡུལ་ཚོ་བསྡུས་ཏེ་༼ལམ་བུ་༽ཞེས་པ་རྨེག་མེད་བཟོ་དགོས་པའི་སྐུལ་སློང་བྱས་འདུག ལྷག་པར་དུ་ཆོས་འཁོར་བསྐོར་བའི་གོ་སྐབས་དང་བསྟུན་ནས་དད་ལྡན་མང་ཚོགས་ལ་༼ལམ་བུ་༽ལོ་དེབ་ཀྱི་རྩོམ་སྒྲིག་པ་ཟླ་བ་རྡོ་རྗེ་ཁྲིམས་ལ་སྦྱར་དགོས་པའི་སྐུལ་སློང་བྱས་འདུག ༢༠༠༨ ་ལོར་སྟག་ཕུའི་ཡང་སྲིད་དུ་གྲགས་པའི་རྣམ་རྒྱལ་དབང་ཕྱུག་གིས་༼ཟླ་བ་རྡོ་རྗེ་དེ་ཁ་བྲལ་རུ་ཚོགས་ཀྱི་གྲས་ཡིན་ཞིང་ཁོས་ང་ཚོའི་ཏང་དང་མི་དམངས་ཀྱི་མདུན་ལམ་གནོད་པའི་༽སྐོར་ནག་ཆུ་ས་ཁུལ་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་སྙན་ཞུ་ཕུལ་འདུག
དོན་དུ་ང་ཚོས་༼ལམ་བུ་༽དུས་དེབ་ཞེས་པ་ནི་ཇི་ལྟ་བུ་ཞིག་རེད་ཟེར་ན།༼ལམ་བུ་༽ཡི་རྩོམ་གྱི་སྔ་ཕྱི་བར་གསུམ་དུ་དམངས་གཙོ་དང་རང་དབང་།མིའི་ཐོབ་ཐང་རྩོད་རྒྱུ་བརྗོད་བྱ་གཙོ་བོར་བཟུང་འདུག སྤྲུལ་སྐུ་དེ་དག་མི་དགའ་བའི་རྒྱུ་མཚན་གཙོ་བོ་༼ལམ་བུ་༽ཡི་ནང་སྤྲུལ་སྐུའི་སྤྱོད་པ་དང་སྤྲུལ་སྐུའི་ལམ་ལུགས་ལ་དགག་རྒྱག་ཚད་མེད་བྱས་འདུག་ལ་མང་ཚོགས་ཀྱི་དཀྱིལ་དུ་སྤྲུལ་སྐུ་ནི་ཀྲུང་གོའི་ཆབ་སྲིད་ལག་ཆ་ཡིན་པའི་ཆ་ནས་དེ་ལ་ཡིད་ཆེས་བྱེད་རིན་མེད་པའི་སྐོར་སོགས་བཀོད་གནང་འདུག
ད་ལྟ་༼ལམ་བུ་༽དེ་འདོན་ཐེངས་གསུམ་པ་སླེབས་ཚར་བ་དང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ལ་གྲགས་སྙན་འབར་ཡོད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྔར་སྟག་ཕུ་ངག་དབང་བློ་བཟང་རྒྱ་མཚོའི་༼བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད༽དང་དེ་བཞིན་༼སྟག་ཕུའི་ཨར་གཞས་༽ད་དུང་ཞང་ཞུང་ཆོས་དབང་གྲགས་པ་བྱོན་ཡུལ། རྒྱ་དཔོན་རག་སྡིས་དང་དཔོན་གནས་བཞེས་ཤིང་མཁས་པའི་གོ་སར་སྙེག་པའི་བསྟན་འཛིན་འཁྲུངས་ཡུལ། ལྷག་པར་དུ་ ༥༩ དང་༦༩ ཡི་གཡུལ་ས་ཆེན་མོར་གྲགས་ལ་ཉེ་ཆར་སྲིད་གཞུང་གིས་དོགས་གཞི་བྱ་ལ་༼ཉེན་ཁ༽ཆེ་ཤོས་ལྟ་སའི་ནགས་ཤོད་ལ་ལྟ་བ་གསར་པའི་རིག་གནས་ཀྱི་ཁོར་ཡུག་བཟང་པོ་ཆགས་ནས་༼ལམ་བུ་༽དང་ཟླ་བ་རྡོ་རྗེ་ལ་རྒྱབ་སྐྱོར་མཁན་ཇེ་མང་དུ་སོང་ནས་།༼ལམ་བུ་༽ནི་ད་ལྟའི་དགོན་པ་ཞིག་དང་སློབ་གྲྭ་ལས་ནུས་ཆེ་བའི་གདེང་འཇོག་ཐོབ་ཡོད།
སྤྱི་ལོ་ ༢༠༡༡ ལོའི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་གཉིས་ཉིན་ཟླ་བ་རྡོ་རྗེ་ཡིས་གཙོ་བོ་བྱས་པ་དང་ད་དུང་ཚོ་དཔོན་ཁག་ཅིག་གིས་ཡུལ་ཤུལ་གྱི་ས་འགུལ་ཉིན་མོ་དེར་བྱམས་བརྩེའི་འཚམས་འདྲི་ཞེས་པའི་ལས་འགུལ་གཉེར་རྩིས་ཡོད་འདུག མ་དངུལ་སྒོར་ཁྲི་བཅུ་བསྡུས་ནས་དྭ་ཕྲུག་སློབ་གྲྭ་སོགས་འཚམས་འདྲི་བྱེད་རྩིས་འདུག་ལ་ཟླ་བ་དེའི་ཚེས་ ༡༥ ཉིན་ཟླ་རྡོ་རྗེ་ཡིས་ནག་ཆུ་ས་ཁུལ་གྱི་ས་ཆ་ཞིག་ལ་བོད་པའི་ཚོང་གཉེར་བ་དང་གྲྭ་པ་འགའ། ད་དུང་ཡུན་རིང་མ་ཉེས་ཁག་གཡོགས་སུ་གྱུར་བའི་མི་འགར་ཁྲིམས་ལུགས་ཀྱི་སྒྲོགས་བཤད་ཆེན་པོ་ཞིག་འཚོགས་རྒྱུ་རེད་འདུག་པས་དེ་དག་ནི་བོད་ནང་དུ་བསམ་བློའི་ལྟ་བ་དང་ཁྲིམས་ཀྱི་འདུ་ཤེས། རང་དབང་བརྩོན་ལེན་སོགས་ལ་རྣམ་པ་གསར་པ་ཞིག་ཤར་ཡོད་པ་མངོན་ཡོད།
ས་ཆ་འདིར་མི་མང་པོ་ཞིག་གིས་ཏྰ་ལའི་བླ་མ་དགོངས་ཡོལ་ཞུ་དགོས་པ་དུས་ཚོད་སྔ་ཕྱིའི་གོ་རིམ་ཞིག་ཡིན་པར་བརྟེན། དེ་ལ་དང་ལེན་ཞུ་འདོད་ཡོད་པ་དང་བཀའ་བློན་ཁྲི་པ་གསར་པ་དེས་བོད་གཞིས་བྱེས་ཀྱི་ལས་དོན་ཁག་ལ་ནུས་པ་འདོན་ཐུབ་པའི་ཡིད་ཆེས་དང་རེ་བ་བྱེད་བཞིན་འདུག།