སུད་སུ་གནས་སྡོད་བོད་མི་ཁག་ཅིག་གིས་ཇི་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག
སུད་སི་གནས་སྡོད་ཀླུ་རྒྱལ་དོན་འགྲུབ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་སུད་སུ་གྲོང་ཁྱེར་ཇི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༩ པ་མགོ་འཛུགས་བྱེད་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། ཛོ་རི་གནས་སྡོད་བོད་མི་ ༡༥ ལྷག་གིས་ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༡ པོ་ནས་ ༣ པའི་བར་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་ཐང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག
ཛོ་རི་བོད་རིགས་ཚོགས་པས་གོ་སྒྲིག་གནང་བའི་ལས་འགུལ་དེའི་ཐོག སུད་སི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་བོད་མི་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ལས་འགུལ་དེ་བརྒྱུད་ས་གནས་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ། རྒྱ་གཞུང་གིས་བོད་ནང་འབྲོག་པ་གནས་སྤོར་གཙོས་པའི་མི་རིགས་ཀྱི་འཚོ་གནས་དང་རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་དང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྟོགས་ཞིབ་ཆེད་རྒྱལ་སྤྱིའི་གསར་འགོད་པའི་ཚོགས་ཆུང་ཆེད་གཏོང་བྱ་དགོས་པའི་རེ་འདུན་སྙན་ཞུ་ཞིག་ཕུལ་ཡོད་པ་མ་ཟད། སུད་སུའི་ས་གནས་འདྲ་མིན་ནང་ཡོད་པའི་བོད་མི་ཚོ་ཁག་བགོས་ཀྱིས་ཟླ་རེར་རྒྱལ་ཚོགས་ལས་དོན་ལྷན་ཁང་གི་མདུན་དུ་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་ཀྱང་གནང་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་དེ། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ནས་མགོ་འཛུགས་ཀྱིས་ཟླ་གཅིག་མ་ཟིན་ཙམ་གྱི་རིང་ཚོགས་འཆར་ཡོད་ཅིང་། ཉེ་ལམ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཆོས་དད་རང་དབང་སོགས་གཞི་རྩའི་ཐོབ་ཐང་སྤྲོད་ཀྱི་མེད་པ་མ་ཟད། སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་སྐད་ཡིག་ཁོ་ན་བེད་སྤྱོད་སྲིད་ཇུས་ལག་བསྟར་བྱས་པ་དང་མི་རིགས་དབྱེ་འབྱེད་བྱས་ཏེ་བོད་མི་ཚོར་དཀའ་ངལ་སྤྲོད་བཞིན་པའི་ཐད་ལ་སྐྱོན་བརྗོད་བསྒྲགས་ཡིག་ཅིག་སྤེལ་ཏེ། ཚོགས་འདུའི་ཁྲོད་གསལ་བསྒྲགས་དང་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡོངས་ལ་ཕུལ་ཡོད་འདུག
གསར་འགོད་པ། དོན་གོ