མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་འདི་ལྟར་ལབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་རྒྱ་ནག་གཞུང་འབྲེལ་༼ ཀྲུང་གོའི་བོད་ལྗོངས་དྲ་བ ༽ཞེས་པའི་བོད་ཡིག་དྲ་ཚིགས་སྟེང་། ཡེ་རྡོ་ཟེར་བའི་མིང་ཐོག་ནས་༼ དྲག་ཤུགས་ལ་སྐུལ་བ་ནི་ཏཱ་ལའི་ཚོགས་ཁག་འཕྲལ་མར་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན༽ཞེས་པའི་ཚན་པ་ ༥ ཅན་གྱི་དཔྱད་གཏམ་ཞིག་སྤེལ་འདུག དཔྱད་གཏམ་དེའ་ནང་། བོད་ནང་གི་རང་ལུས་མེར་བསྲེགས་ཐད་༧གོང་ས་མཆོག་དང་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་མཚམས་འཇོག་ཡོང་འབོད་སྐུལ་ཞུས་མེད་པ་མ་ཟད། དངོས་ཤུགས་བརྒྱུད་གསུམ་ནས་སྐུལ་མ་བཏང་ཡོད་ཚུལ་དང་། རང་ལུས་མེར་བསྲེགས་དེ་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ལ་འགལ་ཡོད་སྐོར། ཕྱི་ཕྱོགས་བོད་མིའི་གསར་ལམ་ཁག་ཅིག་གིས་གནས་ཚུལ་རྫུན་སྒྲོག་བྱས་ཚུལ། གསར་དུ་བདམས་པའི་བཀའ་བློན་ཁྲི་པར་ཤེས་ཡོན་མེད་པ་མ་ཟད། རང་ཉིད་ཀྱི་ཆེ་མཐོང་ཆེད་འུད་བརྗོད་སྣ་ཚོགས་བྱས་ཏེ་༧གོང་ས་མཆོག་འུ་ཐུག་ཐབས་ཟད་བཟོས་སྐོར། བོད་ནང་བྱུང་བའི་ ༡༩༥༩ ལོ་དང་ ༡༩༨༩ ལོ། ༢༠༠༨ ལོ། རང་ལུས་མེར་བསྲེགས་སོགས་ལ་དྲག་ཤུགས་མ་སྤྱད་པ་གཅིག་ཀྱང་མེད་སྐོར་སོགས་ཀྱི་འཁྱོག་བཤད་སྣ་ཚོགས་བྱས་འདུག རྩོམ་ཡིག་ཧྲིལ་བོ་གཤམ་དུ་བཀོད་ཡོད།

 

དྲག་ཤུགས་ལ་སྐུལ་བ་ནི་ཏཱ་ལའི་ཚོགས་ཁག་འཕྲལ་མར་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན

ཡེ་རྡོ།

ད་ལོའི་ཚུན་ལ། ཞིང་ཆེན་དང་བོད་ཁུལ་ལ་ལའི་ས་ཆ་ཁག་ནས་རང་སྲེག་དོན་རྐྱེན་དང་རྡུང་འཕྲོག་བཅོམ་གསུམ་གྱི་དོན་རྐྱེན་འགའ་བྱུང༌། ཏཱ་ལའི་ཚོགས་ཁག་ལ་ཡང་བསྐྱར་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་ཏེ་བོད་ཁུལ་གྱི་གནས་བབ་ཧ་ཅང་ཚབས་ཆེན་ཡིན་ཚུལ་སྐོར་གང་སར་འུད་སྒྲོག་ཤུགས་ཆེན་བྱས་འདུག ཐོག་མར་ཟླ་ ༢ པའི་ཚེས་ ༨ ཉིན་“འཛམ་གླིང་ཡོངས་ཀྱི་སྒྲོན་འོད་སྦར་བའི་མཚན་མོའི་བྱེད་སྒོ”སྤེལ་ནས་“གཏམ་བརྗོད་སྤེལ་བའི་རང་དབང་ལ་རོགས་སྐྱོར་དགོས་ཚུལ་” བཏོན་ནས་བོད་མི་ཡོངས་ལ་བོད་ལུགས་ལོ་སར་མེད་པའི་སྐུལ་མ་བཏང༌། དེ་ལས་ཀྱང་བློས་དཔོག་དཀའ་བ་ཞིག་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་“མངོན་སུམ་ཡིན་མིན་གྱི་རྟོག་ཞིབ་ཚོགས་པ་”ཞིག་བོད་ཁུལ་དུ་མངགས་ནས་རྟོག་ཞིབ་བྱས་འདུག་ཅེས་འཁྱམ་བཤད་ཅིག་ཀྱང་འདུག

ཟླ་ ༣ པ་སླེབས་པ་དང་བསྟུན་ནས་ཏཱ་ལའི་ཚོགས་ཁག་གིས་སྔོན་སྲོལ་ལྟར་བོད་མི་དམངས་ཀྱི་ཡར་ལངས་སྐབས་གསར་བ་ཞིག་འུད་སྒྲོག་བྱེད་འགོ་བརྩམས། དེ་ནི་གཙོ་བོ་བོད་ཁུལ་དུ་ཁྲག་བཞུར་དོན་རྐྱེན་མང་པོ་འབྱུང་བའི་རེ་སྙེག་ཅིག་ཡིན། བྱེད་སྟངས་འདི་ཚང་མ་ནང་དོན་གསར་བ་ཞིག་མེད་པས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དེ་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་ན་ཡང༌།  ཏཱ་ལའི་ཚོགས་ཁག་གི་ཁ་བྲལ་རིང་ལུགས་ཀྱི་བསམ་བློ་དེ་སྔར་ལས་རྣོ་ངར་ཅན་དང་དྲག་ཤུགས་ཀྱི་ཕྱོགས་སུ་འགྲོ་བ་མངོན་བྱུང་བས། དེར་མི་རྣམས་ཀྱིས་དོ་སྣང་དང་ཡིད་འཇོག་བྱེད་པའི་རིན་ཐང་ཡོད་འདུག

 

རང་སྲེག་ལ་འུད་སྒྲོག་བྱས་ནས་བོད་རང་བཙན་བྱེད་པའི་སེམས་ཁྲལ་དེ་ཕྱི་རུ་མངོན།

 

ཏཱ་ལའི་ཚོགས་ཁག་གིས་སྔ་མོ་ཞིག་ནས་བཟུང་རང་སྲེག་ལ་ངན་ཇུས་དང་ངན་སྐུལ་བྱས་པ་སྟེ། ༢༠༠༡ ལོར་ཤིན་ཧྭ་གསར་འགྱུར་ཁང་གིས་རང་རྒྱལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཏཱ་ལའི་ཚོགས་ཁག་གིས་བོད་ལྗོངས་སུ་མངགས་ནས་རང་སྲེག་བྱེད་དུ་བཅུག་ཀྱང༌། མཐར་དམིགས་ཡུལ་མ་འགྲུབ་པའི་ཉེས་ཅན་ཞིག་ལ་རྩད་གཅོད་བྱས་པའི་སྐོར་བཀོད་པ་ལས། དེ་ནི་མཚོ་སྔོན་ནས་ཡིན་པའི་གྲྭ་བ་ཞིག་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་རྗེས།  ཏཱ་ལའི་ཚོགས་ཁག་གི་བདེ་འཇགས་པུའུ་དང༌། ཁུལ་གསུམ་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་གཡོ་ཐབས་དང༌། ཇུས་འགོད། རྩ་འཛུགས་བྱས་འོག་རང་སྲེག་བྱས་པ་ཡིན་པའི་བརྒྱུད་རིམ་ཡོད་ཚད་བསྒྲགས་མྱོང༌། དེར་ཏཱ་ལའི་ཚོགས་ཁག་གིས་གསར་འགྱུར་དང་རྒྱལ་སྤྱིའི་འབྲེལ་བ་པུའུ་ལ་འཕྲལ་དུ་གསལ་བསྒྲགས་སྤེལ་ནས་དེ་འདྲ་མིན་ཚུལ་གྱི་གླེང་བརྗོད་སྤེལ།   བོད་ལྗོངས་འགུལ་སྐྱོད་ཡོངས་ཀྱི་ཡིད་ཆེས་དང་མཚན་སྙན་ནི་ཏཱ་ལའི་བླ་མས་སྣེ་ཁྲིད་པའི་དྲག་ཤུགས་མ་ཡིན་པའི་རྩ་དོན་གཞི་བྱས་པ་ཡིན་ཞིང༌། བོད་ལྗོངས་སུ་མངགས་ནས་རང་སྲེག་དོན་རྐྱེན་བཟོ་བ་ནི་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་དང་རྒྱབ་འགལ་དུ་སོང་བ་ཡིན། ནང་བ་ལྟར་ན། སྲོག་གཅོད་པ་དང་རང་སྲོག་གཅོད་པ་ནི་ཉེས་དམིགས་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་པ་ཡིན་ཞེས་དང༌། ཡང་ ༡༩༩༨ ལོར་བོད་པ་ཞིག་ཏི་ལི་གསར་བ་ནས་རང་སྲེག་བྱས་མྱོང་ཞིང༌། དེར་ཏཱ་ལའི་བླ་མས་དེ་ལྟའི་བྱེད་སྤྱོད་ཐ་ཤལ་རིགས་ལ་དགག་པ་ཆེན་པོ་བྱས་ཏེ། བོད་པ་ཡོངས་ཀྱིས་དེ་ལྟའི་མི་དགེ་བའི་བྱེད་སྤྱོད་མི་བགྱིས་པར་གྱིས་ཅེས་སྐུལ་མ་ཡང་ཡང་གནང༌།

 

ལོ་བཅུའི་རྗེས་ཀྱི་ ༢༠༡༡ ལོར་བོད་ཁུལ་གྱི་ས་ཆ་ཁ་ཤས་སུ་ཡང་བསྐྱར་རང་སྲེག་གི་དོན་རྐྱེན་བྱུང༌། ཏཱ་ལའི་བླ་མ་དང་དེའི་ཚོགས་ཁག་གིས་སྒྲོག་གཏམ་སྤེལ་བའི་བྱེད་སྟངས་གཞི་ནས་འགྱུར། ཏཱ་ལའི་བླ་མས་དེ་ལ་དགག་རྒྱག་བྱེད་རྒྱུ་ཕར་ཞོག  རང་ཉིད་གཙོ་བྱས་ཏེ་དམིགས་བསལ་གྱི་ཆོས་ཚོགས་འཚོགས་ཏེ་ཉིན་གཅིག་གི་ཟས་ཐུན་བཅད་ནས་རང་སྲེག་དོན་རྐྱེན་ལ་རྒྱབ་སྐྱོར་བྱས།  བཙན་བྱོལ་སྲིད་གཞུང་དང་བོད་རང་བཙན་གྱི་རྩ་འཛུགས་བཅས་ཀྱི་འགོ་གཙོ་རེ་རེ་ནས་རང་སྲེག་བྱེད་མཁན་ནི་མི་རིགས་ཀྱི་དཔའ་བོ་དང༌། མི་བསོད་ནམས་ཅན། ཡང་སྤྲུལ་ངོས་འཛིན་བྱེད་དགོས་པ་ལ་སོགས་པའི་གསལ་བསྒྲགས་སྤེལ་བ་རེད།  ཉེ་ལམ། བོད་ལྗོངས་རང་དབང་སློབ་མའི་འགུལ་སྐྱོད་སྤེལ་བའི་གྲོས་ཚོགས་སུའང༌།  རང་བཙན་གྱི་དོན་ཆེན་ལ་རང་གི་ཚེ་སྲོག་འབུལ་བ་ནི་ནང་བསྟན་གྱིས་ཆེས་དར་སྤེལ་བྱེད་བྱ་ཉག་ཅིག་ཡིན་ཞེས་བརྗོད་འདུག རྔ་བ་ཀིརྟི་དགོན་དུ་རང་སྲེག་དོན་རྐྱེན་ཐེངས་དུ་མར་བྱུང་བ་དང༌། དེ་ལས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་ཀིརྟི་རིན་པོ་ཆེ་ནས་ཀྱང་ན་ནིང་གི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་ཨ་རི་ནས་མཚམས་སྦྱོར་ཚན་པར། རང་སྲེག་གི་བྱེད་སྟངས་དེ་ནི་ནང་བསྟན་གྱིས་དར་སྤེལ་བྱེད་པའི་གཞན་ཕན་གྱི་དགོངས་པ་ཡིན་ཞེས་དང༌།  རྒྱལ་ཕྱིའི་ཀིརྟི་དགོན་གྱི་གསར་འགྱུར་འབྲེལ་གཏུག་ཚོགས་ཆུང་གིས་བཅར་འདྲི་གནང་སྐབས།  རང་སྲེག་དོན་རྐྱེན་འབྱུང་བའི་དར་ལུགས་འདི་ལྡོག་ཐབས་མེད་ལ། བཙན་བྱོལ་བོད་པ་རྣམས་ཀྱིས་རང་སྲེག་མཁན་གྱི་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བར་ཁག་ཐེག་བྱེད་ངེས་ཞེས་བརྗོད་བྱུང༌།

 

 སྨྱུག་ཐོགས་པས་སྔ་མོ་ཞིག་ནས་བསྟན་ཡོད།  ཏཱ་ལའི་བླ་མས་བོད་རང་བཙན་གྱི་དམིགས་འབེན་མངོན་འགྱུར་བྱ་ཆེད། དུས་རབས་ཕྱེད་ཙམ་གྱི་རིང་ལ་དྲག་ཤུགས་དང་དྲག་ཤུགས་མ་ཡིན་པའི་བྱེད་ཐབས་གཉིས་ཟུང་དུ་འབྲེལ་ནས་བྱ་འགུལ་སྤེལ་བ་རེད།  ད་ལྟ་ཏཱ་ལའི་ཚོགས་ཁག་གིས་བོད་བརྒྱུད་ནང་བསྟན་དེ་ཉིད་རང་སྲེག་གི་ཆོས་ལུགས་ཤིག་ཏུ་འགྱུར་བར་མི་བལྟས་པར། ལོ་ ༡༠ སྔོན་གྱི་དྲག་ཤུགས་ཀྱི་འགན་འཁྲི་གཡོལ་ཐབས་བྱེད་པ་ནས་དྲག་ཤུགས་བཀོལ་སྤྱོད་ཁྱབ་བསྒྲགས་བྱེད་པའི་ཕྱོགས་སུ་བསྒྱུར། དེས་ཁོང་གི་སྟོབས་ཤུགས་ཇེ་ཆེར་སོང་བ་མཚོན་ཐུབ་པ་ཕར་ཞོག དྲག་ཤུགས་མ་ཡིན་པའི་བྱེད་ཐབས་འཐུས་ཤོར་དུ་སོང་བར་ཡང་བསྐྱར་གསལ་བསྒྲགས་སྤེལ་ནས་དྲག་ཤུགས་ལ་གསོལ་འདེབས་མི་བྱེད་ག་མེད་བྱུང༌།

 

བོད་རང་བཙན་གྱིས་གནས་བབ་ལ་དཀྲོགས་རྐྱེན་ཅི་ཐབས་བཟོ་བ།

 

ཟླ་ ༢ པའི་ཚེས་ ༤ ཉིན་ཏཱ་ལའི་ཚོགས་ཁག་གི་ནོར་ཝེ་བོད་སྐད་རླུང་འཕྲིན་དང༌། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་སོགས་ཕྱི་རྒྱལ་གྱི་མཚམས་སྦྱོར་ཚན་པ་དུ་མ་ཞིག་གིས་གོ་རིམ་བཞིན་དུ་གསར་འགྱུར་ཅི་རིགས་སྒྲོག་སྤེལ་གནང་འདུག་པ་ནི། སི་ཁྲོན་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་གི་ལོ་ན་དྲུག་ཅུར་ལོན་པའི་བོད་པ་ཚེ་རིང་དང༌། ལོ་ན་སུམ་ཅུར་སོན་པའི་བོད་མི་རྒྱ་རི། ད་དུང་བོད་མི་གཞན་པ་ཞིག་དང་བཅས་རང་སྲེག་བྱས་ཏེ། གཅིག་ཤི་བ་དང་གཉིས་ལ་གནོད་པ་ཚབས་ཆེན་བཟོས། དེའི་ཕྱིས་ཟླ་ ༢ པའི་ཚེས་ ༦ ཉིན་ཏཱ་ལའི་ཤོག་ཁག་གིས་ཆེད་དུ་གསར་འགྱུར་དང་རྒྱལ་སྤྱིའི་འབྲེལ་བ་ཞེས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། རང་སྲེག་དོན་རྐྱེན་ལ་གདུང་སེམས་ཚད་མེད་སྐྱེས་པ་དང༌། རྒྱལ་སྤྱིའི་སྟེགས་བུ་འདི་སྤྱད་དེ་བོད་ནང་ཁུལ་གྱི་རང་སྲེག་རྔམ་སྟོན་བྱས་པའི་བོད་པའི་རེ་འདུན་འཛམ་གླིང་གི་མི་ཀུན་ལ་ཡོངས་བསྒྲགས་བྱེད་དགོས་པའི་བསམ་ཚུལ་བསྟན།

    ཟླ་ ༢ པའི་ཚེས་ ༧ ཉིན་ཏཱ་ལའི་ཚོགས་ཁག་གི་མགྲིན་ཚབ་ཀྱིས་《མིག་ཆུ་ཡ། ཚེས་ ༣ ཉིན་གསེར་རྟའི་བོད་མི་གསུམ་རང་སྲེག་བྱས་པ》ཞེས་པའི་དཀྲོག་གཏམ་གྱི་ཁ་བྱང་ཞིག་དྲ་ཐོག་ཏུ་བཀོད་དེ་དོན་རྐྱེན་དེ་འུད་སྒྲོག་ཆེན་པོ་བྱས་པ་མ་ཟད། གནས་ཚུལ་དེར་བོད་ནང་ཁུལ་གྱི་བོད་མིས་བདེན་དཔང་ཐོབ་ཅེས་བཤད་ཡོད། ཟླ་ ༢ པའི་ཚེས་ ༡༦ ཉིན་ཏཱ་ལའི་ཚོགས་ཁག་གི་མཚམས་སྦྱོར་ཚན་པས་མི་རྣམས་ཀྱི་རྩད་འདྲི་བྱས་པའི་འོག ཞུམ་ཞུམ་ངང་ནས་དོན་རྐྱེན་དེ་ད་ལྟའི་བར་དུ་གསལ་ཐག་གཅོད་ཐབས་བྲལ་བས། གོ་ཐོས་ཙམ་ཡིན་ཞེས་ཁས་ལེན་གནང༌། ཡིན་ན་ཡང་མགྲིན་ཚབ་པས་ཀློག་པ་པོ་ཁོང་ཁྲོ་ལངས་པར་དོགས་ནས་དོན་ངོ་མར་ཟླ་ ༢ པའི་ཚེས་ ༣ ཉིན་གསེར་རྟའི་བོད་མི་གསུམ་གས་རང་སྲེག་དོན་རྐྱེན་བཟོས་སོང་ངམ། རང་སྲེག་དོན་རྐྱེན་བཟོ་བར་གྲ་སྒྲིག་བྱས་པ་ཡིན་ནམ་ཞེས་རང་གིས་རང་ལ་རྩད་ཞིབ་བྱེད་གྱིན་འདུག་པས། དྲི་གཞི་དེས་འཆམ་གཏམ་སྨྲ་མཁན་གྱི་གནམ་འོག་ཟང་ཟིང་གི་གཏོང་འདོད་པའི་བསམ་བློ་ངོ་མ་དང་སྐྱུག་བྲོ་བའི་བྱེད་སྤྱོད་དེ་དམར་རྗེན་དུ་ཕྱིར་མངོན་པ་རེད། དེ་བས་ང་ཚོ་ལྷག་བསམ་ཅན་གྱི་མི་ཡོད་དོ་ཅོག་ལ་ཏཱ་ལའི་ཕྱོགས་ཀྱི་སྐད་ཆར་བདེན་ལུགས་མེད་པས་དེར་རེ་བ་མི་བཅངས་པར་མཁྱེན།

 

 

བྲོས་བྱོལ་སྲིད་གཞུང་གི་གཙོ་འཛིན་གསར་བ་དཀྲོག་རྐྱེན་བཟོ་བའི་དྲག་ཤུགས་ཀྱི་མདུན་དུ་བསྐྱོད་པ།

 

ན་ནིང་ཏཱ་ལའི་བླ་མས་“ལས་འཁྱུར་ངལ་གསོ་བརྒྱབ་”ཏེ“སྲིད་དོན་གྱི་ལས་སྟེགས”ནས་ཕྱིར་བུད་པ་དང༌། དབང་ཆ་ཚང་མ་“དམངས་འདེམས”ཀྱི་“བཙན་བྱོལ་སྲིད་གཞུང་ལ་”སྤྲད་པ་དང༌། རང་གི་ནུས་པ་ཡོད་ཚད་རྒྱབ་ཕྱོགས་ཀྱི་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་འཚོལ་སྙེག་དང་ཚོད་འཛིན་བྱེད་པའི་ལས་ལ་བཀོལ། བྱེད་སྟངས་དེ་འཕྲལ་མར་ཏཱ་ལའི་ཚོགས་ཁག་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཅིག་བསླངས་ཤིང༌། གྲུབ་མཐའ་ཁ་ཅིག་གིས་ཏཱ་ལར་ངོ་དགའ་བྱས་ཏེ།  བོད་ནང་ཁུལ་ནས་དོན་རྐྱེན་བསླངས་ནས་རང་གི་སྟོབས་ཤུགས་ངོམ་པ་དང༌། རང་གི་གོ་གནས་སྲ་བརྟན་དུ་གཏོང་བར་བྲེལ།  དེས་ཀྱང་ཁ་བྲལ་བྱ་འགུལ་ཇེ་དྲག་དང༌། དྲག་ཤུགས་བྱེད་སྤྱོད་འཕྲལ་མར་ཛ་དྲག་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད། “བཙན་བྱོལ་སྲིད་གཞུང་”གི་གཙོ་འཛིན་ནི་སྤོབས་པ་ཆེ་ལ་ཡོན་ཚད་ཆུང་བས། མི་རྗེས་སུ་ལུས་པར་གཡོལ་ཐབས་བྱ་ཆེད། གཙོ་འཛིན་འཁུར་མ་ཐག་གི་གཏམ་བཤད་ཅིག་ཏུ་འཛམ་གླིང་ཡོངས་ལ་ཏཱ་ལའི་སྟོབས་ཤུགས་ཀྱི་གཏིང་མ་ཕྱིར་མངོན།  བོད་རང་བཙན་ནི་རྩ་བའི་དམིགས་འབེན་ཡིན། བོད་རང་སྐྱོང་ནི་དངོས་ཡོད་ཀྱི་དམིགས་འབེན་ཡིན་ཞེས་བཤད་པས། ཏཱ་ལའི་བླ་མར་བསམ་བློ་གཏོང་ས་ཏིལ་ཙམ་ཡང་མེད་པའི་སར་བསྐྱལ། ད་ལོའི་ཟླ་ ༡ པོའི་ཚེས་ ༢༡ ཉིན་མཚམས་སྦྱོར་ཚན་པས་བཅར་འདྲི་བྱེད་དུས་སུ་ཡང་“ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་དབང་ཆ་དེ་ང་ལ་སྤྲད་རྗེས་ང་རང་བོད་མི་དམངས་ཀྱི་ཆབ་སྲིད་ཀྱི་གཙོ་འཛིན་དུ་གྱུར། ”ཞེས་བསྒྲགས་ཏེ། ཚོགས་ཁག་དེའི་མི་སུ་ཞིག་ཡིན་རུང་མིག་ནང་དུ་བཞག་མེད་པ་རེད།  ཁོས་སྲིད་སྐྱོང་གི་བྱས་རྗེས་མངོན་ཆེད། བཙན་བྱོལ་སྲིད་གཞུང་གི་མཚན་མིང་ནས་ཐེངས་དུ་མར་གསལ་སྒྲོག་སྤེལ་དེ།  རང་སྲེག་མཁན་ལ་བསྔོ་སྨོན་གསུངས་བའི་ཚོགས་འཚོགས་པ་དང༌། ད་ལོའི་བོད་ཟླ་ཚེས་གཅིག་ནས་བཟུང་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་མི་ཞུ་བར་དགོན་སྡེར་བསྐྱོད་དེ་བོད་ནང་ཁུལ་གྱི་རང་སྲེག་དཔའ་བོར་གསོལ་འདེབས་ཞུ་དགོས་པའི་བླང་བྱ་བཏོན། ལྷག་པར་ག་ས་གང་དུ་བོད་མི་རང་སྲེག་བྱེད་པར་ངན་སྐུལ་བྱས་ཏེ། རང་སྲེག་བྱས་ན་རྒྱལ་ཕྱི་ནས་བོད་མང་ཚོགས་ཀྱི་དཀའ་སྡུག་ལ་དོ་སྣང་བྱེད་ཐུབ་པ་དང༌། བོད་མི་རྣམས་ལ་དེ་ལས་ཀྱང་མྱུར་ཞིང་ཐད་ཀར་དུ་ཕན་འབྲས་ཐོབ་པའི་བྱེད་ཐབས་ཤིག་འདོན་པར་རེ་བ་ཡོད་ཚུལ་དང༌། ང་ཚོས་རང་སྲེག་མཁན་གྱི་སེམས་མདུན་ཡིད་ལ་བརྟན་པོ་བཅངས་ནས་སེམས་མདུན་དེ་མངོན་འགྱུར་ནི་ཚེ་གང་བོར་འཐབ་རྩོད་བྱེད་པའི་དམིགས་འབེན་དུ་བརྩི་དགོས་ཞེས་བཤད་པ་རེད།

 

དགོད་བྲོ་བ་ཞིག་ནི།  ཟླ་ ༢ པའི་ཚེས་ ༡༤ ཉིན་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བཅར་འདྲི་བྱེད་སྐབས། ཁོས་ཉིན་དཀར་གྱི་རྨི་བཤད་ཅིག་ལབ་འདུག་པ་ནི།  ཟླ་ ༢ པའི་ཚེས་ ༢༢ ཉིན་སླེབས་ལ་ཉེ་བའི་སྐབས་དེར་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བྱུང་བའི་ཡར་ལངས་དང་འདྲ་བའི་བོད་མི་ཁྲོམ་སྐོར་བྱེད་པའི་གནས་ཚུལ་འབྱུང་སྲིད་ཟེར།   ཡིན་ན་ཡང་ཟླ་ ༢ པའི་ཚེས་ ༢༢ ཉིན་འདས་ནས་ཉིན་འགའ་འགོར་ཟིན། སྨྱུག་ཐོགས་པས་ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་འཇོན་ཐང་ཅན་གྱི་སློབ་མ་འདིས་རྨི་ལམ་རྨིས་ཚར་ཡོད་མེད་ད་དུང་མ་ཤེས།

 

ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཁག་ཅིག་གི་བློ་ཁ་དེ་ཏཱ་ལའི་ཚོགས་ཁག་གི་དྲག་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་འཁོར་ཡོད།

 

 

ཏཱ་ལའི་ཚོགས་ཁག་ཕྱིར་འཁྱམས་ནས་ལོ་བཅུ་ཕྲག་འགོར་པ་ནི་གཙོ་བོ་ཨ་རི་དང་ནུབ་ཕྱོགས་ཀྱི་སྟོབས་ཤུགས་འགས་རྒྱབ་སྐྱོར་ལ་བརྟེན་པ་ཡིན། གལ་སྲིད་བོད་ཁུལ་གྱི་བརྟན་ལྷིང་ལ་གཏོར་བརླག་བྱེད་མི་ཐུབ་པ་དང༌། ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཐུབ་པ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བར་ཁ་གཡར་ས་ཞིག་བྱེད་མི་ཐུབ་དུས། ནུབ་ཕྱོགས་ཀྱིས་དངུལ་མི་སྟེར་ལ། ཚོགས་ཁག་དེའི་འཚོ་གནས་ལ་རྒྱབ་བཅོལ་ས་མེད། དེའི་རྐྱེན་གྱིས་ཉེ་ལམ་ཏཱ་ལའི་ཚོགས་ཁག་གིས་ག་ས་གང་དུ་“ནུབ་ཕྱོགས་ཀྱིས་བོད་ཀྱི་མིག་སྔའི་གནས་བབ་ཛ་དྲག་ལ་དོ་སྣང་བྱེད་འདུག”ཞེས་འཁྱམ་བཤད་གདོལ་བཞིན་ཡོད། ཨོ་སི་ཁྲུ་ལི་ཡའི་མཚམས་སྦྱོར་ཚན་པས་བཙན་བྱོལ་སྲིད་གཞུང་གི་གཙོ་འཛིན་གསར་བར་བཅར་འདྲི་བྱེད་སྐབས། ཁོས་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་དང་ཨ་རི་སྲིད་གཞུང་གིས་འཐུས་མི་ཚོགས་པ་བོད་ལྗོངས་སུ་མངགས་གཏོང་བྱས་ཏེ། བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་ཡང་ཡང་བཏོན། དེ་མིན་བཙན་བྱོལ་གྲོས་ཚོགས་ཀྱིས་བོད་ཀྱི་ལོ་སར་སྐབས།  འབོད་སྐུལ་ཁག་བདུན་བཏོན་པ་སྟེ། ཁག་དང་པོ་དང་གཉིས་པ་ནི་བོད་ལྗོངས་ནས་དམག་མི་ཕྱིར་འཐེན་བྱེད་དགོས་པ་དང༌། རང་ཚུགས་ཅན་གྱི་མི་སྣའི་འཐུས་མི་བོད་ཁུལ་དུ་བསྐྱོད་དེ་ཡུལ་དེའི་གའི་གནས་ཚུལ་ངོ་མར་རྟོག་ཞིབ་བྱེད་དུ་འཇུག་པར་ཁས་ལེན་དགོས་ཞེས་བཏོན་ཡོད།

ནུབ་ཕྱོགས་ཀྱི་སྟོབས་ཤུགས་དང་མཚམས་སྦྱོར་ཚན་པ་འགས་ཕལ་ཆེར་ལྷ་སར་བྱུང་བའི་“༣·༡༤”དོན་རྐྱེན་ཁྲོད་སྐུར་འདེབས་དང་སྒྲོ་འདོགས་བྱས་པའི་གསར་འགྱུར་གྱིས་ཀྲུང་གོའི་མི་དམངས་ཡོངས་ལ་ཁོང་ཁྲོའི་མེ་ལྕེ་འབར་དུ་བཅུག་པའི་མཇུག་འབྲས་བརྗེད་སོང་བ་འདྲ།  ཡང་མུ་མཐུད་ནས་ཀྲུང་གོའི་བོད་ཁུལ་གྱི་ཟིང་འཁྲུག་ཇེ་དྲག་ཏུ་གཏོང་བ་དང༌། ཀྲུང་གོའི་བོད་མི་འགོག་ཟོན་ནན་མོའི་འོག་བོད་ཀྱི་ལོ་སར་གཏོང་བ་སོགས་རྣ་བས་ཐོས་ན་སྐྱི་གཡའ་བའི་གསར་འགྱུར་སྤེལ་ཡོད་པ་མ་ཟད། ཐ་ན་ར་མགོ་ལུག་སྦྱར་གྱི་ཚུལ་དེ་སླར་ཡང་འཁྲབ་བྱུང༌། ཟླ་ ༡ པོའི་ཚེས་ ༢༨ ཉིན་《ཉིག་ཡོག་དུས་བབ་ཚགས་པར་》སྟེང་ཁ་བྱང་ལ་རྒྱ་མིས་རིགས་རུས་ལ་གཉའ་གནོན་དང་བཀག་སྡོམ་བྱས་ནས་ཟིང་འཁྲུག་བསླངས་ཞེས་པའི་གསར་འགྱུར་ཞིག་བསྒྲགས་པའི་ནང་དུ། དྲག་ཆས་བསྣབས་པའི་ཀྲུང་གོའི་དམག་མིས་ཁྲེང་ཏུའུ་རུ་སྐོར་ཞིབ་བྱེད་པའི་ཚོན་ལྡན་འདྲ་པར་ཞིག་སྦྱར་ཡོད། དོན་དངོས་སུ་འདྲ་པར་དེའི་ས་གནས་དངོས་ནི་ཁྲེང་ཏུའུ་མ་ཡིན། ཧྥ་རན་སིའི་བརྒྱང་ཤིང་ཚགས་པར་གྱིས་བོད་ཀྱི་ལོ་སར་སྐབས་སུ།  ཏཱ་ལའི་བླ་མའི་ཆབ་སྲིད་འཐབ་རྩོད་ཚོགས་པར་རྒྱབ་སྐྱོར་བྱེད་ཅེས་པའི་གསར་གཏོད་པར་ཆེད་དུ་བཅར་འདྲི་བྱས་པ་ཅིག་བཀོད་ཡོད་པ་ལས། ཕྱི་རྒྱལ་བ་འདིས་རང་སྲེག་ནི་འོད་གསལ་གྱི་མཆོད་བྱ་ཡིན། མི་གཞན་ལ་ཆ་བཞག་ནས་བཤད་ན་དེ་ནི་འོད་གསལ་དུ་འགྱུར་བའི་སྔ་ལྟས་ཡིན་ཞིང༌། དེས་མིའི་རིགས་རྨོངས་པ་ནས་བྱིངས་དག་པར་འགྱུར་བ་མ་ཟད། ཤེས་རབ་འཕེལ་ཞིང་རྟོགས་པ་ཐོབ་པའི་ལམ་དུ་བསྐྱོད་པར་རམ་འདེགས་བྱེད་ཐུབ་པ་ཡིན། བོད་མི་ལ་ཆ་བཞག་ནས་བཤད་ན། རང་སྲེག་ནི་བརྩེ་བ་དང་ཞི་བདེའི་བྱེད་སྤྱོད་ཅིག་ཡིན་ཞེས་ལབ་འདུག  སྨྱུག་ཐོགས་པས་རང་དབང་མེད་པར་འདྲི་དགོས་པ་ཞིག་ནི། རང་སྲེག་ནི་དེ་ལྟའི་ཡིད་དུ་འོང་བ་ཞིག་ཡིན་ན། ཏཱ་ལའི་བླ་མ་དང༌། བཙན་བྱོལ་སྲིད་གཞུང་གི་གཙོ་འཛིན། དེ་མིན་ཁྱོད་རང་ཉིད་བཅས་ཀྱིས་རང་སྲེག་མི་བྱེད་དོན་ཅི། འདི་ནི་སྨྱུག་ཐོགས་པས་མི་དེ་ཚོ་ཡང་རང་སྲེག་བྱེད་དགོས་པར་འུད་བསྟོད་བྱས་པ་མིན། དེ་ཚོ་ཡང་སྲོག་ལྡན་རེད། སྨྱུག་ཐོགས་པས་བཤད་འདོད་པ་ནི་རང་སྲོག་གཅེས་ཤིང་གཞན་སྲོག་སྲེག་པར་སྐུལ་བ་ནི་ཅི་འདྲའི་སྐྱེས་བུ་ཁྲལ་མེད་ཐ་ཤལ་ཞིག་མ་རེད་དམ།

 

དུས་མཚུངས་སུ། རྒྱལ་སྤྱིའི་སྟེང་དུ་ཡང་ཏཱ་ལའི་ཚོགས་ཁག་གི་དྲག་ཤུགས་འཕེལ་སྟངས་ལ་དོགས་ཟོན་བྱེད་པའི་སྐད་ཆ་ཡང་མང་པོ་བྱུང་འདུག  ཟླ་ ༢ པའི་ཚེས་ ༡༣ ཉིན་《ཏའོ་ཝེ་གསར་འགྱུར》གྱིས་བསྟུད་མར་རྩོམ་དུ་མ་སྤེལ་འདུག  བོད་ཀྱི་བཙན་བྱོལ་སྲིད་གཞུང་གིས་རང་སྲེག་ལྟ་བུའི་དོན་རྐྱེན་ཡ་ང་བ་རྒྱ་ཡན་དུ་གཏོང་བཞིན་འདུག་ལ། དྲག་ཤུགས་འདི་རིགས་སྤྱད་དེ་ངོ་རྒོལ་བྱེད་པ་ནི་བསམ་ཡུལ་ལས་འདས་ཡོད་མེད་ཀྱི་ཆ་ནས་ཚོད་འཛིན་ཤོར་བའི་གནས་སུ་ལྷུང་འདུག དུས་ཡུན་རིང་བོ་སོང་རྗེས།  བཙན་བྱོལ་བོད་མི་ཁག་ཅིག་འཇིགས་སྐུལ་རིང་ལུགས་ཀྱི་ལམ་དུ་ཞུགས་པར་ཉེན་ཁ་ཡོད། ཁོ་ཚོར་ཐོག་མར་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་ཅུང་ཐོབ་ཐུབ་ཡོད་པ་དེ་ཡང་རིམ་བཞིན་ཉམས་རྒུད་དུ་འགྱུར་རྒྱུ་རེད་ཅེས་བཀོད་འདུག འགོ་གཙོ་གསར་བས་བསམ་བཞིན་དུ་དོན་སྣེ་བསླངས་པ་དང༌། དོན་དག་ཇེ་ཆེར་བཏང་སྟེ། པེ་ཅིང་ཕྱོགས་ལ་གནོན་ཤུགས་སྟེར་བཞིན་པ་འདྲ་ཡང༌། ནུབ་ཕྱོགས་སྲིད་དོན་པས་ད་ལྟའི་དྲག་ཤུགས་ཇེ་ཆེར་འགྲོ་བ་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པ་དང༌། ཉིན་ཞིག་ལ་དེ་ལས་ཚབས་ཆེན་དུ་འགྲོ་པར་སྐྲག་ནས་རང་གི་མཚན་སྙན་ལ་བསམ་ནས་དོན་དག་དེར་ཁ་ཡ་དེ་འདྲ་མ་བྱས་པ་རེད།

དྲག་ཤུགས་མ་ཡིན་པའི་དྲག་ཤུགས་ཞེས་པ་ནི་ཏཱ་ལའི་བླ་མས་རྒྱལ་སྤྱིའི་སྟེང་རང་ལ་སྒྲོ་བཏགས་པའམ། གཞན་གྱི་སྙིང་རྗེ་རུམ་པར་བརྩོན་པའི་མཚོན་རྟགས་ཤིག་ཡིན། ཡིན་ན་ཡང་ཏཱ་ལའི་བླ་མའི་ཁ་བྲལ་རིང་ལུགས་ཀྱི་ལོ་རྒྱུས་ལ་ཞིབ་ཏུ་བལྟས་ན།  ༡༩༥༩ ལོར་ངོ་ལོག་ཟིང་འཁྲུག་བསླངས། ཕྱིས་སུ་ལོ་བཅུ་ཕྲག་རིང་ལ་མཐའ་མཚམས་དྲག་ཆས་ཀྱི་འཐབ་རྩོད་བསླངས། ༡༩༨༧ ལོ་ནས་ ༡༩༨༩ ལོར་ལྷ་སའི་ཟིང་འཁྲུག་བསླངས། ༢༠༠༨ ལོར་ལྷ་སར་“༣.༡༤”ཡི་དོན་རྐྱེན་བསླངས། དེ་དག་ཚང་མ་དྲག་ཤུགས་མ་སྤྱད་པ་གཅིག་ཀྱང་མེད།  ཏཱ་ལའི་བླ་མ་ད་ལྟ་དགོང་ལོ་ ༧༧ ཡིན་འདུག  བོད་རང་བཙན་གྱི་བྱ་གཞག་ལ་གྲུབ་འབྲས་ད་དུང་ཅུང་ཙམ་ཡང་མེད། ཆབ་སྲིད་ཀྱི་དཀའ་གནས་ལས་ཕྱིར་འབུད་ཆེད། ཚོགས་ཁག་དེས་བོད་རང་བཙན་གྱི་འབོད་སྐད་དེ་ཡང་བསྐྱར་ཇེ་དྲག་ཏུ་གྱུར།  ཡ་ང་བ་དང༌། དྲག་ཤུགས་ཀྱི་བྱེད་ཐབས་སྤྱོད་པ་ཉིན་རེ་བཞིན་ཛ་དྲག་ཏུ་གཏོང་བ་དང༌། རྒྱལ་སྤྱིར་དོ་སྣང་བྱེད་དུ་བཅུག་ཏེ་ཀྲུང་གོའི་སྲིད་གཞུང་ལ་གནོན་ཤུགས་བསྐྲུན་པ་རེད། ཡིན་ན་ཡང་ཏཱ་ལའི་དྲག་ཤུགས་སྤྱོད་པའི་བྱེད་ཐབས་ཚང་མས་སྔོན་ཆད་རྒྱལ་ཁ་ལོན་མྱོང་མེད་ལ། ཕྱིས་འབྱུང་ཡང་ལོན་མི་སྲིད། དེ་རིང་དྲག་ཤུགས་ཀྱི་དོན་རྐྱེན་ཕྱི་གསལ་ནང་གསལ་གྱིས་བསྒྲགས་པའི་རྣམ་པ་དེ་ནི་ཆབ་སྲིད་ཀྱི་རང་སྲོག་གཅོད་པ་དང་ཀུན་ནས་མཚུངས། ད་ལྟ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་ཞིང༌། སྤྱི་ཚོགས་བརྟན་ལྷིང་ཡིན་ལ། མི་དམངས་རྣམས་བདེ་སྡོད་ལས་ལ་བརྩོན་བཞིན་མཆིས། སེར་སྐྱ་ལས་རིགས་ཁག་གིས་ཏཱ་ལའི་ཚོགས་ཁག་གི་གཏུམ་སྤྱོད་ལ་ཧ་ཅང་སྡང་སེམས་ཆེན་པོ་སྐྱེས་ཏེ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། དེ་བས་ཏཱ་ལའི་བླ་མའི་འཁྲབ་སྟོན་དེས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཁོ་རང་ཉིད་ཀྱི་དྲག་ཤུགས་མ་ཡིན་པའི་དྲག་ཤུགས་ཀྱི་རང་གཟུགས་དམར་རྗེན་དུ་སྟོན་པ་ལས་གཞན་ཅི་ཡང་མིན་ནོ། །

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 26

  1. བློ་འཕེལ། says:
    ལོ་ 13 སྔོན།

    ཡེ་རྡོ་ཁྱོད་ཀྱི་བཤད་པ་རྣམས་ཁ་ཕྱིར་ལོགས་ནས་རང་ཉིད་ལ་དཔེར་ལོངས་དང་གཞི་བསམ་བློ་འཁོར་སྲིད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་། ཡེ་རྡོ་ཟེར་བའི་མིང་ཐོག་ནས་༼ དྲག་ཤུགས་ལ་སྐུལ་བ་ནི་ཏཱ་ལའི་ཚོགས་ཁག་འཕྲལ་མར་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན༽ཞེས་པ་ནི། སྨྱོ་བའི་སྨྱོ་གཏམ་མིན་ན། ཧམ་བཤད་འདི་ལས་ཆེ་བ་ངས་མཐོང་མ་སོང་ལགས།

    Reply
  3. སྒྲོལ་མ་མེ་ཏོག says:
    ལོ་ 13 སྔོན།

    རྐྱེན་ངན་གྲོགས་ཤར་རང་རེད། བོད་ཕྱི་ལོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་སའི་བརྒྱུད་ལམ་གཞན་དག་ཚང་མ་བཀག་ཚར་སྐབས། ཡེ་རྡོར་གྱིས་བཙན་བྱོལ་བོད་གཞུང་གི་གནས་ཚུལ་གང་འཚམ་ཞིག་འབྲི་མ་ཤེས་ཁུལ་གྱིས་བྲིས་འདུག་པ་དེ་ཧ་ཅང་ཡག་པོ་རེད།
    བོད་ནང་སྐུ་བསྲེགས་དོན་རྐྱེན་བྱུང་སྐབས་༸གོང་ས་མཆོག་དང་། ཀིརྟི་རིན་པོ་ཆེ། བཀའ་ཁྲི་སོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གནས་ཚུལ་ཁྱབ་བསྒྲགས་གཏོང་གི་ཡོད་སྐོར་དང་། ཕྱི་སྡོད་བོད་མིའི་འདུས་སྡོད་ས་ཁུལ་གང་སར་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པའི་གནས་ཚུལ་འདི་ཚོ་གཞིས་ལུས་བོད་མི་ཚོས་གསན་སྐབས་ཆིག་བསྒྲིལ་གྱི་བསམ་བློ་ཞིག་ཅིས་མི་སྐྱེད།
    བསྟོད་མ་ཤེས་པ་ཞིག་གིས་བསྟོད་པ་ལས། སྨད་མ་ཤེས་པ་ཞིག་གིས་སྨད་ན་དགའ། ཟེར་བ་ཅིས་མི་བདེན།
    ད་དུང་འདི་ཕྱོགས་ཀྱི་གནས་ཚུལ་སྐོར་མང་ཙམ་ཕྲིས།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    རྟེན་འབྲེལ་བཟང་གི་ཡ། རྒྱ་དམར་མགོ་རྟིང་ལོག་པའི་རྟེན་འབྲེལ། ༧ གོང་ས་སྐུ་ཚེ་བརྟན་པའི་རྟེན་འབྲེལ། རྒྱ་ནག་ཆོས་ལྡན་ཞིང་ལ་འགྱུར་བའི་རྟགས། ཆོལ་གསུམ་ཆིག་སྒྲིལ་གྱི་མདུད་པ་དམ་དུ་འགྲོ་བའི་མཚན་མ། བོད་རང་བཙན་ཐོབ་པའི་རྟེན་འབྲེལ། ༧ གངས་ཅན་ལྷ་སྐལ་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོར། སྒྲོ་བཏགས་དང་སྐུར་འདེབས་ཇི་ལྟར་བྱེད་ནའང་ཆོལ་གསུམ་ཆིག་སྒྲིལ་དང་རྒྱ་ནག་དང་ཁ་བྲལ་བའི་རྒྱུ་ལས་མེད། སྨོན་ལོག་ལས་འབྲས་ཁས་མི་ལེན་པ་ལྟ་ཅི། ཆོས་དུག་ཏུ་རྩི་མཁན་དྲག་སྤྱོད་རྒྱ་དམར་འདིའི་བྱ་སྤྱོད་འདི་མྱུར་དུ་སྐུམ་སྟེ་གངས་ལྗོངས་བསྟན་པའི་མེ་རོ་སླར་གསོས་ཏེ་རྫོགས་ལྡན་ཞིང་ལ་སྒྱུར་བའི་དུས་ལ་སླེབ་པའི་རྟགས།  གུང་ཁྲན་ཏང་གིས་ཁྱོག་བཤད་དང་ལོག་བཤད་ལ་སུས་ཀྱང་ཡིད་ཆེས་མཁན་ཞིག་ཕར་ཞོག་ཐེ་ཚོམ་ཙམ་ཡང་སྐྱེས་མཁན་ངེད་བོད་པ་ཚང་ལ་མེད་ཞེས་ཁ་ཚོན་བཅད་ནས་ཐག་ཆོད། གུང་ཁྲན་གིས་སྔར་ནས་ད་བར་སྐྱག་རྫུན་ཤ་སྟག་མ་གཏོགས་བཤད་མི་སྲིད།  ང་ཚོ་བོད་མིའི་རྩ་བའི་བླ་མར་ལོག་པར་ལྟ་མཁན་མཉམ་དུ་དུས་ནམ་ཡང་ཆིག་སྒྲིལ་འབྱུང་མི་སྲིད། ༧ གོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག སྲིད་སྐྱོང་སེང་གེ་དབུ་འཕང་མཐོ་སྟེ་མཛད་འཕྲིན་རྒྱས། བོད་རང་བཙན་མྱུར་དུ་ཐོབ་པར་ཤོག།

    Reply
  5. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    དེ་རིང་གི་འཆལ་གཏམ་ངན་པ་བྲི་མཁན་ཡེ་རྡོ་ཟེར་བ་དེ། བོད་གངས་ལྗོངས་ལ་ལྟེ་ཁྲག་འཐོར་བ་ཞིག་དང་བོད་རིགས་ཅིག་ཡིན་གྱི་མ་རེད། གལ་སྲིད་ཡིན་ན་ཁོ་རུ་པ་མེད་པ་ཤིག་ལྟ་བུ་ཡིན་གྱི་རེད། ཉི་མ་དེ་རིང་ནས་ཟུང་ཁོ་བོད་པ་ཡིན་ལབ་ན་ངོ་ཚ་མེད་པ་ཁྱི་རེད། ཁོས་ཕ་མེས་ཡང་མེས་རྣམས་ཀྱི་ཞབས་འདྲེན་ཤ་ཚ་སྙིང་རྗེ། ཨ་ཁ་ཁ་ཁ།།

    Reply
  6. བཀྲ་ཤིས། says:
    ལོ་ 13 སྔོན།

    ཉག་རུང་བསྟན་རྣམ་ལགས། སྐད་ཆ་མགོ་རྔ་མེད་པ་མ་བཤད་རོགས། བང་ཆེན་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་ལ་དུས་བབ་གསར་འགོད་པའི་འདི་རེད།

    ༼༼ཕྱི་ཚེས་ ༡༤ ཉིན་གསར་འགོད་པས་བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ཉེ་ལམ་གསེར་རྟ་ནས་ཡིན་པའི་མི་ཞིག་གིས་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་མཁོ་སྤྲོད་བྱས་སོང་། གནས་ཚུལ་སྤྲད་པ་བཞིན་ང་ཚོས་ཁྱབ་བསྒྲགས་བྱས་པ་རེད། སྐབས་དེར། ང་ཚོས་དེ་ལས་ལྷག་ཅིག་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྗེས་བདེན་པ་ཡིན་མིན་གྱི་གནས་ཚུལ་ཞིག་ལྷག་ཡོད་སྟབས། ང་ཚོས་བསྐྱར་དུ་གནས་ཚུལ་ལ་ཞིབ་འཇུག་བྱས་ཀྱང་། གསེར་རྟ་རྫོང་གི་ཁ་པར་བརྒྱུད་ལམ་ཚང་མ་བཀག་ཡོད་སྟབས། གནས་ཚུལ་གསལ་པོ་ཞིག་རག་གི་མི་འདུག བོད་ཕྱི་ལོགས་སུ་སྡོད་མཁན་ཚོས་གནས་ཚུལ་དེའི་སྐོར་གསལ་པོ་ཤེས་ཀྱི་མི་འདུག” ཅེས་བརྗོད་བྱུང་། ཡང་ཁོང་ལ་གནས་ཚུལ་ཐོག་མར་མཁོ་སྤྲོད་གནང་མཁན་སུ་ཡིན་མིན་དང་། ད་ཆར་ཁོང་ལ་འབྲེལ་ཇི་ལྟར་གནང་དགོས་ཚུལ་དྲིས་པར “ ང་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེ་གསེར་རྟ་ནས་རེད། ཁོང་ལ་ཁ་པར་ཡོད་མེད་ཧ་གོ་མ་སོང་། ཡིན་ནའང་ད་ཆར་མི་དེ་ཕྱིར་ཕ་ཡུལ་དུ་ལོག་གི་ཡོད་ས་རེད” ཅེས་བརྗོད་བྱུང༽༽

    སྐབས་དེ་དུས་ནས་བཟུང་གསེར་རྟ་ལ་ཁ་པར་བཀག་ཡོད་ཙང་སུས་ཀྱང་འབྲེལ་བ་བྱེད་མ་ཐུབ་པ་རེད།
    གནས་ཚུལ་ཡོངས་ཁུངས་ངོ་མ་མགོ་ལོག་ནས་པེ་ཅིང་ལ་ཁ་པར་བརྒྱབ་པེ་ཅིང་ནས་རྒྱ་གར་ལ་ཁ་པར་བརྒྱབ་པ་ཞིག་རེད།
    རྒྱ་གར་ནས་མི་གཅིག་གིས་གནས་ཚུལ་སྤྲོད་མཁན་ཁོང་ལ་དོགས་པ་གང་ཡང་ཡོད་མརེད་མོད། ཁོང་བོད་ལ་འགྲོ་མཁན་ཡིན་ཙང་མིང་ཁ་གསལ་བཤད་མ་་བདེ་བ་རེད། ཁོང་བླ་རུང་གི་ལོ་༢༠་ཡར་མར་བཞུགས་མྱོང་ཡོད་པའི་གྲ་རྒན་པ་འབྲོག་རྒན་པ་གླེན་པ་ཟིགརེད། གལ་ཏེ་ཁོང་རྒྱ་མིས་མངགས་ནི་ཡིན་པར་་་་ཉག་རོང་བསྟན་རྣམས་ལ་ཁུངས་སྐྱེལ་ཡོད་ཚེ་་ཁྱེད་རྡ་རམ་ས་ལར་ཡོད་ན་བླ་རུང་གི་གྲ་པ་དང་་དེ་མིནཁོ་དང་ཕ་ཡུལ་གཅིག་པའི་གསེར་རྟ་བ་རྣམས་དང་འབྲེལབ་་བྱེད་ཆོག རྒྱུ་མཚན་མེད་ན་དེ་འདྲ་མ་གསུང་རོགས། མི་དེ་ད་སྐབས་བོད་ལ་འགྲོ་དགོས་པས་མིང་གསལ་བོ་བཤད་མ་བདེ་བ་རེད། ཡིན་ན་ཡང་ཁོང་ནི་བླ་རུང་གི་གྲ་པ་རྣམས་དང་གསེར་རྟ་བ་ཡོངས་ཀིས་ངོ་ཤེས་པ་རེད།

    བྱས་ཙང་ཁོང་ལ་དོགས་སུས་ཀྱང་མི་བྱེད་ལ་པེ་ཅིང་ནས་རྒྱ་གར་ལ་ཁ་པར་གཏོང་མཁན་ཁོ་ལ་ལ་ཡང་དོགས་པ་གང་ཡང་མེད།
    ཡིན་ན་ཡང་གསེར་རྟ་ལ་ཁ་པར་བརྒྱུད་ལམ་ཚང་མ་བཀག་ཡོད་པའི་དུས་སྐབས་དང་བསྟུན་ནས་མགོ་ལོག་ནས་པེ་ཅིང་དུ་ཡོད་པའི་བོད་པ་དེ་ལ་གནས་ཚུལ་དེ་སྤྲད་པ་བཞག་པ་རེད། སྤྲོད་མཁན་དེ་ལ་དོགས་པ་ཡོད་རེད་་རྒྱ་མིས་བཟོས་པ་ཡིན་ནམ་སྙམ་པ་ཟིག་ཡོད་རེད།

    Reply
  7. བཀྲ་ཤིས། says:
    ལོ་ 13 སྔོན།

    བྲག་མགོ་ཡར་ལངས་བྱེད་ཉིན་བོད་ནངལ་ཁ་པར་ལམ་ནས་འབྲེལ་ཐད་བྱེད་ཀི་ཡོད་ཙང་གནས་ཚུལ་དག་དག་ཤེས་ཀི་ཡོད་རེད་མོད།
    གསེར་རྟ་ཡར་ལངས་སྐབས་སུ་ཁ་པར་བརྒྱུད་ལམ་རྦད་དེ་བཅད་ཡོད་ཙང་འབྲེལ་བྱེད་ཐུབ་མེདཔ་རེད། ་རྒྱ་ནག་པེ་ཅིང་བརྒྱུད་ནས་མི་་༣་ལེ་སྲེག་པའི་སྐད་ཆ་བྱུང་བ་རེད།

    ཉེ་ལམ་བྲག་མགོ་སེར་སྐྱ་མི་དམངས་ཀྱིས་ཞི་རྒོལ་བྱུང་སྐབས་རྒྱ་ནག་་་་་་་་་་་་གསར་ཁང་གིས་བྲག་མགོའི་དགེ་འདུན་པ་གསུམ་གྱིས་རང་སྲེག་བྱས་འདུག་ཟེར་ནས་གསར་འགྱུར་སྤེལ་འདུག སྐབས་དེར་ཕྱི་ཕྱོགས་ཀྱི་གསར་ལམ་གང་དུའང་བྲོག་མགོར་མེར་སྲེག་གནས་ཚུལ་བྱུང་ཡོད་སྐོར་བཀོད་མི་འདུག ཐེངས་འདིའི་ཉམས་མྱོང་རྒྱུད་ནས་ཕྱིས་སུ་དོག་ཟོན་བྱེད་དགོས།

    ཉེ་ལམ་བྲག་མགོའི་དོན་རྐྱེན་སྐབས་ཀྱི་རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧ་གསར་འགྱུར་འདི་རེད།
    四川炉霍县发生聚集打砸事件 不法分子1死4伤

    2012年01月24日15:01 来源:新华网

      新华网成都1月24日电 1月23日下午两点左右,四川省甘孜州炉霍县发生聚集、打砸事件,在有不法分子“将有3名僧人自焚,不能把遗体交给政 府处理”造谣煽动下,上百名藏族僧俗群众在县城聚集,部分人员手持刀具,并向值勤民警和武警投掷石块,冲击公安派出所,砸毁2辆警车和2辆消防车,打砸商 铺和银行取款设备。
      事件造成5名公安民警受伤,不法分子1死4伤,伤者已送医院救治。经过做工作,聚集人员于当日19时许陆续散去。目前,炉霍县城秩序已恢复正常。

    Reply
  8. བྱ་གཞུང་འཇམ་བྷེ says:
    ལོ་ 13 སྔོན།

    བོད་ནང་གི་སྒེར་གཉེར་དྲ་ཚིགས་སོགས་གཞི་བྱེས་གཉིས་ཀྱི་འབྲེལ་ལམ་ཁག་རྒྱ་གཞུང་གིས་སྒོ་བརྒྱབ་ཡོད་པ་རེད། དེར་བརྟེན་བོད་ནང་གི་བོད་མི་རྣམས་ཀྱིས་ད་སྐབས་གཞི་བྱེས་གཉིས་ཀྱི་ཛ་དྲག་གི་གནས་ཚུལ་གང་ཡང་གོ་རྟོགས་བྲལ་བསྡད་ཡོད་པ་རེད། ཡིན་ན་ཡང་ལྟོས་དབང་གིས་ཡེ་རྡོ་ཟེར་བ་ཞིག་གིས་རྒྱ་གཞུང་ལ་ཤ་ཚ་ཚ་དང་ངེད་གཞུང་ལ་ངན་ནག་བྱས་ཏེ་ངེད་ཚང་གི་ཛ་དྲག་གི་དངོས་ཡོད་གནས་སྟངས་ཚང་མ་ཕྱིར་བཏོན་འདུག རང་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་བདེན་པའི་མེ་ལྕེར་བྱིང་ཡོད་པ་རྣམས་དང་གོང་ས་མཆོག་དང་སྲིད་སྐྱོང་སོགས་ཀྱིས་ཕྱི་ལོགས་སུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་དག་གཞི་སྡོད་བོད་མི་རྣམས་ཀྱི་ཉན་ལམ་དུ་བཞག་པ་རེད། ཡེ་རྡོར་གྱིས་ཅི་ཙམ་གྱིས་སྒྲོ་འདོགས་དང་སྐུར་འདེབས་གཞི་མེད་ཉེས་འཛུགས་བྱས་བ་ཡིན་ན་ཡང་གཞི་ལུས་རྒྱ་མི་དམངས་རྣམས་ཡིད་གཏན་ནས་ཆེ་ཀི་མ་རེད། རྒྱ་གཞུང་གི་བོད་ལྗོངས་དྲ་བར་མི་སུས་ཀྱང་གང་འདོད་ལྟར་ལྟ་ཆོག་གི་རེད། ཡེ་རྡོར་གྱིས་བཤད་པ་དེ་དག་ང་ཚོ་ལ་རྐྱེན་ངན་གྲོགས་ཀྱིས་སོང་བ་རེད། འཛམ་གླིང་ནས་ཞི་བདེ་བཟང་རྟགས་ཐོབ་པའི་སྐྱབས་མགོན་ཞིག་ལ་འདི་ལྟར་སྐྱོན་འཛུགས་དང་ཉེས་འགེལ་བྱས་ན་སུ་ཞིག་གིས་རྣ་ལམ་དུ་འགྲོ་ཀི་རེད། ད་དུང་ཁྱེད་ཚོས་མུ་འཐུད་དུ་དེ་ལྟར་ཤོད་དང་ང་ཚོའི་བ་སྤུ་ཙམ་ཡང་འགུལ་ཀི་མ་རེད། ༧གོང་ས་མཆོག་ལ་དད་གུས་བླ་ལྷག་ཏུ་ཆེ་བའི་འཛམ་གླིང་མི་དམངས་དང་ཁྱད་པར་དུ་གཞི་སྡོད་བོད་རྒྱ་མི་རིགས་ཀྱི་སེམས་ལ་ན་ཟུག་རང་རྒྱལ་ལ་ཞེན་མཁོན་ཇེ་ཆེ་རུ་བཏང་བ་ལས་གཞན་གང་ཡང་མ་རེད། ད་དུང་ཡེ་རྡོར་ལྟ་བུའི་རྒྱ་གཞུང་ལ་ལྷག་བསམ་དཀར་ཞིང་ཡིད་གཏོད་ཆེ་བའི་མི་ཡོད་ན་གང་ཐུབ་བརྗོད་རོགས་ཟེར་བ་ལས་གཞན་བཤད་ཡ་་ཅིང་མེད།

    Reply
  9. ཚེ་རིང། says:
    ལོ་ 13 སྔོན།

    དེང་སྐབས་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་དམར་ཕྱོགས་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་ཡེ་རྡོ་ཞེས་པའི་མིང་ཐོག་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཁ་རྡུང་གཏོང་བ་འདིས་བོད་མི་ནུས་ཤུགས་ཡོད་པ་མཚོན་གྱི་འདུག་ལ། ད་དུང་ཁོང་ཚོས་ཁ་རྡུང་དེར་ལྡོག་ཕྱོགས་ནས་ནུས་པ་ཐོན་ཏེ་བོད་མི་ཚོ་ཁོང་ཁྲོ་ལངས་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་རུ་འགྲོ་བའི་ཉེན་ཁ་ཡང་ཡོད་པ་རེད།
    ད་དུང་ཁ་བརྡ་དྲ་བའི་ཐོག་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་བློ་བཟང་ཆོས་འབྱོར་གྱིས་ཉིན་ལྟར་བཀའ་ཁྲིར་ཁ་རྡུང་གཏོང་བ་དེ་རྒྱ་ནག་ལ་མཐུན་འགྱུར་དུ་གྱུར་ཡང་། ཕན་ཐོགས་ངེས་ཅན་ཡོད་མི་སྲིད།
    བརྒྱུད་ལམ་གྲགས་ཅན་དུས་བབ་ཀློག་མཁན་ཚོས་མུ་མཐུད་དགྲ་ཕྱོགས་ལ་ཁ་གཏན་དེ་ལན་འདེབས་གནང་རོགས།

    Reply
  10. རང་དབང་རྒྱལ། says:
    ལོ་ 13 སྔོན།

    གང་ལྟར། རྩོམ་ཡིག་འདིའི་ཤུགས་ནས། ༸གོང་ས་མཆོག་གི་སྟོབས་ཤུགས་དང་གཟི་བརྗིད་ལ་འགྲན་བཟོ་མ་ཡོང་བའི་ཉམས་འགྱུར། སྲིད་སྐྱོང་གསར་བའི་སྲིད་བྱུས་དང་འཇོན་ཐང་ལ་ཞེད་སྣང་སྐྱེས་པ། ཞོར་དུ། བཀའ་ཟུར་ཀིརྟི་རིན་པོ་ཆེའི་གསུང་བཤད་གནད་དོན་ཐོག་ཏུ་འཁེལ་བ། ཡང་། ཀིརྟིའི་བྱེས་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གི་ནུས་ཐོན་བསྟན་འདུག

    Reply
  11. ཉག་རོང་བསྟན་རྣམ། says:
    ལོ་ 13 སྔོན།

    ད་རིང་རྒྱ་གཞུང་གི་ཁྱི་རྔ་ཕྱི་ལ་ཐོན་སོང་། བྲག་མགོ་རྫོང་དང་གསེར་རྟ་རྫོང་དུ་བོད་མིས་རང་ལུས་མེར་བསྲེག་བཏང་ཚུལ་དཀྲོགས་གཏམ་བཟོ་མཁན་རྒྱ་གཞུང་ཡིན་པ་ར་སྤྲོད་བྱས་སོང་།
    ངས་རྩད་ཞིབ་བྱས་པ་ལྟར་ན། གསེར་རྟ་རྫོང་དུ་མེར་བསྲེགས་བཏང་སྐོར་གྱི་གནས་ཚུལ་དེ་དང་པོ་སྤྱི་འཐུས་རྒྱུན་ལས་ནང་མཁོ་སྤྲོད་བྱེད་མཁན་དེ་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་རེད་ཟེར། བོད་པའི་གསར་ལམ་ཁག་ཏུ་གནས་ཚུལ་སྤྲོད་མཁན་ཡང་བོད་ཀྱི་བང་ཆེན་གསར་ཁང་ཡིན་རབས་འདུག
    གསར་འགོད་པ་དཔལ་ལྡན་གྱིས་གནས་ཚུལ་དེའི་འབྱུང་ཁུངས་སྐོར་ལ་བང་ཆེན་རྩོམ་སྒྲིག་ལས་རོགས་ལ་དྲི་བ་བཏོན་པའི་ལན་དུ་། “ང་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེ་གསེར་རྟ་ནས་རེད། ཁོང་ལ་ཁ་པར་ཡོད་མེད་ཧ་གོ་མ་སོང་། ཡིན་ནའང་ད་ཆར་མི་དེ་ཕྱིར་ཕ་ཡུལ་དུ་ལོག་གི་ཡོད་ས་རེད” ཅེས་ལན་བཏབས་འདུག་པས། གནས་ཚུལ་འདི་རྒྱ་གཞུང་གིས་ཆེད་དུ་བཟོས་པའི་དཀྲོགས་གཏམ་ཡིན་པའི་མི་ཚད། མི་དེའང་རྒྱ་གར་ལ་ཆེད་དུ་བཏང་བ་ཞིག་ཡིན་པ་གསལ་བོ་ཆགས་ཡོད།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཁོའི་རྩོམ་ལ་རིན་ཐང་སྤྲོད་མཁན་བོད་པ་རང་རེད། གལ་སྲིད་སུ་གཅིག་གིས་དོ་སྣང་ཙམ་མ་བྱས་པ་ཡིན་ན་ཁོའི་རྩོམ་ལ་རིན་ཐང་མེད་པ་ཆགས་ངེས་ཀྱང་

    Reply
  13. ཅང་མེད། says:
    ལོ་ 13 སྔོན།

    བཀུར་འོས་ཡེ་རྡོ་ལགས་གནས་སྐབས་ཁྱེདལ་ཁག་མེད། རྗེས་སུ་རྒྱ་སྒོར་དམར་པོའི་བཟི་ཁ་དང་ཕྱིན། དྲང་བདེན་དང་གནས་ལུགས་རྒྱུས་ལོན་བྱས་ནས་རྩོམ་ཡིག་རེ་སྤེལ་བ་རེ་བ་ཡིན།

    རང་རིགས་བོད་པ་ཚང་འདི་ལ་གནད་འགག་ཞིག་མི་འདུག
    གང་ལྟར་ང་ཚོའི་མིང་ལ་”བཙལ་བྱོལ”་ཚང་ཟེར་ནས་འབོད་འདུག་ལ། ཁོ་རིང་རྫུན་སྐུབ་ཁོ་རང་ཀི་བཏོན་འདུག དེ་ལས་ལྷག་གཞན་མི་འདུག

    མི་འགྱངས་སྐྱབས་བཅོལ་རྒྱལ་བར་སྨོན།

    Reply
  14. དུག་མདའ། says:
    ལོ་ 13 སྔོན།

    ཨ་ལ་ལ། ད་ཡིན་ན་དངོས་ཡོད་གནས་ཚུལ་ཧ་གོ་སོང་། ད་ང་རྒྱལ་བ་རིན་པོ་ཆེ་ལ་དད་པ་ལོག་སོང་། སྔ་ཕྱིར་བོད་མི་མང་གི་བདེ་སྡུག་ཁོ་ནར་བསམ་པའི་ཡེ་རྡོར་དང་ཀྲུང་གོ་ལ་དད་པ་སྐྱེས་སོང་། མ་འོངས་པར་བོད་མི་ཚོས་མིག་མཆི་མས་བརླན་ནས་ཐོད་པ་གཏུགས་ས་དེ་ཡེ་རྡོར་ཁྱེད་ཡིན། ཡེ་རྡོར་ལགས། སེམས་མ་ཕམ། ཕ་མའི་ངག་ཆད་པ་འདྲ་བྱུང་ན་ལོ་ན་རྒས་རྟགས་རེད། བུ་ཚས་གཅིན་མི་ཚོགས་པ་འདྲ་བྱུང་ན་འབྱུང་བཞིས་གནོད་པ་རེད། ཉིད་ཀྱི་ལྷག་བསམ་དེ་མགོ་ནག་བོད་པས་མ་ཤེས་ན་ཡང་ཆོས་སྐྱོང་སྲུང་མས་ཤེས་ཀྱི་རེད།

    Reply
  15. བྱ་གཞུང་འཇམ་བྷེ says:
    ལོ་ 13 སྔོན།

    ཁུངས་མེད་རྫུན་གཏམ་དང་བདེནཔ་འཁྱོག་བརྗོད་ཀྱི་རིགས་འདི་དག་ལ་བརྡ་ལན་ཁྱོན་ནས་བསྟན་རྒྱུ་ཡོད་་བ་མ་རེད། རྒྱ་ནག་དམར་གཞུང་གིས་ཁོང་ཚོའི་ངན་གཡོ་འདི་དག་ཐག་ཀར་མ་བཤད་པར་མི་ངན་འདི་ལྟ་བུ་བརྒྱུད་ནས་སྒྲོགས་པ་རེད། གཅིག་ནས། འདི་དག་་ཁུངས་མེད་བརྫུན་གཏམ་ཡིན་ཙང་དམར་གཞུང་ལ་ཐད་ཀར་བརྗོད་པས་སྤོབས་པས་མ་མདངས་བ་རེད། གཉིས་ནས། ང་ཚོའི་གཞུང་ལ་མཐོང་ཆུང་བྱས་བ་རེད། གལ་སྲིད་ལན་བཏབ་པ་ཡིན་ན་མི་ངན་འདིའི་འཆལ་གཏམ་ལ་ཆ་འཇོག་བྱས་བ་རེད།   དེར་བརྟེན་སྣང་མེད་དུ་གཡུགས་ཤོག ལན་བཏབ་ཚེ་གཅིག་ལས་མི་དགོས། རྒྱ་གཞུང་གིས་མི་ངན་འདིའི་འཆམ་གཏམ་འདི་དག་ཁུངས་ལུང་གསལ་སྟོན་ཤོག་ཟེར་བ་ལས་གཞན་མེད།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག་ཟེར་རྒྱུ་ཡིན། ངས་འདི་ལྟར་བཤད་དོན་རྩོམ་ཡིག་གི་བརྗོད་བྱ་རྗོད་བྱེད་གནད་དུ་འཁེལ་འདུག་ཟེར་གྱི་མེད་ལ། ནང་དོན་ཁག་ལ་བདེན་པའི་ཆ་འདུག་ཟེར་བ་དེ་བས་ཀྱང་མིན། གཅིག སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་ནུབ་ཕྱོགས་དེང་རབས་པའི་རྩོམ་སྟངས་སྤྱད་དེ། རྒྱུ་ཆ་སྣ་ཚོགས་བཙལ་ཏེ་ར་མགོ་ལུག་སྦྱར་དང་རྡོ་ཆག་བཙན་སྒྲིག་གིས་དཀའ་ལས་མང་པོ་བརྒྱབ་འདུག་ཟེར་བ་དེ་དང་། གཉིས་པ། དུས་རྒྱུན་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱི་ལས་དོན་བྱེད་ཕྱོགས་དང་། སྐད་ཆ་བཤད་སྟངས་སོགས་ལ་ཧུར་ཐག་གིས་ཧྲག་ཉན་རྒྱག་གི་ཡོད་པ་བཟང་གི་ཟེར་བ་འདི་ཡིན།

    འོན་ཀྱང་། ཚད་ངེས་ཅན་ཞིག་ནས་བཤད་ན། རྒྱ་ནག་གི་མིག་ཤེལ་དམར་པོའི་ནང་ནས་ཕྱིའི་འཛམ་གླིང་རྒྱ་ཆེན་པོ་ཞིག་མཐོང་མི་འདུག་ལ། དར་དམར་གྱི་གྲིབ་ནག་ནང་ནས་འགྲོ་བ་མིའི་རིགས་ཀྱི་རང་དབང་དམངས་གཙོའི་གནས་ལུགས་མང་པོ་ཞིག་དེ་བས་ཀྱང་རྟོགས་མི་འདུག འཁྱོག་བཤད་བྱས་ཏེ་བཟང་སྤྱོད་བྲལ་བའི་དམར་སྲིད་ཀྱི་རང་གཤིས་བརྟོལ་བ་དང་། ཚིག་ངན་སྤྱད་དེ་མི་གཤིས་མེད་པའི་རྒྱ་རིགས་ཀྱི་རང་མཚང་བསྟན་པ་ཙམ་ལས་གར་ཡང་སླེབས་མི་འདུག་ལ། གང་ཡང་ཤོད་མི་འདུག

    ང་ཚོས་ཞིབ་འཇུག་བྱེད་དགོས་ས་ནི། ཡེ་རྡོ་ཟེར་བ་དེ་སུ་ཞིག་ཡིན་པ་དང་གང་དུ་གཏོགས་པ། ནམ་རྒྱུན་ཡེ་རྡོ་ཟེར་བ་འདིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་དམངས་ལ་ཉེས་འཛུགས་སྣ་ཚོགས་བྱེད་དགོས་དོན་གང་ཡིན་པ། ཡེ་རྡོ་དང་རྒྱ་ནག་གཞུང་གི་འབྲེལ་བ་ཅི་ཞིག་ཡིན་པ་དང་། ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཡེ་རྡོ་གཉིས་བར་ཐུན་མོང་གི་ལས་དོན་གང་ཞིག་ཡོད་པ་དེ་རེད།

    ནམ་རྒྱུན་བོད་ལྗོངས་རིག་གནས་དྲིལ་བསྒྲགས་ཀྱི་མིང་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་བྱས་ཏེ། བོད་པའི་སྤྱི་ཚོགས་རྙིང་པ་ནི་ཕྱུག་བདག་གྲལ་རིམ་དང་རྒྱལ་པོའི་ལམ་ལུགས། བཀས་བཀོད་རྒྱུད་འཛིན་དང་ཞང་བྲན་ལམ་ལུགས་སོགས་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཏེ། དེང་གི་ཀྲུང་གོའི་བོད་ལྗོངས་ལ་དཔལ་འབྱོར་འཕེལ་རྒྱས་དང་། མང་ཚོགས་ལ་བདེ་སྐྱིད་ལྡན་ཚུལ་རྫུན་བསྒྲིགས་བྱེད་ཀྱི་ཡོད་པ་དེ། རྒྱ་ནག་དབུས་བོད་རིག་པ་ཞིབ་འཇུག་གླིང་རེད་ལ། ལས་ཁུངས་འདིས་བོད་རིག་པ་ཞིབ་འཇུག་གི་མིང་འོག་ནས་ཆབ་སྲིད་ཀྱི་ལས་དོན་སྣ་ཚོགས་བྱེད་ཀྱི་ཡོད་པ་མ་ཟད། རྩོམ་ཡིག་དང་གླུ་གཞས། རི་མོ་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་རིགས་ལ་ཞིབ་འཇུག་དང་དག་ཐེར་བྱེད་མཁན་ཡང་ལས་ཁུངས་འདི་རིང་ཡིན།

    རྒྱ་ནག་པེ་ཅིན་དུ་རྟེན་གཞི་བྱས་པའི་བོད་རིག་པ་ཞིབ་འཇུག་གླིང་ནི། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཡོད་ལ། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དེ་རྒྱ་ནག་དབུས་ཀྲུང་དབྱང་སྲིད་གཞུང་གི་ཐད་གཏོག་ལས་ཁུངས་ཁག་གི་རིམ་པ་གསུམ་པ་དེ་ཡིན། ལས་ཁུངས་འདི་ལ་དབྱིན་ཡིག་ནང་(The United Front Work Department of CPC Central Commitee)ཟེར་གྱི་ཡོད་པ་འདྲ། ལས་ཁུངས་འདིར་རྒྱུན་ལས་སམ་འགན་འཛིན་ ༩ ཡོད་ཅིང་། ད་ལྟའི་ལས་ཐོགས་འགན་འཛིན་དག་ནི། པུའུ་ཀྲང་ཏུའུ་ཆིན་ལིན་དང་ལི་ཏེ་ཀྲུའུ། དབྱང་ཅིན། ཀྲུའུ་ཝེ་ཆོན། ཆོན་ཊེ་ཀྲུའུ། ཡོང་ཡུའུ་ཅིན། ལོའུ་ཊི་ཧོ། ཁྲིན་ཞི་ཆེན། བོད་རིགས་སྲི་ཐར་བཅས་ཡིན།

    དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་འོག་རྒྱ་ནག་ནང་ཁུལ་གྱི་ཚགས་པར་དང་དུས་དེབ་ཁག་ལ་ཞིབ་འཇུག་དང་། མི་རིགས་དང་ཆོས་ལུགས་ལས་དོན་ལ་ཞིབ་འཇུག བོད་དང་སོག་པོ་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་རྟོག་ཞིབ། ཧོང་ཀོང་དང་ཨའོ་མིན། ཐའེ་ཝན་བཅས་ཀྱི་ཚོགས་སྡེ་ཁག་ལ་འབྲེལ་མཐུད་བྱེད་མཁན་བཅས་སྡེ་ཚན་ ༩ ཡོད་ཅིང་། སྡེ་ཚན་འདི་དག་གི་འོག་ཏུ་ཚན་ཁག་ཧ་ཅང་མང་པོ་ཡོད་པ་མ་ཟད་གྲངས་ཉུང་མི་རིགས་ཁག་གི་ལས་བྱེད་དང་ཤེས་ལྡན་མི། བླ་སྤྲུལ་ཡང་མི་ཉུང་བ་ཞིག་ཡོད་ལ། ཞང་ཆེན་དང་ཁུལ་རིམ་པ། རྫོང་དང་ཤིང་བཅས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནས་ཚུལ་དང་། རྩོམ་རིག་སྒྱུ་རྩལ། ཆོས་ལུགས་དང་སྤྱི་ཚོགས་བྱེད་སྒོ་ཁག་མང་ཆེ་བ་ལས་ཁུངས་འདི་དང་འབྲེལ་ནས་ཡོད།

    Reply
  17. ཤིང་ལོ། says:
    ལོ་ 13 སྔོན།

    རྒྱ་ནག་གི་རྒྱུགས་ཁྱི་ཞིག་ཡིན་ན། ལྟོ་བ་འགྲེངས་རྒྱུ་གལ་ཆེ་ལ། རྗེས་སུ་རང་ངོ་གཞན་ངོ་མི་ཆོད་པར་འབ་རྒྱག་རྒྱུ་དེ་རེད། གལ་ཏེ་རྒྱ་ཁྱི་དངོས་གནས་ཤིག་ཡིན་ནའང་། མཐར་རང་གི་ཤ་ཡང་བདག་པོས་ཟོས་འགྲོ་གི་རེད། ཡེ་རྡོར་དང་རྒྱ་གཞུང་གིས་ནམ་ཡང་༸གོང་ས་མཆོག་ལ་སྐྱོན་ཞིག་སྙེད་མེད་པར་གཞི་མེད་སྐུར་འདེབས་ཡིན་པ་ཀུན་གྱིས་ཤེས་ནའང་། རྒྱུན་དུ་འདི་ལྟ་བུའི་སྟུག་དྲི་རེ་གཏོང་བཞིན་ཡོད་པ་རེད། འོན་ཀྱང་སྟུག་དྲི་འདི་དག་ཀྱང་དག་གཙང་གི་སྣ་དབང་ཡོད་པའི་དཔྱོད་ལྡན་གྱི་འཕྲོད་བསྟེན་པ་ཡོད་ཚད་ལ་གནོད་པས། བདེན་དོན་གྱི་སྨན་མཆོག་ངེས་པར་དུ་གནང་དགོས་པའི་དུས་ལ་བབ་ཡོད།

    Reply
  18. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ཉོག་བཤད་འདི་ཐེངས་གཅིག་བཀླགས་པས། རྒྱ་ནག་གཞུང་ཤི་ཁར་འཆི་འདར་རྒྱག་པ་ཟེར་བ་དེའི་གནས་སྟངས་ཐོག་སླེབས་བཞིན་པ་ཚོར་སོང་། བོད་མིའི་བདེན་དོན་ཞི་རྒོལ་གྱིས་ཁོང་ཚོར་ལངས་ནས་འགྲོ་མ་ཤེས། ཉལ་ནས་གཉིད་མི་ཁུག་པ་ཞིག་བཟོས་འདུག ད་སྲིད་དབང་སྒེར་གཅོད་པ་རྩད་གཅོད་བྱེད་པའི་སྔ་ལྟས་ཐོན་བཞིན་པ་རེད། བོད་མི་ཚོ་ཤུགས་རྒྱོབ།

    Reply
  19. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    འདི་ལ་ང་ཚོའི་གཞུང་གིས་ལན་གནད་ལ་འགྲོ་ཐག་ཆོད་ཅིག་རྒྱག་དགོས་རེད།
    ལོ་རྒྱུས་ཁུངས་དག་པ ། བདེན་དཔང་ཆ་ཚང་བ ། རྒོལ་ལན་གནད་ཁེལ་བ །
    བརྗོད་བྱ་གཏིང་ཟབ་པ །རྗོད་བྱེད་ཁ་གསལ་བ ། ལོག་སྨྲ་ཚར་གཅོད་པ །
    གཟུར་གནས་ངེས་རྙེད་པ ། ཡི་གེའི་དག་ཆ་ཚུན་ཆད་ལའང་ཐུགས་དཔྱད་ནན་མོ་བཏང་ནས །

    Reply
  20. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 13 སྔོན།

    ད་ཡིན་ན་འགྲིགས་ཞགས་།འཇིག་རྟེན་གྱི་དཔེ་ལ་བཀའ་སྡོམ་པ་ཤོར་ཁ་བན་
    འདེ་སྨྱོ། ལས་འཁོར་བར་འཁྱམ་པའི་སྔ་ལྟས་རེད། །དབང་ཐང་རྫོགས་ཁར་རྒྱལ་པོ་སྨྱོ། །རྒྱལ་སྲིད་ཤོར་བའི་སྔ་ལྟས་ཡིན། ཟེར་བ་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་སྨྱོ་ཧམ་ཇེ་ཆེར་སོང་བ་ནི་དྲག་སྤྱོད་དང་འཁྱོགས་བཤད་ལ་དགའ་བའི་དམར་གཞུང་མགོ་སྟིང་ལོག་བའི་སྔ་ལྟས་ཤར་བ་རེད། འདི་ནི་བོད་རྒྱལ་ཁབ་ཆེན་པོར་བདེན་བའི་རྒྱལ་ཁ་ཐོབ་པར་ཇེ་ཉེར་འགྲོ་བའི་མཚན་མ་ཤར་བ་རེད། ཡེ་རྡོར་ཟེར་བའི་ཁྱི་ཕྲུག་འདི་ནི་བོད་ངོ་མ་ཞིག་ཡེ་ཡིན་སྙམ་རྒྱ་མི་ཞིག་ལ་བོད་མིང་བཏགས་པ་ཞིག་མི་འགྲོ

    Reply
  21. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 13 སྔོན།

    ད་ཡིན་ན་འགྲིགས་ཞགས་།འཇིག་རྟེན་གྱི་དཔེ་ལ་བཀའ་སྡོམ་པ་ཤོར་ཁ་བན་
    འདེ་སྨྱོ། ལས་འཁོར་བར་འཁྱམ་པའི་སྔ་ལྟས་རེད། །དབང་ཐང་རྫོགས་ཁར་རྒྱལ་པོ་སྨྱོ། །རྒྱལ་སྲིད་ཤོར་བའི་སྔ་ལྟས་ཡིན། ཟེར་བ་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་སྨྱོ་ཧམ་ཇེ་ཆེར་སོང་བ་ནི་དྲག་སྤྱོད་དང་འཁྱོགས་བཤད་ལ་དགའ་བའི་དམར་གཞུང་མགོ་སྟིང་ལོག་བའི་སྔ་ལྟས་ཤར་བ་རེད། འདི་ནི་བོད་རྒྱལ་ཁབ་ཆེན་པོར་བདེན་བའི་རྒྱལ་ཁ་ཐོབ་པར་ཇེ་ཉེར་འགྲོ་བའི་མཚན་མ་ཤར་བ་རེད་

    Reply
  22. གནམ་བུ། says:
    ལོ་ 13 སྔོན།

    ལུས་ལ་ན་ན་རེག་ སེམས་ལ་ན་ན་ཤོད་ ཅེས་པའི་དཔེ་ནང་བཞིན་རེད་ ང་ཚོའི་བོད་དོན་དེ་སྔར་ལས་ལྷག་པའི་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། སྔར་ལས་ལྷག་པའི་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པས ་འདིར་རྒྱ་དམར་གྱི་ན་ཚ་དེའི་གནད་ལ་འཁེལ་བས་སྐད་ངན་ཤོར་བ་རེད་བསམ།
    མ་གཞི་ནས་ ཡེ་རྡོ་ཟེར་བ་དེ་རྒྱ་དམར་གོང་རིམ་གྱི་དབྱུག་པ་ལྟ་བུ་རེད། ཡིན་ན་ཡང་ཁོང་གི་སེམས་བསམ་པའི་ནང་ ང་བོད་རིགས་ཅིག་ཡིན་བསམ་པ་འདི་ག་དུས་ཡིན་ཡང་ཡལ་སྲིད་ཀི་མ་རེད། ལྟོ་གོས་ཀྱི་ཆེད་དུ་རིགས་རུས་གློད་པ་འདི་ཁྱི་སྤྱང་ལས་ཀྱང་རྡུག་འདུག་ག

    Reply
  23. གནམ་བུ། says:
    ལོ་ 13 སྔོན།

    དང་པོ་བོད་ཀྱི་དུས་བབས་ཀྱི་མཆན་གྲོགས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

    ངས་ཐེངས་མང་དུས་བབས་ཀྱི་དེབ་སྐྱེལ་བྱས་ཀྱང་ལམ་ལྷོངས་མ་བྱུང་བས་ དེ་རིང་ཁོང་དྲ་བདག་དང་འབྲེལ་གཏུག་གིས་ལེགས་གྲུབ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ང་རང་གིས་སྔོན་མ་ནས་དུས་བབས་གསར་ཁང་ལ་དགའ་མོས་དང་རྗེས་སུ་ཡི་རང་དྲ་རྒྱ་ཀློག་པ་གསར་ཤོག་ཀློག་པ་སོགས་བྱེད་བཞིན་པ་ཡིན། ཡིན་ནའང་རྒྱ་སྐྱོར་དང་མཐུན་རྐྱེན་ཅི་ཡངསྦྱོར་ཐུབ་མེད། དེ་ལ་དགོངས་འགལ་མེད་ཞུ།
    རྗེས་ཕྱོགས་ངེད་རྣམ་པས་བསམ་ཚོད་བརྗེ་ལེན་དང་ མཉམ་འཛོམས་ཀྱིས་བོད་ཀྱི་དུས་བབས་ཀྱི་དམིགས་ཡུལ་དང་དགོས་མཁོ་ གཞན་ཡང་སོ་སོ་རང་གི་ཆབ་སྲིད་ཀྱི་ཉམས་མྱོང་དང་གོ་རྟོག་གོང་འཕེལ་གཏོང་བས་རེ་བ་ཡོད།

    Reply
  24. བཀྲ་ཤིས། says:
    ལོ་ 13 སྔོན།

    སྤྱིར་བཏང་བཤད་ན་”ཡེ་རྡོར་”དང་”ཚུལ་འོད་”ཅེས་ལོག་ཟེར་དུས་གཏམ་ཁུངས་ལུངས་མེད་པ་རྐྱང་རྐྱང་བཤད་མཁན་གྱི་གཙོ་བོ་ཡིན་པར་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཡིན་ན་ལོས་ཤེས།
    རེད་དེ་ཡིན་ན་ཡང་འདི་ཚོ་ལ་དགག་ལན་ནན་མོ་འབྲི་དགོས་ངེས་རེད།
    ནང་དཀྲུགས་རྒྱག་རྒྱུར་གོམས་ཆ་ཆེ་བའི་མི་ངན་དེ་ཚོ་ཡིན་ན་ཡང་ད་མ་འཕྱུགས་རོགས། ༸གོང་ས་མཆོག་ལ་མཚན་སྨོད་ག་ཚོད་བྱསའདུག བསམ་བློ་རེ་ཐོངས་དང་གྲོགས་པོ་ཚོ་འདུག་བཟོད་ཡོད་ས་ཨེ་རེད་ཀོ

    Reply
  25. བཀྲ་ཤིས། says:
    ལོ་ 13 སྔོན།

    ཨོ་ཡཡ། ད་ཡིན་ན་བྲིསའདུག བཙན་བྱོལ་ནང་གི་ང་ཡིན་ཁོ་ཡིན་ཟེར་མཁན། ཆོལ་ཁ་ནང་དཀྲུགས་ཀྱི་དགག་དེབ་ཆེན་པོ་ཤོབ་ལེབ་༥༠༠་ལྷག་རེ་འབྲི་མཁན་ཚོ་ད་ཡོད་ན་འབྲི་དགོས་རེད་ཡ།
    ད་འཆུགས་ཕ་བཟང་བུ་ཚོ། ད་རུང་ཏཱ་ལའི་རུ་ཚོགས་ནས་རྫུན་བཤད་ཟེར་ནས་གསེར་རྟ་རུ་མེ་བསྲེག་དོན་རྐྱེན་བྱུང་ཚུལ་ཡང་བཀོད་འདུག འདི་ཚོའི་སྐོར་ལ་བྲིས་དགོས་རེད།

    Reply
  26. thapkegyatso says:
    ལོ་ 13 སྔོན།

    ཡེ་རྡོར་རྩོམ་གྱི་སྔ་གཞུག་ཀུན་ཏུ་༸གོང་ས་མཆོག་གིས་དྲག་ཤུགས་སྤེལ་དུ་བཅུགས་ཚུལ་དང་།བོད་རང་བཙན་ཀློག་གྱུར་ཏུ་ཡོད་ཚུལ་སྨྲ་བ་ནི་ཟེར་རྒྱུས་ཕོངས་པ་ཙམ་ལས་མི་གདའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese