ཉེ་ལམ་ཕྱི་ཚེས་ ༣ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་མདོ་སྨད་རྨ་ཆུ་རྫོང་བོད་ཡིག་སློབ་འབྲང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱི་སྐུ་ཕུང་ཚེས་ ༧ ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་གྱིས་ཉེན་རྟོག་པའི་དམ་དྲག་ཆེན་པོའི་འོག་ཉིན་དེའི་ཐོ་རངས་ཆུ་ཚོད་ ༥ ཙམ་ལ་ཞུགས་འབུལ་ཞུས་ཡོད་འདུག
དེ་རིང་འདི་གར་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་གི་ཕ་བསོད་ནམས་ཡེ་ཤེས་དང་མ་ལྷ་དབྱངས་གཉིས་ཀྱི་བུ་མོ། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རྨ་ཆུ་རྫོང་གི་སྔོ་ཚལ་ཁྲོམ་རྭར་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་རྗེས། ཁོང་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་རྨ་ཆུ་རྫོང་གི་སྨན་ཁང་ཞིག་ཏུ་ཉར་ཡོད་ཀྱང་། ཕྱིས་སུ་ནང་མིས་རེ་འདུན་ཡང་ཡང་ཞུས་པ་ལྟར་ཕུང་བོ་ཚུར་སྤྲད་དེ། ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ པ་ཡས་མས་ལ་རྨ་ཆུ་རྫོང་གིས་ཆེད་དུ་བཏང་བའི་ལྟ་རྟོག་པ་ཞིག་དང་། ཁོང་མོའི་ནང་མི་ཉུང་ཤས་ཤིག་བཅས་ལ་སྐུ་ཕུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུ་རུ་བཅུག་སྟེ། ཉེན་རྟོག་པའི་དམ་དྲག་ཆེན་པོའི་འོག་དེང་རབས་གློག་གི་བེམ་པོ་སྲེག་བྱེད་ཅིག་ཏུ་ཞུགས་འབུལ་ཞུ་དགོས་བྱུང་ཡོད་འདུག
སློབ་བུ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་ཕྱིར་ཉིན་ཚེས་ ༤ ནས་བཟུང་ནང་མི་གཉེན་འབྲེལ་ཚོས། རྨ་ཆུ་སྨད་མའི་མཚན་སྒྲོག་དགོན་དུ་ཉི་མ་ཁ་ཤས་རིང་མཆོད་འབུལ་སྨོན་ལམ་བསྒྲུབས་ཡོད་འདུག་ལ། སྐབས་དེར་རྨ་ཆུ་ས་ཁུལ་གྱི་དགོན་སྡེ་དང་འབྲོག་སྡེ་ཁག་གི་སྐུ་ཚབ་མང་པོ་ཕེབས་ཏེ་མཆོད་འབུལ་དང་། ཁོང་མོའི་ནང་མིར་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་གནང་ཡོད་འདུག
གནས་ཚུལ་ནང་བཀོད་དོན། “ སློབ་བུ་ཚེ་རིང་སྐྱིད་ལགས་ནི། རང་ལོ་ ༡༡ ཙམ་གྱི་སྟེང་ནས་སློབ་གྲྭར་འགྲིམས་ཡོད་པ་དང་། ནམ་རྒྱུན་གཞན་ལ་གུས་ཞིང་སློབ་སྦྱོང་ལ་འབད་བརྩོན་མཁན་ཞིག་ཡིན་པ་མ་ཟད། ལོ་རེའི་སློབ་གྲྭའི་དབྱར་དགུན་གྱི་གུང་གསེང་སྐབས་སུ། ཁོང་མོས་ནང་མི་ཚོར་ལས་རོགས་བྱས་ཏེ། འབྲི་མོ་བཞོ་བ་དང་ལྕི་བ་འཐུ་བ། ནོར་ལུག་འཚོ་སྐྱོང་སོགས་བྱེད་ཀྱི་ཡོད་ལ། ནམ་རྒྱུན་ལས་ཀའི་ཞོར་དུ་དཔེ་ཀློག་བྱེད་ཅིང་། སློབ་གྲྭའི་ནང་དུའང་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཐད་ནས་དགེ་སློབ་ཚང་མས་ཡ་རབས་ཀྱི་གྲས་སུ་བརྩི་བ་དང་། གཟེངས་རྟགས་ཐེངས་མང་ཐོབ་མྱོང་ཡོད་ཅིང་། ནམ་རྒྱུན་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་དོ་སྣང་ཆེན་པོ་གནས་སྟེ་ཁོང་མོའི་གྲོགས་པོ་གྲོགས་མོ་ཚོ་ལའང་ཤུགས་རྐྱེན་ཆེན་པོ་བཞག་ཡོད” ཅེས་བཀོད་འདུག
གནས་ཚུལ་དེའི་ནང་མུ་མཐུད་དུ་བཀོད་དོན། “ ཆུང་དུས་ནས་སེམས་པ་བདེ་ཐང་ཡིན་ལ། ནད་རིགས་ཚབས་ཆེན་སོགས་གང་ཡང་བྱུང་མྱོང་མེད་ལ། སློབ་གྲྭའི་ནང་སློབ་མ་བསམ་ཤེས་ཀྱི་གྲས་ཤིག་ཡིན་སྟབས། ༢༠༠༨ ལོའི་རྨ་ཆུ་དང་བོད་ཁུལ་གྱི་ཞི་རྒོལ་དང་། ལྷག་པར་དུ་ ༢༠༡༠ ལོའི་རྨ་ཆུ་བོད་ཡིག་སློབ་འབྲིང་གི་སློབ་མའི་ཞི་རྒོལ་སྐབས། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གདེང་འཇོག་དང་བརྩི་བཀུར་ཆེན་པོ་ཞུ་སའི་སློབ་སྦྱི་དང་དགེ་རྒན་གནས་དབྱུང་དང་། སློབ་གྲོགས་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དེས་ཁོང་མོར་ཕོག་ཐུག་ཆེན་པོ་བྱུང་ཡོད་ལ། ད་ལོའི་དགུན་ཁའི་གུང་གསེང་སྐབས་ཚེ་རིང་སྐྱིད་ཀྱིས་ཁོང་གི་སྲུ་མོ་ཞིག་ལ། ༼ ད་ལྟ་རྔ་བ་དང་བོད་ཀྱི་ས་ཆ་འདྲ་མིན་དུ་བོད་མི་ཚོས་བོད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་གི་འདུག ང་རང་གིས་ཀྱང་བོད་ཀྱི་ཆེད་དུ་ལས་དོན་ཞིག་མ་བསྒྲུབས་པར། འདི་ལྟར་ཁུ་སིམ་པོར་བསྡད་པ་ཡིན་ན་དོན་སྙིང་ཅི་ཡང་མི་འདུག་བསམ་གྱི་ཡོད།༽ཅེས་སོགས་བརྗོད་ཡོད་འདུག
སློབ་མ་ཚེ་རིང་སྐྱིད་ལ། ཕ་མ་གཉིས་དང་གཅེན་མོ་གཅིག ཕུ་བོ་གཅིག ནུ་བོ་གཅིག་བཅས་དང་། གཞན་གཅེན་མོའི་མག་པ་དང་གྲྭ་བ་ཡིན་པའི་ནུ་བོ་གཅིག་བཅས་ཡོད་འདུག
གསར་འགོད་པ། དོན་གོ
བོད་ཀྱི་གཏམ་དཔེར། རིན་ཆེན་མི་ལ་ཁྲི་བསྐོར་དང་། འདོ་བ་རྟ་ལ་རྒྱ་བསྐོར། ཞེས་པ་དེ་ཧ་ཅང་གི་བདེན་པ་རེད། ཡ་རབ་ནི་ཕྱོགས་གང་ནས་ཀྱང་ཡ་རབ་རེད་ལ། མ་རབ་ནི་ཕྱོགས་གང་ནས་ཀྱང་མ་རབ་རེད། ཡ་རབ་མི་བུ་རྣམས་འདི་ལྟར་གཞུད་ཤུལ་ནས། མ་རབ་ཀྱི་མི་རྣམས་ལྟད་མོ་བསྟས་ནས་སྡད་ཡོད།
དཔའ་མོ་དེ་ཕ་མ་གཉིས་སེམས་གཉིས་ལ་སེམས་གསོ་དང། མགོན་པོ་གང་གི་དཔའ་མོ་དེ་ཚེ་རབས་ཕྲེང་བར་རྗེས་སུ་བཟུང་བ་དང། འདོད་དོན་རྣམས་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ་བ་ཡིན།
ངོ་མ་རླབས་ཆེན་གྱི་སྲིང་ཆུང་མ་འདི་དང་འདི་འདྲ་པ་དག་གིས་རང་རེའི་བོད་ཀྱི་རྩ་དོན་ཆེད་རང་སྲོག་མེ་རུ་སྒྲོན་པ་དག ལོ་རྒྱུས་ཀྱི་དྲན་རྟགས་ཤིག་ཡིན་པར་ནམ་ཡང་བརྗེད་མི་ཉན འོན་ཀྱང་སློབ་མ་ཚེ་རིང་སྐྱིད་གཙོ་བྱས་རང་སྲོག་བོད་ཀྱི་དོན་དུ་འབུལ་མཁན་དག་གི་ནང་མི་ཉེ་འབྲེལ་ཀུན་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད།
དུས་བབ་གསར་འགོད་པ་ལགས ། སྲུ་མོ་ཞིག་ལ་ཟེར་བ་ལས་གྲོགས་མོ་ཞིག་ལ་གསུང་ན་མི་དགའ་འམ ། སྲུ་མོ་གཉིས་མ་གཏོགས་མེད་པས་བདེ་འཇགས་ལ་འགན་འཁུར་མི་དགོས་སམ །
སྙིང་སྟོབས་ཀྱིས་བཞུད་པའི་སྲིང་ཆུང་མ་ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད།