དེ་རིང་སྔ་དྲོར་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ སློབ་གྲྭའི་ར་བ་ནས་བཞུགས་སྒར་བར་གོམ་བགྲོད་ཅིག་གནང་སྟེ། ལྡི་ལིར་རང་ལུས་མེར་བསྲེགས་གཏོང་མཁན་སློབ་ཟུར་འཇམ་དཔལ་ཡེ་ཤེས་ལགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སོང་།
དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་ཡོངས་ཏེ་མི་གྲངས་ ༤༠༠ ལྷག་གིས་སློབ་གྲྭའི་སློབ་ཟུར་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཕྱི་ཚེས་ ༢༦ ཉིན་ལྡི་ལིར་རང་ལུས་མེར་བསྲེགས་བཏང་བའི་རླབས་ཆེན་གྱི་སྙིང་སྟོབས་ལ་ཡི་རངས་དང་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཆེད། ཤེས་རབ་དགའ་ཚལ་སློབ་གླིང་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་གོམ་བགྲོད་གནང་སྟེ། རྒྱལ་གཅེས་པ་ཁོང་གི་ཞལ་ཆེམས་འགྲེམས་སྤེལ་དང་གཙུག་ལག་ཁང་དུ་བསྔོ་སྨོན་མཆོད་འབུལ་གནང་སོང་།
གོམ་བགྲོད་སྐབས་གསར་འགོད་པས་སློབ་མའི་སྤྱི་ཁྱབ་རྒན་བདག་ཕུར་བུ་ཉི་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས “ ཉི་མ་དེ་རིང་བར་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་ལུས་མཆོད་འབུལ་གནང་བ་རེད། ང་ཚོས་བོད་ནང་གི་གནས་སྟངས་ཐོག་ཐད་ཀར་རོགས་རམ་བྱ་མི་ཐུབ་ཀྱང་། གནས་ཚུལ་རེ་རེ་ཐོས་ཡོང་སྐབས་སློབ་གྲྭའི་རྒན་བདག་ཚང་མའི་གོ་སྒྲིག་འོག་འཛིན་གྲྭ་ཚོགས་མཚམས་བཞག་སྟེ་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད” ཅེས་དང་། “ཤེས་རབ་དགའ་ཚལ་སློབ་གླིང་ལ་མཚོན་ན། སློབ་མ་ཚང་མ་བོད་ནས་ཡོང་མཁན་དང་། སེམས་ཤུགས་ཆེན་པོ་ཡོད་མཁན་རྐྱང་ཡིན། སློབ་ཕྲུག་ཚང་མར་ལས་འགུལ་ཤུགས་ཆེན་སྤེལ་དགོས་པའི་བསམ་ཚུལ་ཡོང་གི་འདུག ད་ལྟའི་ཆར་སློབ་མ་མང་ཆེ་བའི་སེམས་ནང་དཀའ་ངལ་འཕྲད་དེ་སློབ་སྦྱོང་བྱེད་ཐུབ་ཀྱི་མི་འདུག དེ་རིང་གི་ལས་འགུལ་འདི་ཡང་སློབ་མ་ཚོས་རེ་སྐུལ་ལྟར་སྤེལ་བ་ཡིན” ཞེས་བརྗོད་བྱུང་།
སློབ་ཕྲུག་ཚེ་རིང་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས“ ང་རང་ལ་མཚོན་ན་ ༢༠༠༨ ལོར་བོད་ནས་རྒྱ་གར་དུ་ཡོང་བ་ཡིན། ངྷ་རམ་ས་ལའི་ལས་འགུལ་མང་པོར་ཕྱིན་པ་ཡིན། དམིགས་བསལ་སེམས་ཚོར་འདྲ་བྱུང་མ་སོང་། འོན་ཀྱང་། བོད་ནང་རང་ལུས་མེར་བསྲེགས་བཏང་བ་རེ་རེ་བཞིན་གོ་ཡོང་སྐབས། རང་ཉིད་ཀྱིས་ཀྱང་ཅིག་བྱེད་དགོས་མིན་འགྲོ་དྲན་ཡོང་གི་འདུག ཁས་ཉིན་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལྡི་ལིར་ཡོང་རྒྱུ་ཡིན་པ་དང་། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་གོ་སྐབས། ཟ་མ་ཟ་འདོད་མེད་པར་དེའི་སྐོར་རྐྱང་ལ་བསམ་བློ་འཁོར་བསྡད་ཀྱི་འདུག གལ་སྲིད་སློབ་གྲྭས་དགོངས་པ་གནང་པ་ཡིན་ན། རང་ཉིད་ཀྱི་འདོད་པ་འཚིམ་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག་དྲན་ཡོད”ཅེས་བརྗོད་བྱུང་།
ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་བུ་དྲུག་ཤཱསྟི་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས “ དེ་རིང་གི་ལས་འགུལ་འདི་ང་ཚོ་བོད་མི་ཞིག་ཡིན་པ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཁོང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཟུར་བ་ཞིག་ཡིན་པའི་ངོས་ནས། ང་ཚོའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཆེད་གོམ་བགྲོད་སྐད་འབོད་བྱེད་ཀྱི་ཡོད། འཇམ་དཔལ་ཡེ་ཤེས་ལགས་ལ་མཚོན་ན། ༢༠༠༦ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་སློབ་གྲྭར་འབྱོར་ཏེ་ལོ་ལྔའི་སློབ་ཡུན་ཆ་ཚང་རྫོགས་རྗེས་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༣ ཉིན་སློབ་མཐར་ཕྱིན་པ་རེད། སློབ་མ་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཉེ་ལམ་ཁོང་གིས་ཁ་ཆེམས་ཡི་གེ་བཞག་སྟེ་མི་རིགས་འདིའི་ཆེད་དུ། སེམས་ཐག་གཙང་བཅད་གནང་བའི་སྙིང་སྟོབས་དེ་ལ་ང་ཚོ་ཚང་མས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད” ཅེས་བརྗོད་བྱུང་།
སློབ་ཕྲུག་གཞན་སྐོར་ཞིག་གིས་ཀྱང་སེམས་ཚོར་དང་སྦྲགས་ཏེ་བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། བཙན་བྱོལ་ནང་ཚོགས་པ་རེ་ཟུང་ཙམ་ལས་དབུས་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་གཞན་པ་དག་ལ་གྲགས་འགུལ་མེད་པ་དང་། ད་ལྟའི་དུས་ཚོད་འདིར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། སྤྱི་སྒེར་ཚང་མ་སྡེབ་ལངས་བྱེད་དགོས་པའི་དུས་ཚོད་ཅིག་ཏུ་བསླེབས་ཡོད་ཚུལ། བཙན་བྱོལ་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་ཐོབ་ཏུ་འཇུག་རྒྱུའི་ནུས་པ་མེད་ཀྱང་། ཁོང་ཅག་གིས་ག་རེ་གནང་ཟིན་པ་དེ་དག་རྒྱལ་སྤྱིའི་ཐོག་ལ་བསྐྱལ་ཏེ་འབོད་སྒྲ་བསྒྲག་རྒྱུའི་ནུས་པ་ཡོད་དགོས་ཚུལ་སོགས་ཚོར་ཤུགས་ཆེན་པོས་བརྗོད་བྱུང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་དགེ་སློབ་ཡོངས་དང་། ངྷ་ས་ཁུལ་གྱི་མི་མང་བཅས་ཀྱིས་བཞུགས་སྒར་སྲང་ལམ་ནས་ངྷ་ཤོད་བར་མར་མེ་ཁྲོམ་སྐོར་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
བཙན་བྱོལ་བ་ཁྱེད་རང་གི་མཆན་དེ་ཚོ་ལ་བསྐྱར་ཞིབ་ཅིག་གྱིས་དང་། ཕྱོགས་རིས་གདོན་གྱིས་སུ་མྱོས་ཡོད་མེད་གསལ་པོ་མཐོང་ཐུབ།
སློབ་གྲྭའི་དགེ་ལས་ཡོངས་ཀྱིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ཡོད། འོན་ཀྱང་ཕྱོགས་རིས་གདོན་གྱིས་སྨྱོས་པའི་ཟུར་མཆན་པ་ཁག་གཅིག་ནི་དུས་རྟག་ཏུ་གཞིས་ཆགས་ན་ལས་འགུལ་གང་སྤེལ་བ་ཡིན་ན་ཡང་དབྱེ་འབྱེད་བྱས་ནས་སྡང་ཟུག་གི་ཁྱི་སྐད་རྒྱག་བཞིན་འདུག་པ་དེ་རྣམས་ཕྱིན་ཆད་ནས་གཟབ་གཟབ་གནང་རོགས། བོད་མི་རིགསཀྱི་གཅིག་སྒྲིལ་གྱི་འགན་འཁྲི་འཁྱེར་བའི་ཐོག་ནས་བསམ་ཚུལ་བརྗེ་ལེན་བྱེད་དགོས་པ་ཡིན།
དེ་འདྲ་རང་མ་གསུངས། ཁྱེད་ལས་འགུལ་སྤེལ་བའི་དུས་སུ་མཉམ་བཞུགས་ཡོད་པའི་བཟོ་འདྲ་བྱས་ནས་གདེང་ཚོད་ཆེན་པོས་སྐད་ཆ་ཤོད་ཀྱིན་འདུག ཁ་སང་གི་ལས་འགུལ་འདི་ནི་འཛིན་སྐྱོང་དང་དགེ་ལས་སློབ་མ་མཉམ་རུབ་ཀྱི་ཐོག་ནས་བྱས་པ་ཞིག་ལས། སློབ་ཕྲུག་ཁོ་ནས་བསྒྲུབ་པ་ཞིག་རྩ་བ་ནས་མིན། དེ་བས་མངོན་ཤེས་ཡོད་པའི་བཟོ་འདྲ་བྱས་ནས་སྐད་ཆ་མ་ཤོད་ན་ལེགས།
མ་གཞི་སྔགས་འཆང་རྫུན་མ་དེ་འདྲའི་སྤྲུལ་པ་ཡིན་མིན་མི་ཤེས། ཧ་ཧ་ཧ་།
ཨོ་ལ་སོ་ལགས། ཡང་རྒྱ་གཞུང་འབྲེལ་བ་ཤུགས་ཡོད་པའི་ཤེས་རབས་དགའ་ཚལ་སློབ་གླིང་ནས་ གཉེན་ཁ་མེད་པའི་ལས་འགུལ་ཞིག། ན་ཚ་མེད་པའི་སྨན་ཞིག་སྤེལ་འདུག། སློབ་སྤྱི་རྒན་ལགས་དེ་རིང་ཁྱེད་གྱིས་ལས་འགུལ་ནང་ནས་སློབ་མ་ག་ཚོོད་ཕུད་རྩིས་ཡོད་ཁྱི་རྒན་ལ། སྔོན་ཆད་སློབ་ཕྲུགས་གསུམ་གྱིས་ལས་འགུལ་སྤེལ་བ་དེ་བོད་མི་རིགས་གི་ཆེད་མིན་ནམ། ཁྱེད་གྱིས་དེའི་དོན་དག་གསལ་བཤད་ཞིག་མེད་ན་ང་ཚོ་ལ་གྲལ་སྒྲིག་ཅིག་ཡོད། སློབ་སྤྱི་ལགས་ཁྱེད་སྒོ་འགྲམ་སྤྱི་ལ་འབུད་རྒྱུ་ཡིན་ནམ། ང་དེ་ལ་ཡོད། དེ་་རིང་ཁྱེད་ཚོའི་ལས་འགུལ་སྤེལ་དེ་དང་ཁོང་སློབ་ཕྲུག་གསུམ་གྱིས་ལས་འགུལ་དེ་གཅིག་མཚུངས་ཡིན། ཁ་སང་རྡི་ལི་ནས་དཔའ་བོ་འཇམ་དཔལ་ཡི་ཤེས་ལགས་མེ་སྲེགས་བཏང་བ་དེ་ཁྱེད་གྱིས་རྒྱ་གཞུང་ལ་ངོ་སྤྲོད་གནང་དགོས་སམ། རྒྱ་དགའ་ལྟས་ངན།
དུས་བབ་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱིས་སློབ་ཕྲུག་གསུམ་པོ་ད་ལྟ་གང་ན་ཡོད་པ་དང་། སློབ་གྲྭ་ནས་རྩ་དགོངས་ལ་གང་འདྲ་བྱས་ནས་ཕུད་པ་བཅས་ལ་རྒྱུས་ལོན་དང་། དེའི་སློབ་སྤྱི་ལ་བཅར་འདྲི་ཞིག་བྱས་ནས། གནས་ཚུལ་རྣམས་དྲྭ་ཐོག་ཏུ་བཀོད་རོགས་ཞེས་ཞུ་རྒྱུ་ཡིན།
ལྟས་ངན་སློབ་སྤྱི་དེ། དངོས་གནས་གནས་དབྱུག་བཏང་དགོས་རྒྱུ་རང་རེད།
ཁོ་འདྲ་བའི་སློབ་སྤྱི་ཞིག་གི་ག་རེ་བྱེད་དགོས་རེད། སློབ་ཕྲུག་གསུམ་པོ་གནས་ཚུལ་འདྲ་མིན་བྱུང་ཚེ། དེའི་འགན་ཆ་ཚང་ཁོ་རང་ཉིད་ཡོད། དེ་ནས་ཁོ་ཡིས་ག་རེ་བྱས་ལྟ་ཡོང་། གལ་སྲིད་ང་ཁོ་མཉམ་དུ་ཡོད་ན། ངས་ཁོ་ཡི་མགོ་བོ་དེ་བཅད་ནས། ཆུ་ནང་དུ་དབྱུག།
མི་འདི་ཡི་གདོང་ལ་ལྟས་ན་བྱུས་ངན་ཞིག་མ་གཏོག་ཡོད་བསམ་བསམ་མི་འདུག། ད་རིང་སློབ་ཕྲུག་ཚོས་མ་བཞག་པར་མ་གཏོག་ཁོང་རང་གི་དེ་ལྟ་བུའི་ལས་འགུལ་ཞིག་སེམས་ལ་ག་བ་ཡོད་། ད་རིང་སློབ་མ་ཡོངས་ཀྱི་ལས་འགུལ་ཡིན་ཙང་ཁོ་གིས་འཇུ་ས་རག་གི་མ་རེད།བྱས་ཙང་གདོང་ལ་ལྟོས་དང་རྒྱ་མི་འདྲེ་རྒོད་ཁོང་ལ་འཛུལ་ལོས་ཡོད་བསམ་བསམ་ཞིག་མི་འདུག་གམ། ཧཧཧཧ་་་་་་་་་་་
སློབ་གྲྭའི་འགན་འཛིན་དེ་འདྲ་ཞིག་ཡོད་མེད་ཅི་ཡོད་་་་དགོང་པ་ཞུས་ན་ཡག་ཤོས་རེད་་་་མི་དེ་འདྲ་ལ་ཕངས་དགོས་དོན་མི་འདུག་
དེང་སང་འཛམ་གླིང་མགོ་ཞུགས་ལོག་ཚར་འདུག་པ་མ་ཚད། དེ་རིང་ཁ་སང་རྒྱ་གར་གྱི་བྱེད་ཕྱོགས་ལ་ལྟོས་དང་། ག་རེ་ཡིན་ལབ་དགོས་ཀྱི་འདུག བོད་མི་ཚོའི་སེམས་ཚོར་ག་འདྲ་ཞིག་སྦྱིན་གྱི་འདུག
བོད་པ་འི་གནས་སྟང་འདི་འདྲ་ཞིག་གི་འོག་ནས། སློབ་གྲྭ་འདིའི་སློབ་སྤྱི་དབུ་འཛིན་དེ་ཚོ་ཀྱང་མགོ་ཞུགས་ལོག་པའི་མི་ཞིག་ཡིན་ཐག་ཆོད་འདུག བྱེད་སྟང་དེ་ཚོ་ལ་དགག་པ་མཐའ་གཅིག་ཏུ་ཡོད།
ལར་ཞེན་དང་ཆོད་སེམས་ཀྱི་སྤོབས་པ་ཆེ་བའི་རྐང་བསྐོར་རྒྱང་བསྐྱོད་བྱེད་ཉན་ཀྱི་པུ་གུ་གསུམ་པོ་སློབ་གྲྭ་ནས་ཕྱིར་འབུད་བྱེད་ཐག་ཆོད་དུས། ད་ལན་པུ་གུ་ག་ཚོད་ཙམ་ཡང་སློབ་གྲྭ་ནས་ཕུད་རྩིས་ཡོད་དམ།
ཁར་སྔོན་བསམ་ཤེས་ཅན་གྱི་བོད་མི་ཡོད་ཚད་ཀྱི་སློབ་ཕྲུག་གསུམ་སླར་ཡང་སློབ་གྲར་ཚུད་ཐབས་བྱེད་རོག་ཞེས་འབོད་བསྐུལ་དང་ཞུ་བ་ག་ཚོད་ཕུལ་ཀྱང་།
ཆུ་ནང་གི་དབྱུག་པ་ནང་བཞིན་རྩིས་མེད་རྡོག་རོལ་དུ་བཏང་བ་ལ་སེམས་ཕམས་དང་ཞེ་གནོང་པོ་ཚོད་མེད་བྱུང་། སློབ་གྲྭའི་བསྒྲིག་གཞི་མེད་པ་བྱེད་དགོས་ཀྱི་རེད་ཞེས་ག་དུས་ནས་ལབ་ཀྱི་མེད། སྒྲིག་གཞི་དགོས་ཀྱི་རེད། རེད་དེ་ད་ལན་པུ་གུ་གསུམ་པོས་རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ་དེ་པུ་གུ་གསུམ་གྱི་རང་དོན་གཅིག་པུ་མ་ཡིན་པར། བོད་མི་ཞིག་ཡིན་དུས་བོད་གཞིས་བྱེས་གཉིས་ལ་ཕན་ཀྱང་རུང་མ་ཕན་ཀྱང་རུང་། ཁོ་རང་གསུམ་གྱིས་ལྷག་བསམ་དྲི་མ་མེད་པ་མཚོན་བྱེད་ལས་གཞན་པའི་ཉེས་འགེལ་ས་ཞིག་གི་གནས་ཚུལ་ཨི་ཡོད་ན།
དེར་བརྟེན་ད་དུང་ཡང་བོད་མི་ཡོངས་ཀྱི་སེམས་ནང་ལ་ན་ཚ་འདི་རྙིང་གི་མི་འདུག་ལ།
དེ་གསུམ་ཕུད་ཚར་དུས་ཤེས་རབ་དགའ་ཚལ་གླིང་གི་སློབ་གྲྭ་ལ་སྒྲིག་གཞི་དང་བརྟན་གླིང་ལ་ཡར་རྒྱས་དང་ཕན་ཐོག་ག་ཚོད་ཙམ་འབྱུང་བ་མིག་བསྒྲད་ནས་ལྟ་ཐག་ཆོད་ཡིན།
ཤེས་རབ་དགའ་ཚལ་གླིང་དུ་བཞུགས་པའི་སློབ་གྲོགས་ཡོངས་དང་། དམ་པ་འཇམ་དཔོལ་ཡེ་ཤེས་མཆོག་གི་མང་ནི་ཚང་མར་མྱ་ངན་གུས་འདུད་ཞུ། འོན་ཀྱང་། གལ་ཏེ་སློ་དགེ་འདི་འདྲའི་སྐོར་ལོག་ཅིག་ཡིན་ན། སློབ་དགེ་ཁོ་རང་སློབ་གྲྭ་ནས་ཕྱིར་འབུད་གཏོང་དགོས་ནི་རེད།
གནས་ཚུལ་གོ་མ་ཐག་མགྱོགས་པོར་ལྟ་འདོད་ཅིག་སྐྱེས་ལ་འཕྲལ་དུ་དྲ་སྒོ་ཕྱེས་ནས་གནས་ཚུལ་གང་ནས་བྱུང་མིན་ལ་བལྟས་ཡིན། ངས་ལྟ་ས་ནི་ལས་འགུལ་སུ་ཞིག་གིས་འགོ་སློང་མིན་ལ་བལྟ་རྒྱུ་ལས་གཞན་དུ་དོ་སྣང་ཅི་ཡང་སྤྲད་མེད། རྒྱུ་མཚན་སློབ་གྲྭ་འདིའི་ལས་ཀྱི་སྣེ་མོ་བ་སུ་ཞིག་གིས་ཀྱང་ད་སྔ་དེ་ལྟར་གྱི་ལས་འགུལ་སྤེལ་མྱོང་མེད་ལ། སྤེལ་ཀྱང་མི་ཤེས་པས་ཡིན། གནས་ཚུལ་གསལ་བོ་ཤེས་རྗེས་སླར་ཡང་སློབ་གྲྭ་འདིའི་འགན་འཛིན་སྐུ་ངོ་ལ་ཡིད་ཐང་ཆད་སོང་། དོན་ངོ་མ་ལ་ལས་འགུལ་འདི་ནི་སློབ་མས་སྐུལ་སློང་འོག་བྱུང་བ་ཞིག་ཡིན་འདུག
དེ་ཡང་ལོས་ཡིན། སྐུ་ངོ་འགན་འཛིན་ལགས་ཀྱིས་ལས་འགུལ་འདི་ལྟ་བུ་ཞིག་སེམས་ཀྱི་ཟུར་ལའང་དྲན་མི་སྲིད། རྒྱུ་མཚན་ང་ཁོ་ལ་ཆ་རྒྱུས་ཡོད་ཡོད་ཅིག་མི་སུ་ལའང་མེད་པས་ཕྱིར་རོ།
སློབ་མའི་ལས་འགུལ་འདི་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ།
འདི་ཉིན་འགའི་སྔོན་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་བྱུང་བའི་གནས་ཚུལ་ཚབས་ཆེན་དེ་རེད། (ཁོང་ཚོས་ལས་འགུལ་ལྡི་ལི་ནས་མགོ་བཙུགས་ཏེ་ངྷ་སར་མ་འབྱོར་སྔོན་ལ། ཤེས་རབ་དགའ་ཚལ་སློབ་གྲྭའི་འཛིན་སྐྱོང་གིས་ཁོང་གསུམ་སློབ་གྲྭ་ནས་ཕྱིར་འཕུད་བཏང་བ་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སློབ་མའི་ཉལ་ཁང་གི་ཁོང་གསུམ་གྱི་ཉལ་ཆས་རིགས་ཀྱང་ཕྱིར་བསྡུ་བྱས་ཡོད་སྟབས། སློབ་གྲྭའི་དགེ་སློབ་ ༢༩༥ མིང་རྟགས་བཀོད་པའི་སྙན་ཞུ་ཞིག་སློབ་གྲྭའི་འགན་འཛིན་ལ་ཕུལ་ཏེ། ཁོང་ཚོ་གསུམ་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་པ་ཞིག་ཡིན་པས། ཐག་གཅོད་དེར་བསྐྱར་དུ་དགོངས་བཞེས་ཡོང་བའི་ཞུ་བ་འཐེན་ཡོད་ཀྱང་། སློབ་མ་དེ་གསུམ་ལ་ཐོག་མ་ནས་སྐད་ཆ་འཁེལ་ཡོད་པ་དང་། གལ་སྲིད་ཐག་གཅོད་དེར་འགྱུར་པ་གཏོང་དགོས་ཚེ་འགན་འཛིན་གྱིས་དགོངས་པ་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག)
མ་གཞི་ངས་དེ་རིང་སྐད་ཆ་སྡུག་ཅག་འདི་འདྲ་བཤད་འདོད་མེད་མོད། འོན་ཀྱང་། སློབ་ཕྲུག་དག་གི་སེམས་ཤུགས་དང་སྙིང་སྟོབས་ལ་བསམ་བློ་བཏང་ན། ངས་འདི་མ་བཤད་ན་སེམས་ནས་སྡུག་ཏུ་འགྱུར་ཉེན་འདུག
ཉེ་ཆར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་གསུམ་གྱིས་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལ་བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བ་རེད། ལར་ཞེན་ཆེ་བའི་སློབ་ཕྲུག་དེ་དག་ཕྱིར་འབྱོར་མ་ཐག་སློབ་གྲྭ་ན་རྕ་དགོངས་ལ་འཕུད་པ་རེད། གནད་དོན་དེའི་འགན་སུ་ཞིག་གིས་འཁུར་དགོས། དེ་རིང་སླར་ཡང་སློབ་ཕྲུག་ཟུར་བ་རྒྱལ་གཅེས་དཔའ་རྒོལ་ཞིག་གིས་རང་ལུས་མཆོད་འབུལ་གནང་སོང་། ཁོང་ལ་ཉེས་ཆད་ཅི་ཞིག་གཅོད་རྒྱུ་ཡིན།