ཕྱི་ཚེས་ ༣༠ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་འཆི་མེད་དཔལ་ལྡན་འདས་གྲོངས་སུ་གྱུར་ཡོད་པ་དང་། གྲྭ་བསྟན་པ་དར་རྒྱས་ལགས་ཀྱང་གསོན་ཐབས་ཀྱི་རེ་བ་བྲལ་པའི་གནས་སྟངས་སུ་གྱར་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༣༠ རྔ་པ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས། རྒྱ་དམག་གིས་ཁོང་གཉིས་ཀྱིས་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་པ་ལྟར། ཕྱི་ཚེས་ ༣༡ ཉིན་གྱི་ཞོགས་པའི་དུས་ཚོད་ ༥་ཙམ་ལ་རྒྱ་གཞུང་འབྲེལ་མི་སྣས་ཚོ་བདུན་ཀིརྟི་དགོན་པར་རུས་ཐལ་ཞིག་སྤྲད་དེ་གྲྭ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཟིན་པ་བརྗོད་ཡོད་པ་རེད། དེ་རིང་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་བཞིན་ཡོད་པ་དང་། གྲྭ་བསྟན་པ་དར་རྒྱས་ལགས་ཀྱང་ད་ལྟའི་ཆར་སྐུ་གྲོངས་མེད་པར་རྔ་པ་རང་སྐྱོང་ཁུལ་སྨན་ཁང་དུ་ཡོད་ཀྱང་། མེར་བསྲེགས་ཚབས་ཆེན་ཐེབས་ཡོད་སྟབས་གསོན་ཐབས་ཀྱི་རེ་བ་བྲལ་པའི་གནས་སྟངས་སུ་གྱར་ཡོད་འདུག
དེ་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་པ་ལྟར་ན། ཕྱི་ཚེས་ ༣༠ཉིན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་། འཆི་མེད་དཔལ་ལྡན་གཉིས་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་རྔ་པ་རང་སྐྱོང་ཁུལ་གྱི་སྨན་ཁང་དུ་ཁྲིད་ནས་དམ་དྲག་ཆེན་པོའི་འོག་བཞག་ཡོད་སྟབས།ཁོང་གཉིས་ཀྱི་ཤི་གསོན་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་ཐུབ་མེད་ཀྱང་། ཉིན་དེའི་བོད་ནང་གི་མཚན་མོའི་དུས་ཚོད་ ༩ཙམ་ནས་ས་གནས་དེ་གའི་སེར་སྐྱ་མི་མང་བརྒྱ་ལྷག་ཁུལ་སྨན་ཁང་སྒོ་ཁར་འཛོམས་ཏེ། དགེ་འདུན་པ་གཉིས་ཤི་གསོན་གནས་ཚུལ་གང་བྱུང་ཡོད་ཀྱང་ཁོང་གཉིས་ཕྱིར་སྤྲོད་དགོས་པ་དང་། སྨན་ཁང་ནང་དུ་ལྟ་རུ་འགྲོ་དགོས་པའི་རེ་འདུན་བཏོན་ཏེ་ངུ་འབོད་ཞུ་སྐུལ་ཤུགས་ཆེན་བྱས་པར། རྒྱ་གཞུང་གིས་མི་མང་གི་རེ་སྐུལ་ལ་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། གང་བྱུང་མང་ཚོགས་ལ་གཅར་རྡུང་བྱས་ཏེ་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་མང་པོ་ཞིག་འཇུ་བཟུང་གིས་བཀག་ཉར་བྱས་ཡོད་འདུག
ཡིན་ནའང་། མང་ཚོགས་ཀྱིས་གཅར་རྡུང་ལ་བཟོད་བསྲན་བྱས་ཏེ་མུ་མཐུད་དུ་སྨན་ཁང་ནང་ལྟ་རུ་བསྐྱོད་འཇུག་དགོས་པའི་རེ་འདུན་བཏོན་ཏེ་ཨུ་ཚུགས་མཐར་བསྐྱེད་བྱས་ཡོད་སྟབས། མཚན་མོའི་དུས་ཚོད་ ༡༢ཡས་མས་སྟེང་མི་གཉིས་རེ་གཉིས་རེ་བྱས་ཏེ་མང་ཚོགས་ཁག་ཅིག་ལ་ཐག་རིང་ནས་ལྟ་རུ་བཅུག་ཡོད་པ་དང་། གྲྭ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཡོད་པ་ངེས་ལེན་ཐོག ཕྱི་ཚེས་ ༣༡ཉིན་གྱི་ཞོགས་པའི་དུས་ཚོད་༥ ཙམ་ལ་རུས་ཐལ་ཞིག་ཚོ་བདུན་ཀིརྟི་དགོན་པར་སྤྲད་ཡོད་འདུག ད་ལྟ་ཁོང་གི་རུས་ཐལ་དགོན་པའི་ནང་གདན་འདྲེན་གྱིས་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་བཞིན་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པའི་བརྗོད་པ་ལྟར་ན། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་མཚན་མོའི་དུས་ཚོད་༡༢ ཙམ་ལ་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཞིག་ཚོ་བདུན་ཀིརྟི་དགོན་པའི་ཕྱོགས་སུ་འབྱོར་ཡོད་པ་དང་། ཚོ་བདུན་ཟམ་ཁ་ནས་ཚོ་བདུན་མི་མང་གིས་གནས་སྟངས་ཅི་ཞིག་ལ་ཐུག་ཀྱང་ཉེན་རྟོག་པ་སོགས་དགོན་ནང་མི་གཏོང་ཞེས་བརྗོད་དེ་བཀག་འགོག་བྱས་ཏེ། མི་མང་དང་དྲག་ཆས་ཉེན་རྟོག་པའི་བར་ཛ་དྲག་གི་གདོང་ཐུག་ཆེན་པོ་ཞིག་ཡོང་རྒྱུའི་ཉེན་ཁའི་གནས་སུ་གྱར་སྐབས། ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་དབུ་འཛིན་སོགས་ཀྱིས་བར་འདུམ་མཛད་དེ། ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་ཀྱིས་ཛ་དྲག་གི་གནས་སྟངས་ཤིག་ལ་མི་བསྒྱུར་རྒྱུའི་རེ་སྐུལ་ནན་མོ་བཏོན་མཐར། མི་མང་གིས་སྐད་འབོད་ངོ་རྒོལ་སོགས་མི་བྱེད་རྒྱུ་དང་། དྲག་ཆས་ཉེན་རྟོག་པ་སོགས་ཟམ་ཁ་ནས་ཕྱིར་འཐེན་བྱེད་རྒྱུ་བྱས་ཏེ་གནས་སྐབས་རིང་ལྷིང་འཇགས་སུ་སོང་ཡོད་ཀྱང་། རྒྱ་གཞུང་གིས་དགོན་པར་དམ་དྲག་དང་གྲྭ་པ་ཁག་ཅིག་འཛིན་བཟུང་བྱ་འཆར་ཡོད་སྟབས། ད་དུང་ཛ་དྲག་གི་གནས་སྟངས་མུ་མཐུད་འཕྲད་རྒྱུའི་ཉེན་ཁ་སྔར་བཞིན་ལྷག་ཡོད་འདུག
གཞན་ཡང་། གྲྭ་བསྟན་པ་དར་རྒྱས་ལགས་ད་དུང་རྔ་པ་རང་སྐྱོང་ཁུལ་སྨན་ཁང་དུ་ཡོད་ཀྱང་། ད་ལྟའི་ཆར་སྐུ་གྲོངས་མེད་པ་ཙམ་ལས་གསོན་ཐབས་ཀྱི་རེ་བ་ཡོངས་སུ་བྲལ་ཏེ་མི་རིང་བར་འདས་གྲོངས་སུ་འགྱུར་རྒྱུའི་གནས་སྟངས་འོག་ལྷག་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
རྒྱལ་གཅེས་དཔའ་བོ་དམ་པ་དེ་དག་གི་བདེན་དོན་མྱུར་དུ་འགྲུབ་པར་གྱུར་ཅིག
རྒྱལ་གཅེས་པ་འདི་ཚོའི་ཆོད་སེམས་དེ་བློས་མི་དཔོག་པ་ཞིག་རེད་་་་་ང་ཚོས་སྐད་འབོད་ཅིག་ཀྱང་བྱེད་མ་ཐུབ་པར་གཅིག་གིས་གཅིག་ལ་བལྟས་ནས་བསྡད་ཡོད་པ་རེད་་་་དངོས་གནས་ཡིད་སྐྱོ་བ་ཞིག་རེད་ཡ
རྒྱལ་རོང་དཔའ་བོ་གཉིས་ལ་སྙིང་ནས་སྨོན་ལམ་འདེབས།
རྒྱ་ནག་གིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བ་རེ་རེ་བྱས་ནས་འདས་གྲོངས་སུ་བྱིན་སོང་ཟེར་ནས་རུས་ཐལ་རེ་ཁྱེར་ཡོང་བ་འདི་ལ་ཡིད་ཆེས་བྱེད་ཐུབ་བབ། འདི་ལ་བདེན་དཔང་ཕུང་བོ་དང་འདྲ་པར་བརྙན་ཐུང་སོགས་ཅི་ཡང་མེད་པར་རུས་ཐལ་རེ་ཁྱེར་ཡོང་བ་བློ་ཕམ་ཡོད།
མཆོག་ཏུ་བཀུར་བ་འོས་པའི། རྒྱལ་གཅེས་ཀྱི་དཔའ་བོ་དམ་པ། འཆི་མེད་དཔལ་ལྡན་ལགས་ལ་གུས་འདུད་དང་མྱ་ངན་ཚད་མེད་ཞུ། དམ་པ་ཁྱེད་དང་ཁྱེད་ལྟ་བུའི་བཀའ་དྲིན་དང་རྒྱལ་ཞེན་ལ་བརྟེན་ནས། ད་ལྟ་གཞིས་བྱས་གཉིས་ནས་མི་རིགས་ཀྱི་རྩ་དོན་ཐད་ལ་སྔར་ལས་ལྷག་པའི་སེམས་ཤུགས་དང་ཧུར་བརྩོན་གནང་གི་ཡོད་པ་དང་། གཞིས་བྱས་མཉམ་སྦྲེལ་དང་མི་རིགས་མཐུན་སྒྲིལ་ཐད་ལ་ཡང་སྔར་ལྷག་གི་ཡར་སྐྱེད་དང་མདུན་བསྐྱོད་ཀྱི་རྣམ་པ་གསར་པ་འདི་ཚོ་རྒྱལ་གཅེས་དཔའ་བོ་ཁྱེད་དང་ཁྱེད་ལྟ་བུའི་བཀའ་དྲིན་འབའ་ཞིག་ཡིན་པས། ངས་བཀའ་དྲིན་ཆེ་ཞེས་ལེན་གྲངས་སྟོང་གི་བར་དུ་ཞུ་རྒྱུ་ཡིན་ལ། སྙིང་དབུས་ནས་ནམ་ཡང་ནུབ་པ་མེད་པའི་སེམས་ཁོང་གི་དྲན་རྟེན་གསོན་པོ་དེ་ཡང་ཁྱེད་དང་ཁྱེད་ལྟ་བུའི་ཞིང་གཤེགས་དཔའ་བོ་དཔའ་མོ་དག་ཡིན།
དཔའ་བོ་ལགས། ཁྱེད་རྣམས་གསོན་དོན་རང་སྒར་མིན་ལ། བཞུད་དོན་དེ་བས་ཀྱང་དོན་མེད་མིན། ཨཽ་མ་ཎྀ་པདྨེ་ཧྰཱུ།