དེ་རིང་གཟའ་པ་སངས་ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོར་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
ད་ལྟ་རང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢།༣༠ ཡས་མས་སུ། མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་དུ། རང་ལོ་ ༢༤ ཡིན་པའི་བོད་མི་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ནི། ཨ་མཆོག་སྐེད་སྡེ་བའི་རང་ལོ་ ༤༩ ཡིན་པའི་ཕ་གནམ་ཕྱུག་ཚེ་རིང་དང་། རང་ལོ་ ༥༠ ཡིན་པའི་མ་གཟུངས་འདུས་འཚོ་གཉིས་ཀྱི་བུ་ཡིན་འདུག་ལ། ཁོང་དང་བཟའ་ཟླ་ཚེ་རིང་གཉིས་ལ་རང་ལོ་ ༢ ཡིན་པའི་བུ་མོ་སྙིང་མོ་སྐྱིད་འབོད་པ་ཞིག་ཡོད་འདུག
གསར་འགོད་པ། དོན་གོ
དེ་རིང་ཚེས༢༦ ཨ་མཆོག་ཏུ་ཡུལ་ཚོ་རུ་སློབ་གྲྭའི་གནང་བ་སྤྲོད་པའི་དུས་སྐབས་ཤིག་ཏུ་འཁེལ་བས་སློབ་མའི་ཁྱིམ་བདག་སོགས་མི་ཤིན་ཏུ་མང་བའི་སྐབས་ཡིན་པ་དང་། སྐབས་དེ་དུས་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ཡང་ཟ་ཁང་ཞིག་ནས་གྲོགས་པོ་དག་དང་མཉམ་དུ་ཟ་མ་ཟོས་བསྡད་རྗེས། ག་ལེར་ཕྱི་རོལ་ཁྲོམ་དུ་ཕྱིན་ཏེ་མི་ཚོགས་ཀྱི་འུར་སྒྲ་དང་ཁོང་གི་འབོད་སྒྲ་ཤུགས་ཆེར་ཁྱབ་པར་གྱུར་བ་དང་། ཁོང་གིས། རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་ཟེར་བཞིན་རྒྱུགས་ཏེ། གང་འཚམ་ཞིག་ནས་འགྱེལ་ཞིང་སྐུ་ལུས་སྨད་འཚིག་ནས་རིང་ཙམ་འགྲོ་བཞིན་པའི་སྐབས་སུའང་། ད་དུང་ཕྱག་གཉིས་ཐལ་མོ་སྦྱར་ཏེ་གོང་གི་འབོད་ཚིག་དེ་གཉིས་བསྐྱར་ཟློས་བྱས་པས། མི་མང་གིས་མཐའ་སྐོར་ཡོངས་སུ་ཁེངས་པར་མ་ཟད། མི་མང་གི་སྲུང་སྐྱོབ་དང་མི་མང་གི་ཁོང་ཁྲོ་ཡང་མངོན་སུམ་དུ་གྱུར་བས། དམག་མི་དང་ཉེན་རྟོག་པ་དག་ཀྱང་རིང་ས་ནས་བལྟས་ཏེ་སྡོད་པ་ལས་ཉེ་སར་བཅར་ཐུབ་མི་འདུག མེ་རིམ་གྱིས་འཇགས་རྗེས་ཕྱིང་ཐུལ་ཞིག་དང་དེའི་སྟེང་དུ་གོས་སེར་པོས་གཡོགས་ནས་སྐུ་ཕུང་སྐེད་སྡེ་བར་གདན་འདྲེན་ཞུས་ཟིན་པ་དང་། ད་ལྟ་སྐེད་སྡེ་བའི་ཉེ་འཁོར་དུ་ཨ་མཆོག་ཡུལ་མིའི་རླངས་འཁོར་དང་འཕྲུལ་རྟས་ཧྲིལ་གྱིས་ཁེངས་འདུག་ཅེས་བརྗོད་དོ།།
ད་གང་དྲག་དཀོན་མཆོག་མཁྱེན། ད་ནི་འདྲ་མ་ཡོང་བ་ཤོག་ཟེར་ནས་སྨོན་ལམ་འདེབས་ངེས་ཡིན་བླ་མ་མཁྱེན། ཁོང་རྣམ་འཕགས་མཆོག་མིག་མི་འཛིན་པའི་རྗེས་སུ་འཛིན་པར་སྨོན་ནོ།