འབྲོང་ངུར་ཆོས་རྗེ།
ཁ་སང་ང་ཚོ་མི་ལྔ་དགོང་ཟས་ཟ་བཞིན་པའི་སྐབས་སུ་རྒྱུན་ལྡན་ལྟར་གཏམ་གླེང་བྱས། ངའི་གྲོགས་པོ་འགོམ་ལམ་བཟང་གིས་གནས་སྐོར་དང་སྨོན་ལམ་ལ་ཡོང་མཁན་མང་པོ་ཞིག དེ་རིང་ཕྱིར་རང་གནས་སུ་ལོག་བཞིན་པའི་སྐོར་བཤད་པ་དང༌། ཁོའི་ངོ་ཤེས་གྲྭ་པ་ཁ་ཤས་སྨོན་ལམ་ལ་སླེབས་ནས་བཟུང་ད་བར་ཉིན་གྲངས་འདི་གའི་རིང་སྟོན་པ་མཇལ་རྒྱུ་མ་བྱུང་སྟབས། དེ་རིང་ལོག་འགྲོ་བ་དང་བསྟུན་ཏེ་སྟོན་པར་ཐོན་ཕྱག་ཅིག་དབུལ་དུ་འགྲོ་རྒྱུ་ཡིན་ལབ་ཀྱི་འདུག་ཅེས་བཤད་བྱུང༌། སྐད་ཆ་དེའི་རྐྱེན་གྱིས་ང་རང་ཡང་སྨོན་ལམ་འཚོགས་པར་ཡོང་ནས་བཟུང་ད་བར་ཉིན་གྲངས་ཉི་ཤུར་ཉེ་ཡང་སྟོན་པ་མཇལ་བར་སོང་མེད་པའི་གནས་ཚུལ་དྲན་པར་བརྟེན་དེ་དོན་ཁོང་ཚོར་བཤད་པ་དང་འབྲེལ། འོ་རེད། བྲེལ་བ་མི་འདུག་ལོ་གསར་ཚེས་གཅིག་ཉིན་ལོ་གསར་པའི་རྟེན་འབྲེལ་དང་བསྟུན་ནས་མཇལ་ཕྱག་ཞུ་རུ་འགྲོ་ཡི་ཡིན་ཞེས་སྨྲས་པས། སྐབས་དེར་ཡོད་ཅིང་གསར་དུ་ངོ་ཤེས་པའི་གྲྭ་བཟང་པོས་ད་དུང་སྟོན་པ་མཇལ་མེད་དམ་ཞེས་འཛུམ་ཆེན་པོ་བསྟན་ནས་གད་མོ་བགད་པ་དང་གཞན་རྣམས་ང་ལ་མིག་ཆེན་པོ་གདང་ནས་ལྟ་བཞིན་འདུག གྲོགས་པོ་བཟང་པོས་འཛུམ་ཆེན་པོ་བསྟན་ནས་གད་མོ་དགོད་སྟངས་དེ་ད་དུང་ངའི་མིག་ལམ་དུ་བཀྲ་ལམ་མེར་འཆར་གྱིན་པ་དང་ཆབས་ཅིག་ང་རང་སྟོན་པའི་རྗེས་འཇུག་མཚན་ཉིད་པ་ཞིག་ཆགས་མེད་པ་འདྲ་ཞེས་ཀུན་རྟོག་སྣ་ཚོགས་འཆར། བདག་དང་བདག་འདྲ་བའི་བོད་ཀྱི་ནང་པ་དག་རང་གི་སྟོན་པ་དང་རྒྱང་ཐག་ཧ་ཅང་རིང་བའི་ཡ་མཚན་ཅན་གྱི་གནས་ཚུལ་འདིས་དེ་རིང་ཉིན་གང་ངའི་བསམ་བློ་གཞན་དུ་འགྲོར་མ་བཅུག ཇི་ཙམ་བསམས་པ་དེ་ཙམ་གྱིས་སྐྱོ་སྣང་འཕེལ་བ་ལས་མི་འདུག་པས། ད་ནི་ཉལ་ན་ལེགས། མཚན་མོ་བདེ་ལེགས།
ཀློག་པ་པོ་ལགས། གོང་གསལ་ཉིན་ཐོའི་ནང་གི་གནས་ཚུལ་དེ་ཅི་འདྲ་ཞིག་རེད། གྲྭ་བཟང་པོས་འཛུམ་ཆེན་པོ་བསྟན་ནས་བགད་པ་ལྟར་ངོ་མ་ཁྲེལ་དགོད་ཀྱི་གནས་སུ་ངོས་འཛིན་བྱེད་དམ། ཡང་ན་དོན་ཆུང་སྣང་མེད་དུ་གཏོང་འོས་པ་ཞིག་རེད། ངས་བསམ་གཞིག་ལན་མང་བྱེད་སྐབས་དེ་ལས་ཀྱང་དགོད་བྲོ་བའི་གནས་ཚུལ་མཐོང་རྒྱུ་འདུག་སྟབས་ངས་རྩོམ་འདི་འབྲི་མགོ་བཙུགས། བོད་ཀྱི་ནང་པ་ཕལ་ཆེ་བས་ཁ་ནས་མ་ཎི་དང་བྱམས་བརྩེ་ཆུ་ལྟར་བགྲང་ཤེས་ཀྱང༌། དོན་ངོ་མར་ནང་པའི་ལྟ་སྒོམ་སྤྱོད་གསུམ་རྒྱུས་མེད་ལ། གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་ལ་བསམ་བློ་བཏང་མྱོང་མེད། ཁྱེད་རང་ཕྱི་རོལ་མུ་སྟེགས་པ་རེད་ཅེས་བརྗོད་ན་དེ་མ་ཐག་ཁོང་ཁྲོའི་གཉེར་རིས་སུམ་བརྩེགས་བཞི་བརྩེགས་སུ་མངོན་ན་ཡང༌། དོན་དམ་དུ་ཁྱེད་ཀྱི་སྟོན་པ་སུ་ཡིན་ཞེས་དྲིས་ན་ལན་ཐེབས་མཁན་ཧ་ཅང་ཉུང་ཞིང༌། མཚན་ཙམ་ཤེས་པའི་དབང་དུ་བཏང་ནའང་སྟོན་པའི་མཛད་པ་དང་མཛད་པ་ཀུན་ལས་གང་ཞིག་གཙོ་བ་སོགས་ཀྱི་དྲི་བ་ཆུང་ཆུང་རེ་བཀོད་ཀྱང་བོད་ཀྱི་ནང་པ་ཕལ་མོ་ཆེས་ལན་ཐེབས་དཀའ་བར་གྱུར་ཡོད་ལ། གཞུང་ཆེན་ལ་སློབ་སྦྱོང་བྱས་ཏེ་ལོ་མང་ལོན་མཁན་ཞིག་ཡིན་ནའང་མཛད་པ་བཅུ་གཉིས་དྲོངས་ཤིག་ཟེར་ན་མགོ་འཕུར་འཕུར་དང་ལྕེ་སྣར་སྣར་བྱེད་ངེས། ནང་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་དག་ལྟ་ཞོག སོ་སོའི་སྟོན་པ་སུ་ཡིན་ཡང་ངོ་མི་ཤེས་མཁན་ཤིན་ཏུ་མང་བ་འདིས་གངས་ཅན་པ་ཚོའི་ཡ་ང་བའི་ད་ལྟའི་གནས་སྟངས་མཚོན་གྱི་ཡོད།
ནང་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་བཤད་གྲྭ་བ་དང་མཐོ་རིམ་སློབ་གྲྭ་བ་རྣམས་ཀྱིས་རང་གི་སྟོན་པ་ངོ་ཙམ་ཤེས་ནའང་བྱེད་སྟངས་དང་འཇུག་སྟངས་གཏན་ནས་ཤེས་ཀྱི་མེད། ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དུས་དང་རྣམ་པ་ཀུན་ཏུ་རང་གི་སྟོན་པ་བཀའ་དྲིན་ཅན་དེ་གཙོ་བོར་བཀུར་ཞིང༌། དེའི་གསུང་ལ་འཆད་ཉན་སྒོམ་སྒྲུབ་བྱེད་དགོས་པ་ནི་སྨོས་ཅི་དགོས་ཀྱང༌། དེ་ལས་ལྡོག་སྟེ་དེང་དུས་རང་གི་སྟོན་པ་བརྗེད་ཟིན་པའི་ཚད་དུ་སླེབས་པའི་ཚོར་སྣང་སྐྱེ། སྟོན་པའི་རྗེས་འཇུག་རྣལ་མ་ཞིག་ཡིན་ན་རང་གི་སྒོ་གསུམ་གྱི་བགྱི་སྒོ་གང་དང་གང་གི་ཚེ་ནའང་སྟོན་པ་བཀའ་དྲིན་ཅན་ཐོག་མར་རྗེས་སུ་དྲན་པར་བྱ་དགོས་པ་ལོས་ཡིན་མོད། རྒྱུན་ལྡན་ང་ཚོའི་བྱེད་སྟངས་འདི་ཚོར་གཟིགས་ཞིབ་རེ་མཛོད་དང༌། ང་ཚོས་ཞོགས་པ་ལངས་པ་དང་ཨ་ར་པ་ཙ་ན་དྷཱིཿདྷཱིཿདྷཱིཿཞེས་སྐྱོར་གྱིན་ཁྲུས་ཁང་དུ་ཕྱིན། མར་ལོག་ནས་ཉལ་ཁྲིའི་སྒང་ལ་བསྡད་ནས་ཁ་ཏོན་དང་བློ་འཛིན་སོགས་བྱེད་ཀྱི་ཡོད་ཀྱང་དེའི་ཚེ་སྟོན་མཆོག་ཐུབ་པའི་དབང་པོ་ཡུད་ཙམ་ཡང་ཡིད་ལ་དྲན་མྱོང་ཡོད་དམ། ཡང་ན་ཤག་རོགས་དང་ཤག་མཚེས་སོགས་གཞན་གྱིས་ཐུབ་བསྟོད་ཤོ་ལོ་ཀ་གཅིག་ཙམ་བཏོན་པ་ཡང་ཐོས་མྱོང་ངམ། ལོ་ནས་ལོ་བསྟུད་ཉིན་ལྟར་ཆག་མེད་དུ་ཁ་ཏོན་མང་པོ་བཏོན་བཏོན་ནས་ཤོག་བུའང་དྲི་ནག་ཅན་དུ་གྱུར་པ་དག་གིས་རྒྱུན་ལྡན་ཕར་ཟད་ལོ་གཅིག་ནང་ཐུབ་བསྟོད་ཚར་གཅིག་བཏོན་མྱོང་ཡོད་དམ།
དེ་བཞིན་སྟོན་པའི་གསུང་དངོས་ལ་ཁ་ཏོན་ཡི་དམ་དུ་བྱེད་མཁན་ག་ཚོད་ཡོད་དམ། ནམ་གྱི་ཆ་སྨད་མལ་ནས་ལངས། །ནམ་ལང་བར་དུ་ཁ་ཏོན་བྱ། །གདོང་དང་སོ་ཡི་དྲི་བཀྲུས་ཏེ། །རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །ཞེས་བྱ་རྒྱུའི་ཁ་ཏོན་དེ་སྟོན་པའི་གསུང་ཡིན་པ་དང༌། གུས་ཕྱག་འཚལ་སའི་རྫོགས་སངས་རྒྱས་དེ་སྟོན་པ་ཉིད་ཡིན་པ་ངོས་འཛིན་ཞིབ་གསལ་ཐུབ་མཁན་ག་ཚོད་འདུག་གམ། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་དབྱིག་གཉེན་གྱིས་བརྒྱད་སྟོང་པ་ཁ་ཏོན་དུ་བྱེད་པ་སོགས་ཀྱི་ལོ་རྒྱུས་མཆིས་ཀྱང༌། བོད་ཀྱི་ལོ་རྒྱུས་ཐོག་དེ་འདྲའི་གནས་ཚུལ་ཐོས་རྒྱུ་ག་ཚོད་འདུག་གམ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཁ་ཏོན་དུ་བྱེད་པའི་མདོ་བཅུ་ཞེས་འཇམ་དཔལ་མཚན་བརྗོད་དང་བཟང་སྤྱོད་དེ་བཞིན་དྲི་མེད་བཤགས་རྒྱུད་སོགས་སངས་རྒྱས་ཀྱི་གསུང་དངོས་མདོ་བཅུ་ཡོད་པའི་དེབ་གཟུགས་ཤིག་མཐོང་བས། ཡབ་མེས་བཙན་པོ་དག་གི་སྤྱོད་ཚུལ་དེ་ལྟར་ཡང་ང་ཚོའི་སྤྱོད་ཚུལ་ཅི་འདྲ་ཡིན་ནམ། དེ་དག་ནི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་ཆེན་པོ་དང་ཟབ་པོ་དང་གཞན་ལས་མཆོག་ཏུ་སྨྲ་བར་སྤྲོ་བའི་ངེད་ཅག་བོད་ཀྱི་ནང་པ་དག་གིས་ངེས་པར་བསམ་གཞིག་དགོས་པའི་དྲི་བ་འགའ་ཞིག་ཡིན།
ད་དུང་དེས་ག་ལ་ཚད། གཞུང་གི་རྩ་བ་ལྡེབ་གྲངས་བརྒྱ་ཕྲག་སྟོང་ཕྲག་བློ་རྒྱུགས་ཕུལ་ཟིན་ཡང་ཐུབ་བསྟོད་ཆ་ཚང་ཞིག་དང་དཀོན་མཆོག་རྗེས་དྲན་ཆ་ཚང་ཞིག་འདོན་པར་དཔེ་ཆ་ལྟ་དགོས་མཁན་ཧ་ཅང་མང༌། དེ་བཞིན་ང་ཚོས་བགྲོ་གླེང་རྩོམ་ཤོག་ཅིག་འབྲི་བའི་ཚེ་ནའང་རང་སྒེར་གྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཆེ་གེ་མོའི་བསམ་ཡུལ་ལས་འདས་པའི་ཡོན་ཏན་བསྒྲགས་ཏེ་ཤོ་ལོ་ཀ་རེ་ཟུང་བཙན་བསྒྲིགས་བྱེད་པ་ལས་ཆུ་མགོ་གངས་ལ་ཐུག་པའི་སྟོན་པ་བཀའ་དྲིན་ཅན་ལ་མཆོད་པར་རྗོད་མཁན་བརྒྱ་ཡི་ནང་ན་གཅིག སྟོང་གི་ནང་ན་གཉིས་ཙམ་རེད། ཕྱི་ལོ་ ༢༠༡༠ ལོར་ཁོ་བོའི་འཛིན་གྲྭའི་བགྲོ་གླེང་སྐབས་འཛིན་གྲོགས་བཀྲ་ཤིས་དོན་གྲུབ་ཀྱིས་སྟོན་པ་ལ་མཆོད་བརྗོད་བྲིས་འདུག་པ་ནི། དེང་དུས་ང་ཚོས་སྟོན་པ་བཀའ་དྲིན་ཅན་བརྗེད་ཟིན་པ་ལྟ་བུར་མཐོང་བས་དྲན་གསོའི་ཆེད་དུ་ཡིན་ཞེས་གསལ་བཤད་བྱས་པ་དང༌། ཤུགས་ལ་བགྲོ་གླེང་རྩོམ་ཤོག་ཐོག་དང་པོར་སྟོན་པ་ཉིད་ལ་བཀའ་དྲིན་རྗེས་དྲན་གྱི་མཆོད་བརྗོད་རྩོམ་དགོས་པའི་སྐད་ཆ་བཤད་ནའང་ལེགས་བཤད་དེའི་རྗེས་སུ་བསྐྱོད་དེ་སྙིགས་དོར་བཅུད་ལེན་བྱེད་མཁན་ཞིག་མ་བྱུང་བ་མ་ཟད། ལེགས་བཤད་དེར་རྗེས་སུ་ཡི་རང་གི་རྣམ་པ་ཙམ་སྟོན་མཁན་མ་བྱུང་བ་ནི། ནང་བསྟན་ལ་ཐོས་བསམ་སློབ་གཉེར་བྱེད་པོ་བོད་ཀྱི་ནང་པ་དག་གི་ཡ་མཚན་ཅན་གྱི་གནས་སྟངས་ཤིག་ཆགས་ཡོད།
དེ་བཞིན་བོད་ཀྱི་ནང་པ་ཚོས་གཞུང་ལུགས་ཆེན་མོར་སློབ་གཉེར་བགྱིད་ཟེར་ནས། ཁ་ཅིག་གིས་ལོ་ངོ་དགུའི་ཚད་དང༌། ཁ་ཅིག་གིས་བཅུ་གཅིག ཁ་ཅིག་གིས་ཉེར་ལྔ། ཁ་ཅིག་གིས་མི་ཚེ་གང་པོར་གཞུང་ཆེན་འཆད་ཉན་གནང་གིན་ཡོད་ནའང༌། ཞིབ་པར་བསམ་ཚེ་སྟོན་པའི་གསུང་དངོས་ལ་འཆད་ཉན་ཐོས་བསམ་ག་ཚོད་གནང་མྱོང་བའམ་གནང་གིན་ཡོད་དམ། འདིར་ཡང་རྩ་བ་བོར་ནས་ཡལ་གར་འཇུས་ཟེར་བའི་དཔེ་ལྟར་གྱུར་ཡོད། སོར་མདོ་ཕུད་པའི་རྒྱལ་བའི་བཀའ་འགྱུར་པོད་བརྒྱ་ཕྲག་ལྷག་བཞུགས་པ་རྣམས་ལ་འཆད་ཉན་ལྟ་ཞོག་དཔེ་ཀློག་ཟུར་ལྟ་ཙམ་ཡང་ག་ལ་བྱེད། ཆོས་འཆད་ཉན་དང་དཔྱད་རྩོམ་བགྲོ་གླེང་སྤེལ་བ་སོགས་ཀྱི་ཚེ་ནའང་རྒྱ་བོད་ཀྱི་མཁས་པ་ཆེ་གེ་མོའི་གསུང་ལུང་འདྲེན་དང་སྒྲུབ་བྱེད་དམ་འགོག་བྱེད་དུ་འགོད་པ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཞེས་པའི་རྟགས་འགོད་མཁན་མེད་ལ། བཀོད་ཀྱང་ཕལ་ཆེར་ཁྱབ་པ་མ་བྱུང་བའི་ལན་འདེབས་ངེས་པ་སོགས་ལ་བརྟེན་ཏེ། སྟོན་པའི་མདོ་ལུང་ལ་ཁུངས་གཏུགས་པ་དང་ལུང་འདྲེན་བྱེད་པ་པོ་ནི་ཉིན་མོའི་སྐར་མ་ལྟར་གྱུར་ཅིང༌། རང་རང་གི་གྲུབ་མཐའི་མཁས་པ་དང་གྲུབ་པ་ཆེ་གེ་མོ་དང་དེའི་གཞུང་ལུགས་ཀྱི་འདོད་པ་དག་སྟོན་པ་དང་སྟོན་པའི་གསུང་ལས་ཀྱང་གཙོ་ཆེ་བའི་ལྟ་ཚུལ་འཛིན་པ་པོ་ཉུང་ཉུང་མིན། སྟབས་ལེགས་སྟེས་དབང་གིས་རྒྱལ་བའི་བཀའ་འགྱུར་ཀློག་པར་བྱེད་པའི་སྲོལ་བཟང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ཡང་ནེ་ཙོས་མ་ཎི་འདོན་པ་དང་དཀྱུས་སར་རྟ་རྒྱུགས་འགྲན་པ་ལྟ་བུ་ཞིག་རེད།
ཉེ་ཆར་རྒྱ་གར་ནང་པའི་མཁས་དབང་ཞིག་གིས་ནང་ཆོས་ངོ་སྤྲོད་ཀྱི་ཚོགས་འདུ་ཞིག་ཏུ་གཏམ་བཤད་བྱེད་སྐབས་ཅི་འདྲའི་ཡིད་འཕྲོག་པ་ཞིག་སྟེ། ཁོང་གིས་གནས་ལུགས་དང་རྒྱུ་མཚན་རེ་འཆད་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་ལས་འདི་ལྟར་གསུངས་ཡོད་ཅེས་མདོ་ལུང་རེ་འདྲེན་པ་དང་། མདོ་ལས་བྱུང་བའི་གཏམ་རྒྱུད་རེ་དྲངས་པ་སོགས་ཀྱིས་ཐད་ཀར་སྟོན་པའི་གསུང་ལ་གཏུགས་ཏེ་བཤད་པ་མཐོང་ལ། ལུང་འདྲེན་དང་གཏམ་རྒྱུད་རྣམས་བློ་ཐོག་ནས་ཐོགས་པ་མེད་པར་བཤད་རྒྱུ་ཡོད་པ་ཞིག་འདུག སྐབས་དེར་ངོ་མ་བསྲེ་ལྷད་མ་ཞུགས་པའི་ནང་ཆོས་དྭངས་མ་ཞིག་ཤོད་ཀྱི་ཡོད་པའི་ཚོར་སྣང་བྱུང་ལ། བོད་ཀྱི་ནང་པ་རྣམས་ཀྱིས་འཆད་ཉན་སྒོམ་སྒྲུབ་ཐམས་ཅད་སྟོན་པ་དང་སྟོན་པའི་གསུང་ཡིན་མི་ཆོག་པ་རེད་དམ་ཞེས་པའི་དྲི་བ་ཞིག་ཀྱང་རང་བཞིན་གྱིས་བློ་ངོར་འཆར། ལྷ་ཆེ་གེ་མོ་ལོ་དང་ཟླ་བར་སྒོམ་བཟླས་བྱས་ཞེས་ཤོད་མཁན་སྐར་ཚོགས་བཞིན་མཆིས་ནའང༌། སྟོན་མཆོག་ཐུབ་པའི་དབང་པོའི་སྒོམ་བཟླས་དང་གསོལ་འདེབས་བྱེད་མཁན་ཞིག་བཙལ་ཡང་རྙེད་པར་དཀའ་བའི་ཚད་དུ་སླེབས་ཡོད།
རང་གི་བླ་མ་དང༌། རང་གི་ཡི་དམ། རང་གི་ཆོས་སྐྱོང་ཆེ་གེ་མོའི་བསྟོད་སྨོན་དང་གསོལ་འདེབས་རེ་འདོན་ཚེ་ལག་གཉིས་ཐལ་མོ་སྦྱོར་ཞིང་མིག་གཉིས་ཟིམ་ཟིམ་ངང་སེམས་པ་རྩེ་གཅིག་ཏུ་དྲང་སྲོང་ཏིང་ངེ་འཛིན་ལ་ཞུགས་པ་ལྟ་བུའི་ངང་ཚུལ་སྟོན། འོན་ཀྱང་ཐུབ་བསྟོད་དང་གནས་ཆོག་སོགས་འདོན་ཚེ་ཁ་གཡེང་མིག་གཡེང་གིས་མཇུག་ཇི་ལྟར་རྫོགས་པའང་ཚོར་གྱི་མེད། ང་ཚོས་རྒྱུན་དུ་ཡེ་ཤུ་དང་ཁ་ཆེ་སོགས་ཕྱི་རོལ་པ་དག་ལ་ཐར་པ་མེད་པ་དང་ལམ་ལོག་པ་ཡིན་པ་སོགས་སྐྱོན་ཆ་འབའ་ཞིག་གླེང་སྟེ་བློ་ངོར་འཆར་ཚེ་ནག་པོ་ནག་རྐྱང་ཞིག་ཡིན་སྣང་འཆར་གྱི་ཡོད་ནའང༌། དོན་དངོས་སུ་ཁོང་ཚོའི་བྱེད་སྟངས་བྱེད་ལུགས་ཁ་ཤས་ང་ཚོའི་མིག་དཔེར་གྱུར་ཡོད་ལ། ལྟ་སྒོམ་སྤྱོད་གསུམ་རྒྱ་ཆེ་ཆུང་དང་བཟང་ངན་གང་ལྟར་ཡང་གང་ཡོད་པ་དེ་ཕལ་ཆེ་བ་ལག་ལེན་དུ་བཀལ་ནས་སོ་སོའི་སྟོན་པའི་རྗེས་འཇུག་རྣལ་མ་ཞིག་ཡིན་པའི་སྤོབས་སེམས་བྱེད།
ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་རང་གི་སྟོན་པ་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པ་དང་རྣམ་ཀུན་སྟོན་པ་ཉིད་གཙུག་བཀུར་གཙོ་བོར་འཛིན། སྔར་མ་དར་བའི་ས་གནས་གསར་པ་ཞིག་ཏུ་ཡེ་ཤུའི་ཆོས་ལུགས་དར་སྤེལ་བྱ་རྒྱུ་ཡིན་ན་ཐོག་མ་ཉིད་དུ་སྟོན་པ་ཡེ་ཤུའི་མཛད་རྣམ་ངོ་སྤྲོད་ཀྱི་དེབ་དཔར་རིས་ཅན་སོགས་ས་གནས་དེར་འགྲེམས་སྤེལ་བྱས་ཏེ་ཡེ་ཤུའི་ཆོས་གསུང་བ་པོ་སྟོན་པ་དེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བྱམས་བརྩེའི་རང་བཞིན་གྱི་མི་ཚེའི་ཆེ་བ་དང་འཕྲིན་ལས་སོགས་ཐོག་དང་པོར་འགྲེལ་བརྗོད་གང་ཐུབ་བྱེད་པ་མཐོང་ལ། ཡེ་ཤུའི་སློབ་གྲྭ་ཞིག་ཏུ་ཡིན་ན་སྔ་དགོང་ལང་ཉལ་དང་ཟས་ཟ་བ་སོགས་ཀྱི་ཚེ་ཐོག་མ་ཉིད་དུ་མིག་གཉིས་བཙུམས་ཤིང་། ལག་གཉིས་ཁུ་ཚུར་བསྡམས་ཏེ་རང་གི་སྟོན་པ་རྗེས་དྲན་དང་སྟོན་པའི་རྗེས་འཇུག་རྣལ་མ་ཞིག་ཆགས་ཐུབ་པའི་སྨོན་ལམ་འདེབས། ཡེ་ཤུའི་ཆོས་ལ་དད་ལྡན་འཛམ་གླིང་རྩེད་འགྲན་པ་གྲགས་ཅན་དག་གིས་རྩེད་རའི་ནང་མ་འཛུལ་གོང་རང་གི་སྟོན་པར་རྗེས་དྲན་གུས་འདུད་དང་གསོལ་འདེབས་བྱེད་པ་ནི་ང་ཚོས་ལྟད་མོའི་ནང་མཐོང་གསལ་ཡིན། དེ་དག་ནི་ཆོས་ལུགས་གཞན་གྱིས་རང་གི་སྟོན་པར་བརྩི་འཇོག་བྱེད་སྟངས་རེད།
འདི་ལོའི་སྨོན་ལམ་ལྟ་བུར་མཚོན་ན་ནང་པའི་དགེ་འདུན་སྡེ་གཉིས་ཀྱི་འདུས་ཚོགས་ཆིག་ཁྲིར་ཉེ་བའི་སྨོན་ལམ་ཆེན་མོ་ཞིག་ཡིན་མོད། སྨོན་ལམ་ཆེན་མོའི་སྐྱབས་ཐོའི་ནང་བླ་མ་ཆེ་གེ་མོ་དང༌། སྦྱིན་བདག་ཆེ་གེ་མོ། སྐུ་འགྱེད་དང་མང་ཇ་ག་གེ་མོ། འབུལ་མཚོན་དང་རིམ་གྲོ་དེ་བཞིན་བསྔོ་སྨོན་ག་གེ་མོའི་འུར་སྒྲ་སྒྲོག་པ་ལས། སྐབས་དེར་ཡང་སྟོན་པ་བཀའ་དྲིན་ཅན་གཏིང་བརྗེད་དུ་གྱུར་ཏེ་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་ཚུལ་དུ་རྟེན་གཙོ་ཐུབ་པའི་དབང་པོའི་མདུན་མཎྜལ་རྟེན་དོད་དང་། དར་ཨ་ཤེ་ཞིག་ཀྱང་འབུལ་དགོས་སྣང་འཆར་གྱི་མེད། སྟོན་པ་མ་དྲན་གོང་ནས་རྗེས་འཇུག་དྲན་ཟིན་པ་དང༌། དགེ་རྒན་མ་དྲན་གོང་ནས་དགེ་ཕྲུག་དྲན་ཏེ་སྟོན་པ་ཉིད་མངོན་པར་འཚང་རྒྱ་བའི་གནས་མཆོག་འདི་ལྟ་བུར་ཡང་མགོ་མཇུག་དང་གོ་རིམ་འགྲོ་སྟངས་བྲལ་བའི་སྐྱབས་ཐོ་འདི་འདྲ་རྒྱུན་དུ་ཐོས་ཤིང༌། དབུ་མཛད་ཀྱིས་ཇ་མཆོད་ཅིག་ཕུལ་ནའང་ལྷ་ཆེ་གེ་མོ་དང་འདྲེ་ཆེ་གེ་མོ་ངེས་པར་ཡིན་དགོས་པ་ལས། ཉིན་བཅུའི་རིང་སྟོན་པ་བཀའ་དྲིན་ཅན་ལ་ཇ་མཆོད་ཚར་གཅིག་ཕུལ་བའང་གསེར་ལས་དཀོན་ནོ།།
གནས་མཆོག་རྡོར་གདན་དུ་ལོ་ལྟར་ཕེབས་བཞིན་པའི་ཤྲི་ལངྐ་དང་འབར་མ། ཝེ་ཏི་ནམ། ཐའི་ལེན་སོགས་ཀྱི་ནང་པ་རྣམས་ཀྱིས་གནས་སྐོར་མཆོད་མཇལ་བྱེད་སྟངས་དང༌། ང་ཚོ་ཧི་མ་ལ་ཡའི་མི་རིགས་ཀྱི་ནང་པ་ཐེག་ཆེན་པར་རློམ་པ་དག་གིས་མཆོད་མཇལ་དང་གནས་སྐོར་བྱེད་སྟངས་གཉིས་པོ་གཤིབ་བསྡུར་ཞིག་བྱས་ན། ཁོང་ཚོ་གནས་སྐོར་དུ་སླེབས་པ་དང་ཐོག་དང་པོར་ཐད་ཀར་བང་བསྒྲིགས་ཏེ་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་རྟེན་གྱི་མདུན་མཇལ་ཕྱག་ཞུ་བར་སྐྱོད་པ་དང༌། དེ་ནས་རིམ་བཞིན་གནས་གཞན་རྣམས་མཇལ་གྱི་ཡོད། དེ་ཡང་དགེ་འདུན་པ་འགས་སྣེ་འཁྲིད་དེ་གནས་རེ་རེ་བཞིན་འགྲེལ་བཤད་རྒྱག་པར་བྱེད། ཁྱད་པར་དུ་སྟོན་མཆོག་ཟས་གཙང་སྲས་པོ་རྒྱལ་བུ་དོན་གྲུབ་ཀྱི་ཆེ་བའི་ཡོན་ཏན་དང་འབྲེལ་ནས་མཛད་པ་བཅུ་གཉིས་གསལ་བཤད་དང༌། ཁོང་གིས་གསུངས་པའི་དམ་པའི་ཆོས་ཀྱི་ཉིང་ཁུ་བདེན་པ་བཞི་སོགས་ཆོས་བཤད་བྱེད་པ་ནི་ཀུན་གྱིས་མཐོང་གསལ་ཡིན། ཁོང་ཚོ་རྡོར་གདན་མཆོད་རྟེན་མདུན་དུ་འབྱོར་བའི་ཚེ་ན་བསམ་རྒྱུ་དང་དྲན་རྒྱུ་སྟོན་མཆོག་ཐུབ་པའི་དབང་པོ་ཉིད་ཡིན་ལ། སྨོན་ལམ་དང་གསོལ་འདེབས་ཞུ་ཡུལ་ཡང་སྟོན་མཆོག་དོན་ཀུན་གྲུབ་པ་ཁོ་ན་རེད། མ་ཟད་གནས་མཇལ་སྐབས་ནང་པའི་ཆོས་དར་རེ་ཕྲག་པར་ཁུར་ཏེ་ནང་པ་སངས་རྒྱས་པ་སྤྱིའི་ལ་རྒྱ་མཚོན་པར་བྱེད་ཅིང༌། སྟར་ཕྲེང་གི་མགོ་ལ་ཡོད་པའི་མི་ཞིག་གིས་སྟོན་པར་དབུལ་རྒྱུའི་ལྷུང་བཟེད་དང་ན་བཟའ་སོགས་བསྣམས་པ་དང་། གཞན་ཞིག་གིས་མཛེས་ཤིང་ལྟ་ན་སྡུག་པའི་དབུ་གདུགས་ཤིག་དེའི་སྟེང་ཕུབ་ནས་གཞན་རྣམས་དེའི་རྗེས་སུ་བང་བསྒྲིགས་ཏེ་སྐྱོད་པར་བྱེད། རྒྱུས་མེད་པའི་བོད་ཀྱི་ནང་པ་ཞིག་གིས་ཐག་རིང་ནས་བལྟས་ན་བླ་ཆེན་ཞིག་ཕེབས་ཀྱི་ཡོད་པའི་སྣང་འཆར་སྲིད་མོད། གནས་ཚུལ་ནི་དེ་ལྟ་ག་ལ་ཡིན་ཏེ། དབུ་གདུགས་ཀྱི་འོག་ལ་ཡོད་པ་དེ་ནི་སྟོན་པར་དབུལ་རྒྱུའི་ཟས་མཆོག་གིས་བཀང་བའི་ལྷུང་བཟེད་དང་ངུར་སྨྲིག་གི་ཆོས་གོས་རེད། གནས་ཚུལ་འདིས་ཀྱང་ཁོང་ཚོ་རང་གི་སྟོན་པར་ཅི་ཙམ་གྱིས་བཀུར་སྟི་དང་དད་གུས་ཡོད་པ་གསལ་པོར་མཚོན། ང་རང་ཚོ་བོད་ཀྱི་ནང་པ་ཞིག་ཡིན་ན་དབུ་གདུགས་དེ་རང་ལ་ཕུབ་ནས་ལྷུང་བཟེད་དང་ཆོས་གོས་དེ་ཁུག་མ་ཞིག་ཏུ་བླུགས་ནས་ཟུར་དུ་འཁྱེར་ངེས་ཏེ། སྟོན་པ་ལས་ཀྱང་བླ་མ་གཙོ་བའི་ལྟ་ཚུལ་འཛིན་མཁན་འབའ་ཞིག་ཡིན་པས་སོ།།
ངེད་ཅག་བོད་ཀྱི་ནང་བསྟན་པ་ཚོར་མཚོན་ན་དགོས་རྒྱུའི་ནང་པ་ཡོངས་རྫོགས་གཅིག་སྒྲིལ་གྱི་ནུས་པ་འཐོན་པའི་ཚོན་སྣ་ལྔ་ཅན་གྱི་ནང་པའི་ཆོས་དར་ལ་བརྩི་བཀུར་དང་སྒྲེང་ཁུར་མི་བྱེད་པར། ས་བཀའ་རྙིང་གསུམ་གྱི་ཆོས་ལུགས་རེས་མི་དགོས་རྒྱུའི་རྙོག་གྲའི་རྒྱུར་གྱུར་པའི་དར་ཆ་རེ་བཟོས་ཏེ། ང་ཚོ་ཚང་མ་ནང་པ་སངས་རྒྱས་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་སྐྱེད་པ་ལ་འགལ་རྐྱེན་བསྐྲུན་དང་སྐྲུན་བཞིན་མཆིས་པ་མ་ཟད། ཁ་ཅིག་གིས་ད་དུང་ཟས་ཟ་བའི་ལྟོ་ཕོར་དང་གདོང་འབྱིད་པའི་ཁྲུས་རས་ཡན་ཆད་ལ་ཕྱོགས་རིས་ཀྱི་གདོན་འདྲེན་དེ་འདྲ་རེ་བྲིས་པ་མཐོང༌།
ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་ཞིག་ལ་དཔྱོད་ལྡན་སྐྱེས་བུ་དམ་པ་ཞིག་གིས་རང་གི་གསུང་བཤད་དུ། ས་བཀའ་རྙིང་གསུམ་ཆོས་ལུགས་རེས་དར་ཆ་རེ་བཟོས་ཏེ་ཕལ་ཆེར་དམག་འཁྲུག་རྒྱག་གྲབས་ཡོད་པ་ལྟར་འདུག་ཅེས་གསུངས་པའང་གོ་རྒྱུ་གཏིང་ཟབ་ཡོད་པའི་ཉེན་བརྡ་ཞིག་ཏུ་ངས་ངོས་འཛིན་བྱེད། འོན་ཀྱང་གནས་དོན་འདིའི་ཐད་རི་བོ་དགེ་ལྡན་པ་རྣམས་རང་ཚུགས་བརྟན་པོར་ཐུབ་ཡོད་པ་སྟེ། ད་བར་དགེ་ལུགས་ཀྱི་དར་ཆ་རེད་ཟེར་བ་མཐོང་ཐོས་བྱུང་མྱོང་མེད་པ་འདི་ནི་ངོ་མ་སྟོན་པའི་རྗེས་འབྲང་ཞིག་ཡིན་པའི་ཆ་ནས་གཟི་བརྗིད་རེད་ལ། གཞན་རྣམས་ཀྱིས་ལྟ་སའི་མིག་དཔེ་ཡང་ལོས་ཡིན། དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་རྡོར་གདན་བོད་པའི་ཟ་ཁང་ཞིག་ཏུ་ནང་པའི་ཆོས་དར་སྒེའུ་ཁུང་གི་ཤེལ་འབྱིད་པའི་རས་སུ་བེད་སྤྱོད་བྱེད་པ་བདག་གིས་མངོན་སུམ་དུ་མཐོང་ཞིང༌། གཞན་ཡང་སྦེལ་ཀོབ་ས་གནས་སུ་ནང་པའི་ཆོས་དར་གྱིས་ཁང་པ་རྙིང་པའི་སྒེའུ་ཡོལ་བྱས་པ་མཐོང་མྱོང་ཡོད་པས། ང་ཚོ་ཧི་མ་ལ་ཡའི་མི་རིགས་འདི་ཅི་འདྲའི་བླུན་རྨོངས་བ་ལང་རྫི་བོ་ལྟ་བུ་ཞིག་རེད་ཨང་སྙམ་པའི་ཡི་མུག་དང་ཁོང་ཁྲོ་འདྲེས་མའི་ཚོར་སྣང་བྱུང༌།
གོང་གསལ་ཤྲི་ལངྐ་སོགས་ཀྱི་ནང་པ་ཚོས་བྱེད་སྟངས་ཡིད་འཕྲོག་པ་གཞན་ཞིག་མཐོང་བ་ནི། ཁོང་ཚོས་གནས་སྐོར་སྐབས་ཀྱི་གོས་སློག་གྱོན་སྟངས་དེ་རེད། ཁོང་ཚོའི་དགེ་སློང་རབ་བྱུང་རྣམས་ཀྱིས་གོས་སེར་པོའི་རིགས་ཁོ་ན་གྱོན་པ་དང༌། ཁྱིམ་པ་རྣམས་ཀྱིས་གོས་དཀར་པོ་དཀར་རྐྱང་གི་རིགས་ཁོ་ན་གྱོན་ཏེ་སྟོན་པའི་གནས་མཇལ་ཞུ་བཞིན་འདུག ཁྱིམ་པ་རྣམས་ཀྱིས་སྟོད་ཐུང་དཀར་པོ་དང་སྨད་གཡོགས་ཀྱང་དཀར་པོ་ཡིན་པ་མ་ཟད། ཞྭ་མོ་དང་སྐེད་རགས་ཚུན་ཆད་དཀར་པོ་དཀར་རྐྱང་རེད། རབ་བྱུང་རྣམས་ཀྱི་གཟན་སེར་པོ་རེད་ལ་ཤམ་ཐབས་དང་སྨད་གཡོགས་ཀྱང་སེར་པོ་རེད། ཡང་ན་རྔུལ་གཟན་སེར་སྨུག་ཡིན་ཚེ་སྨད་གཡོགས་དང་ཤམ་ཐབས་སོགས་གཞན་ཚང་མ་ཡང་ཁ་དོག་གཅིག་མཚུངས་ལས་ཁྲ་ཁྲ་ཟིང་ཟིང་གྱོན་པ་གཏན་ནས་མི་སྣང༌། ལོ་ལྟར་སྨོན་ལམ་ཆེན་མོའི་སྐབས་སུ་ནང་པ་གཞན་རྣམས་ཀྱི་དད་ལྡན་དང་བ་འདྲེན་པའི་སྤྱོད་ཚུལ་འདི་དག་མཐོང་ཐེངས་རེར་བསྟན་པའི་མཛེས་རྒྱན་ཕུན་སུམ་ཚོགས་པ་ཞིག་རེད་འདུག་སྙམ་དགའ་བ་ཚད་མེད་སྐྱེས་པ་དང་ལྷན་ཅིག་ཁོང་ཚོར་སྙིང་ཁོང་ནས་ཡིད་སྨོན་འཆོར་གྱི་ཡོད་ལ། བྱེད་སྟངས་དེ་དག་ལ་བརྟེན་ནས་ཁོང་ཅག་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པ་སངས་རྒྱས་པ་ངོ་མ་ཞིག་ཡིན་པའི་ཚོར་སྣང་སྟེར།
བོད་ཀྱི་ནང་པ་ཚོ་རང་གི་སྟོན་པ་ལས་རྒྱང་ཐག་ཧ་ཅང་རིང་བ་ནི་རང་གི་ཁྱིམ་མམ་ཤག ལྷ་ཁང༌། མཆོད་ཁང༌། སློབ་ཁང་སོགས་སུ་སྐུ་དཔར་དང་སྐུ་རྟེན་གཤོམ་སྟངས་ལ་བརྟེན་ནས་ཀྱང་རྟོགས་ཐུབ། རྣམ་པ་དང་གྲངས་མང་བ་དེའི་ཁྲོད་དུ་སྟོན་པའི་སྐུ་དཔར་རམ་སྐུ་རྟེན་གཅིག་ཀྱང་ཡོད་དམ། ཡང་ན་གཞན་གྱིས་སྟོན་པའི་སྐུ་དཔར་བཤམས་པ་ག་ཚོད་མཐོང་མྱོང་ཡོད་དམ། དོན་ངོ་མར་རང་ཁྱིམ་མམ་རང་ཤག་ཏུ་དད་རྟེན་གཞན་བཅུ་ཕྲག་བརྒལ་བ་ཡོད་ནའང་སྟོན་པ་བཀའ་དྲིན་ཅན་གྱི་དད་རྟེན་གཅིག་ཀྱང་མཐོང་རྒྱུ་མེད། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་དད་རྟེན་ཡོད་ཀྱང་རུང་ལ་མེད་ཀྱང་རུང༌། གང་ལྟར་ཡང་ངེད་ཅག་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་རང་གི་ཤག་དང་ཁྱིམ་ཚང་སོགས་སུ་སྟོན་པའི་དད་རྟེན་ཞིག་དགོས་ངེས་ལོས་ཡིན།
དེ་ཡང་བསྟན་པ་འདིའི་བདག་པོ་དང་སྟོན་པ་ཡིན་པའི་ཆ་ནས་གཞན་ཀུན་ལས་ཀྱང་དབྱིབས་དང་ཁ་དོག་ཆེ་ཚད་སོགས་དམིགས་བསལ་འབུར་དོད་དུ་ཡོད་དགོས་པ་མ་ཟད་ཀུན་གྱི་དབུས་སུ་བཞུགས་སུ་གསོལ་ཏེ། སྐར་ཚོགས་བྱེ་བའི་དབུས་ན་དཀར་གསལ་ཟླ་བ་ལྟར་གཙོ་བོར་གཤོམ་དགོས་པ་ནི་སྨོས་ཅི་དགོས། དེ་བཞིན་དགོན་པའི་ལྷ་ཁང་དང་སློབ་གྲྭའི་ཚོགས་ཁང་སོགས་གང་ཡིན་ཡང་རྟེན་གཙོ་ནི་ངེས་པར་དུ་སྟོན་པ་ཐུབ་པའི་དབང་པོ་བཞེངས་ལོས་དགོས་ཀྱང༌། དཔྱོད་ཤེས་དང་སྒལ་ཚིགས་མེད་པ་དུ་མ་ཞིག་གིས་གནད་དོན་འདི་ལས་རྒྱབ་འགལ་དུ་གྱུར་པའི་སྣང་བརྙན་བསྐྲུན་དང་སྐྲུན་བཞིན་པ་མ་ཟད། ལྷ་ཁང་ཆེན་མོ་ཁ་ཤས་ཀྱི་ནང་སྟོན་པའི་སྐུ་བརྙན་ཙམ་ཡང་མཇལ་རྒྱུ་མེད་ལ། ཡོད་ཀྱང་ཟུར་དུ་བཞག་སྟེ་བསྟན་པ་འདིའི་བདག་པོ་ཕལ་ཆེར་སངས་རྒྱས་བྱང་སེམས་སམ་ལྷ་ཆེ་གེ་མོ་གཞན་ཞིག་ཡིན་པ་ལས། རྒྱལ་བུ་དོན་གྲུབ་ཡིན་པ་ཤེས་ཀྱི་མེད་པ་འདྲ། རང་ལ་བཀའ་དྲིན་ཅན་གྱི་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་ཡིན་ཡང་རུང༌། ཆེས་ཆེ་བའི་ཡི་དམ་ཆོས་སྐྱོང་ཡིན་ཡང་རུང་གནས་ཚུལ་ངོ་མར་དེ་དག་ཐམས་ཅད་སྟོན་པ་དོན་ཀུན་གྲུབ་པའི་རྗེས་འཇུག་ཅིག་ཡིན་པ་མ་གཏོགས་སྔོན་འཇུག་མ་ཡིན་པ་ཤེས་དགོས།
གཞན་ཡང་ཡེ་ཤུའི་ཆོས་ལུགས་པ་ཚོར་ལྟོས་དང༌། ལོ་ལྟར་ཕྱི་ཟླ་བཅུ་གཉིས་པའི་ཕྱི་ཚེས་ ༢༥ ཉིན་ ( Christmas Day) ཞེས་པའི་དུས་སྟོན་ཞིག་ཕལ་ཆེར་འཛམ་གླིང་ཡོངས་རྫོགས་སུ་ཁྱབ་རྒྱ་ཆེན་པོའི་ངང་སྲུང་བརྩི་ཞུ་བཞིན་ཡོད། དེ་ལ་རྒྱལ་ཁབ་ཀྱི་དབྱེ་བ་མེད་ལ་ཆོས་ལུགས་དང་རིགས་རུས་ཀྱི་དབྱེ་བ་མེད་པར་ཉིན་མོ་དེར་ཤིས་ཚིག་གི་ཤོག་བྱང་སྐུར་བ་དང་ཐུགས་སྤྲོ་གཏོང་བ་སོགས་དགའ་སྟོན་ཚད་མེད་བྱེད། ཅི་སྟེ་དགའ་སྟོན་ཧ་ཅང་རྒྱས་པར་མི་བྱེད་ནའང་གཞུང་སྒེར་གྱི་ལས་ཁུངས་དང་སློབ་གྲྭ བཟོ་གྲྭ་སོགས་ཕལ་ཆེ་བས་ལས་མཚམས་བཞག་སྟེ་གུང་སེང་གཏོང༌། དོན་ངོ་མར་གཞིག་ན་ཉིན་མོ་དེ་ནི་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་ལས། འཛམ་གླིང་ཡོངས་རྫོགས་ཀྱིས་སྲུང་བརྩི་ཞུ་དགོས་ངེས་གལ་གནད་ཅན་གྱི་དུས་ཚེས་ཤིག་མིན་ནའང༌། ཉིན་མོ་དེ་སླེབས་པ་དང་འཛམ་གླིང་ཡོངས་རྫོགས་འགུལ་སྐྱོད་ཐེབས་པ་ལྟ་བུར་འགྱུར་གྱི་ཡོད། ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོ་འདི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དགའ་སྟོན་དུ་གྱུར་པའང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མིན་པར་སྟོན་པ་ཡེ་ཤུའི་རྗེས་འབྲང་ཤེས་རབ་ཅན་ཚོས་རང་གི་སྟོན་པར་གདེང་འཇོག་དང་རང་གི་ཆོས་ལ་བླ་ན་མེད་པའི་དགའ་ཞེན་ཡོད་པ་ལ་བརྟེན་ནས་བསྐྲུན་པའི་བྱས་རྗེས་རླབས་ཆེན་ཞིག་རེད། རྒྱལ་སྤྱི་རང་བཞིན་ཅན་གྱི་ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོ་འདིར་ཕྲུ་གུ་ཚོར་དམིགས་བསལ་གྱིས་རྔན་པ་སྤྲོད་པ་དང༌། དགའ་སྟོན་འགྱེད་པ། ཐུན་མོང་མ་ཡིན་པའི་ཆས་གོས་དང་མེ་ཏོག ལྗོན་ཤིང་དང་གློག་སྒྲོན་གྱི་བཀོད་པ་ཕུན་སུམ་ཚོགས་པ་སོགས་ལ་བརྟེན་ནས་ལོ་གཅིག་ནང་གི་བྱིས་པས་རེ་སྒུག་བྱེད་སའི་དགའ་སྟོན་ཉིན་མོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ཡེ་ཤུའི་འཁྲུངས་སྐར་འདིའི་དངོས་ཤུགས་བརྒྱུད་གསུམ་གྱི་དགེ་མཚན་དང་ཕན་རླབས་ལ་བསམ་གཞིག་རེ་བྱོས་དང༌། ངེད་ཅག་ད་དུང་རྨོངས་གཉིད་ལས་སད་མེད་པའི་དན་རྟགས་ཀྱང་བྱེད།
ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ཞེས་དུས་རྒྱུན་སྐྱབས་ཐོའི་མགོར་ཡོད་ལ་ཞལ་འདོན་གྱི་མཇུག་བསྔོ་སྨོན་ནང་དུའང་ཡོད། གལ་ཏེ་ཁ་ཞེ་གཉིས་མེད་ཀྱིས་དེ་ལྟར་འདོད་ན་ཡེ་ཤུའི་ཆོས་ལུགས་པ་ཚོའི་བྱེད་སྟངས་ལས་སློབ་སྦྱོང་བླངས་ཏེ། ང་ཚོ་བོད་ཀྱི་ནང་པ་ཚོས་ཀྱང་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་སྐར་སྲུང་བརྩི་ཅིའི་ཕྱིར་བྱེད་མི་རིགས་ཏེ་ཤིན་ཏུ་རིགས་ཤིང་འཐད་པ་ཡིན། སྐབས་འདིར་བོད་ཀྱི་ནང་པ་ཟེར་དགོས་དོན་ཡང༌། ཤྲི་ལངྐ་དང་འབར་མ་སོགས་ནང་པ་གཞན་རྣམས་ཀྱིས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པས་ཡིན་ལ། བོད་བརྒྱུད་ནང་བསྟན་ལ་མཚོན་ན་ཆོས་ལྡན་འབྲུག་རྒྱལ་ཁབ་ནང་སྟོན་པའི་འཁྲུངས་སྐར་ཉིན་གཞུང་འབྲེལ་གུང་སེང་དང་གཞུང་འབྲེལ་དུས་སྟོན་དུ་སྲུང་བརྩི་ཞུ་ཡིན་ཡོད་པའི་གནས་ཚུལ་ཐོས།
དེ་ཡང་ང་ཚོས་ཤྲི་ལངྐ་དང་འབར་མ་སོགས་ནང་པ་གཞན་རྣམས་ཀྱིས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དུས་ཚེས་དང་གཅིག་གྱུར་ཐོག་ཕན་ཚུན་འཁྲུངས་སྐར་ཤིས་ཚིག་གི་ཤོག་བྱང་སྐུར་བ་དང༌། དགའ་སྟོན་ཐུགས་སྤྲོ་དང་གུང་སེང་གཏོང་བ། ནང་པའི་ཆོས་དར་གང་སར་སྒྲེང་དཔྱང་བྱེད་པ། དཔར་རིས་མཛེས་ཕྲ་ཅན་གྱི་སྟོན་པའི་མཛད་རྣམ་དང་བསྟོད་ཚིག་གི་སྦྱར་ཡིག་འགྲེམས་སྤེལ་སོགས་ཀྱིས་ཁོར་ཡུག་མཛེས་པར་སྤྲས་ཏེ། བལྟས་པ་ཙམ་གྱིས་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་ཤེས་ཐུབ་པ་ཞིག་དང༌། དམིགས་བསལ་གྱིས་ཕྲུ་གུ་ཚོར་རྔན་པ་སྤྲོད་པ་དང་གུང་སེང་སྤྲོ་སྐྱིད་གཏོང་བ་སོགས་ཡེ་ཤུ་པ་དག་གིས་ཇི་ལྟར་བྱེད་སྲོལ་ལས་ལེགས་ཆ་བླངས་ན་ཅིས་མི་འགྲིག གནས་ཚུལ་དང་བྱེད་སྒོ་འདི་འདྲའི་ཐད་བོད་ཀྱི་ནང་པ་ཚོ་རྗེས་ལུས་ཀྱི་ཡང་ལུས་སུ་གྱུར་ཡོད་པས་ཁ་སྐོང་བྱེད་དགོས་ངེས་ཡིན་ཞིང་སྔ་ཕྱི་མ་གཏོགས་བྱེད་ཐུབ་པ་ཞིག་ཀྱང་རེད། དཔེར་ན་འབྲུག་རྒྱལ་ཁབ་བཞིན་ནོ།།
ཕྱོགས་གཞན་ཞིག་ནས་བཤད་ན། དེང་འཛམ་གླིང་ཐོག་སྲིད་དཔལ་རིག་གསུམ་གང་ཐད་ནས་སྟོབས་ཆེ་ཤོས་ཨང་དང་པོར་གྱུར་པའི་ཨ་རིའི་རྒྱལ་ཁབ་ཀྱི་ཤོག་དངུལ་ལ་གཟབ་ནན་དཔྱོད་ལྡན་གྱིས་གཟིགས་དང༌། ཁྱེད་རང་ཧང་སང་ངེས་ཏེ། འཛམ་གླིང་ཐོག་ཤོག་དངུལ་སྐད་གྲགས་དང་རིན་ཐང་ཆེ་ཤོས་དེའི་མདུན་ངོས་སུ་དབྱིན་ཡིག་ཐོག་འདི་ལྟར་ (WE TRUST IN GOD) བྲིས་འདུག་པའི་དོན་ནི། ང་ཚོ་དཀོན་མཆོག་ ༼ ཡེ་ཤུའི་དཀོན་མཆོག ༽ ལ་ཡིད་ཆེས་ཡོད། ཅེས་པའི་དོན་རེད། ཁྱེད་ཀྱིས་བསམ་གཞིག་མཉམ་གཞག་རྒྱ་ཆེ་གཏིང་ཟབ་ཅིག་བྱོས་དང་གནད་དོན་འདིར་གསང་བ་ཞིག་མི་འདུག་གམ། འོན་ཀྱང་དེང་དུས་ཁ་ཅིག་གིས་གནད་དོན་འདི་ཡང་རྫུན་བཟོ་རྟོག་བསྒྲིགས་སུ་སྨྲས་ཏེ་བསྙོན་དོར་བྱེད་པར་སྤྲོ་སྲིད་མོད། འདི་ནི་མངོན་སུམ་དབང་པོའི་སྤྱོད་ཡུལ་ཞིག་ཡིན་པར་བརྟེན་འགེབས་བསུབ་བྱེད་ཐབས་ནམ་ཡང་མེད། ངས་སྙན་ངག་པའི་ཤོད་སྟངས་གཙོར་བཟུང་གིས་བཤད་ན། ཁོ་བོ་ནང་པའི་རྒྱལ་ཁབ་ཅིག་གི་ཤུགས་རྐྱེན་རླབས་ཆེན་ཡོད་པའི་ཆེས་མཐོའི་མི་སྣ་ཞིག་ཡིན་ཚེ། ངས་ང་རང་གི་རྒྱལ་ཁབ་དེའི་ཤོག་དངུལ་ཐོག་དབྱིན་ཡིག་ལྟར་བྱས་ན། (WE TRUST IN BUDDHA) ཞེས་དང༌། བོད་ཡིག་ལྟར་ན། ང་ཚོ་སངས་རྒྱས་ལ་ཡིད་ཆེས་ཡོད། ཅེས་འབྲི་འགོད་གཏན་འབེབས་ཀྱི་བསམ་འཆར་གནད་སྨིན་འདོན་ངེས་ཡིན།
ང་ཚོས་དེང་ཁ་ནས་བོད་ཀྱི་ནང་བསྟན་འཛམ་གླིང་ཡོངས་སུ་དོ་སྣང་ཆེ་རུ་འགྲོ་བཞིན་པ་དང་ཚན་རིག་པ་ཆེ་གེ་མོས་ཡིད་སྨོན་དང་བསྔགས་བརྗོད་བྱས་པས་ཚན་རིག་དང་མཉམ་སྐྱོད་བྱེད་ཐུབ་ཅེས་པ་སོགས་ཀྱི་ཁ་གཡང་བསྒྲགས་ཀྱང་། དོན་དངོས་ཐོག་འཛམ་གླིང་འདིའི་སྟེང་ཡེ་ཤུ་དང་ཁ་ཆེ་དེ་བཞིན་ཧིན་རྡུའི་རྗེས་འབྲང་གནམ་སའི་ཁྱད་ཤོར་བ་ལྟ་བུའི་མང་བ་ཡོད། ནང་པའི་ཆོས་ལུགས་འདི་རིགས་པ་དང་མཐུན་ཞིང་གནས་ལུགས་དང་ཉེ་བ་ཡིན་ནའང་ད་དུང་གཞན་གྱི་རྗེས་སུ་འདི་ལྟར་ལུས་པ་ཅི་ཡིན་ནམ་ཞེ་ན། དེ་ནི་རྗེས་འཇུག་པ་ཚོས་བྱེད་སྟངས་མ་འགྲིགས་པ་དང་དེའི་རྩ་བ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་དང་འཇོན་ཐང་མེད་པས་ལན། གལ་ཏེ་ནང་པའི་ཆོས་འདིས་ཆོས་ལུགས་གཞན་དག་ལས་ཀྱང་འགྲོ་བ་རྣམས་དང་འཛམ་གླིང་འདིར་ཕན་བདེ་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པར་ཡིད་ཆེས་ཡོད་ན། དེ་ཉིད་ཀྱི་རྗེས་སུ་འཇུག་མཁན་ཇེ་མང་ནས་ཇེ་མང་དུ་འཕེལ་ཐབས་བྱེད་དགོས་པ་ལས། སྨོན་ལམ་གྱི་ཁ་གཡང་སྒྲོག་པས་མི་ཕན་ལ། རྨོངས་འཐོམ་གྱི་གཉིད་དུ་ཡུར་བས་ཀྱང་མི་ཕན། དེ་བཞིན་གཟུར་གནས་བློ་ལྡན་ཞེད་པོ་ཞིག་ཡིན་མདོག་གིས་ཡོད་ཚད་ཚན་རིག་དང་བསྟུན་གང་ཐུབ་བྱས་ཏེ། ཚན་རིག་དང་ཚན་རིག་ཟེར་ནས་ཁྱི་རྒྱུག་རྒྱུག་བྱེད་པས་ཀྱང་ག་ལ་ཕན། ང་ཚོས་ཅི་ཙམ་གྱིས་ཚན་རིག་དང་ཚན་རིག་པར་སྤྲེལ་ལད་འཁྲབ་ནའང་དོན་དམ་དུ་ནང་ཆོས་ཀྱི་རྗེས་འཇུག་རྒྱལ་ཁབ་ག་ཚོད་དང་མི་འབོར་ག་ཚོད་ཡོད་དམ། ཡེ་ཤུ་དང་ཁ་ཆེ་དེ་བཞིན་ཧིན་རྡུ་སོགས་ཀྱིས་རང་ཚུགས་བཟུང་སྟེ་རང་གི་སྟོན་པའི་གསུང་གི་རྗེས་སུ་ཤར་སྐྱོད་ཁོ་ན་ལས་གཞན་ལ་སྤྲེལ་ལད་འཁྲབ་ཀྱི་མེད་ཀྱང་ཁོང་ཚོའི་རྗེས་འབྲང་འཛམ་གླིང་གི་རྒྱལ་ཁབ་དང་མི་འབོར་གཉིས་ཐད་ནས་ཤིན་ཏུ་མང༌།
འདིར་དེང་གྲགས་ཆེ་བའི་གྷུ་གྷལ་དྲ་རྒྱའི་ནང་བཙལ་རྙེད་ལྟར་བྱས་ན། ཡེ་ཤུ་ལ་མཚོན་ན་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ ༣༣ དང༌། ཁ་ཆེ་ལ་མཚོན་ན་བརྒྱ་ཆ་ ༢༡ ཧིན་རྡུ་ལ་མཚོན་ན་བརྒྱ་ཆ་ ༡༤ ཟིན་གྱི་འདུག འོན་ཀྱང་ནང་པ་ལ་མཚོན་ན་བརྒྱ་ཆ་ ༦ ལས་ཟིན་གྱི་མི་འདུག ད་དུང་ང་ཚོས་འུར་སྒྲོག་དང་རྫིག་གཏམ་ཤོད་པའི་དུས་ཤིག་རེད་དམ། གྲངས་ཀའི་ཐོག་ནས་བཤད་ན། ཡེ་ཤུའི་རྗེས་འཇུག་མི་གྲངས་ཐེར་འབུམ་ ༢་༡ ཁ་ཆེའི་རྗེས་འཇུག་ཐེར་འབུམ་ ༡་༣ ཆོས་དད་མེད་པ་ཐེར་འབུམ་ ༡་༡ ཧིན་རྡུའི་རྗེས་འཇུག་ས་ཡ་ ༩༠༠ རྒྱ་མིའི་ཡུལ་སྲོལ་ཆོས་ལུགས་ཀྱི་རྗེས་འཇུག་ས་ཡ་ ༣༩༤ དེ་དག་གི་རྗེས་སུ་གཞི་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་མི་གྲངས་ས་ཡ་ ༣༧༦ ཡོད་པའི་གྲངས་ཐོ་ཞིབ་གསལ་དྲ་རྒྱའི་ནང་བཀོད་འདུག གཞན་ཡང་ཆོས་ལུགས་འཕེལ་བྲིའི་རེའུ་མིག་ཅིག་གི་ནང་དུ་ཡེ་ཤུ་དང་ཁ་ཆེ་ཧིན་རྡུ་རྣམས་སྔར་ཡོད་ལས་བརྒྱ་ཆ་རེ་ཟུང་རེ་ཟུང་བྱས་ནས་ལོ་བསྟུད་མར་འཕེལ་ཡོད་པ་དང༌། ནང་པ་ལ་མཚོན་ན། འཕེལ་རྒྱུ་ལྟ་ཞོག་མར་ཉམས་བྲི་བྱུང་འདུག་སྟེ། ཕྱི་ལོ་ ༡༩༠༠ ལོར་འཛམ་གླིང་མི་འབོར་བརྒྱ་ཆ་ ༧་༨ དེ་བཞིན་བརྩིས་པས། ཕྱི་ལོ་ ༡༩༧༠ ལོར་བརྒྱ་ཆ་ ༦་༤ ཕྱི་ལོ་ ༡༩༨༠ ལོར་བརྒྱ་ཆ་ ༦་༣ ཕྱི་ལོ་ ༡༩༨༥ ལོར་བརྒྱ་ཆ་ ༦་༢ ཕྱི་ལོ་ ༢༠༠༠ ལོར་བརྒྱ་ཆ་ ༥་༧ བཅས་འཁོད་འདུག་པ་ལྟར་ན། ང་ཚོ་སངས་རྒྱས་པའི་ཆོས་ལུགས་ཀྱི་གནས་བབ་གཞན་ལས་སྐྱོ་བ་ཡོད་པ་རྟོགས་ཐུབ།
སངས་རྒྱས་པའི་ནང་ནས་བོད་ཀྱི་ནང་པར་མཚོན་ན། མཆོད་གཤོམ་ནང་བསྒྲིག་རྒྱུའི་བཀའ་འགྱུར་དང་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཡོད་པ་དེས་ཐུན་མོང་མ་ཡིན་པའི་གྲངས་ཀ་མཚོན་ཐུབ་ན་མ་གཏོགས་གྲངས་ཀའི་ཐོག་ནས་རྗེས་ལུས་ཡིན། ཁ་ཅིག་གིས་གྲངས་ཀ་གཙོ་བོ་མ་ཡིན་སྤུས་ཀ་གཙོ་བོ་ཡིན་སྙམ་སྲིད་མོད། ཁོ་བོ་ལྟ་ཚུལ་འདི་ངོས་ལེན་མི་བྱེད་མཁན་ཞིག་ཡིན་ཏེ། སྤྱིར་སྐྱ་སེར་གྱི་དབྱེ་བ་མ་ཕྱེས་པར་ནང་པའི་གྲངས་ཚད་ག་ཚོད་མང་ཡང་དགེ་མཚན་ལས་སྐྱོན་མ་མཐོང༌། གྲངས་ཀ་ཇི་ཙམ་གྱིས་མང་བ་དེ་ཙམ་གྱིས་སྤུས་ཀ་ཡང་མང་བ་ཆོས་ཉིད་ཡིན། སྤུས་ཀ་མང་བ་ནི་སུས་ཀྱང་འདོད། དཔེར་ན། སློབ་གྲྭ་ཞིག་ལ་སློབ་མ་ཁྲི་ཕྲག་ཁ་ཤས་ཡོད་ན་དེ་དང་དཔག་པའི་སྤུས་ཀ་ཅན་གྱི་སློབ་མ་སྟོང་ཕྲག་ཁ་ཤས་འབྱུང་བའི་རེ་བ་ཡོད་ལ། སློབ་མ་སྟོང་ཕྲག་གཅིག་ལས་མེད་ཀྱང་སྤུས་ཀ་ཅན་བརྒྱ་ཕྲག་ཁ་ཤས་ལ་རེ་བ་བྱེད་ཆོག འོན་ཀྱང་སློབ་མ་བརྒྱ་ཕྲག་གཅིག་ལས་མེད་ན་སྤུས་ཀ་ཅན་བཅུ་གྲངས་ལས་རེ་བ་བྲལ་བ་ཡིན། སྤུས་ཀ་ཅན་ནི་ཇི་ཙམ་མང་ཡང་བཟང་ཞིང་གང་མང་མང་འདོད་པ་ཀུན་ཡིད་གཅིག་ཏུ་མཐུན། སྤུས་ཀ་ཅན་ཞེས་པ་དེ་མང་པོ་ཚོགས་པའི་དབུས་ནས་བདམས་པའམ་འབྱུང་དགོས་པ་ལས་གནམ་ནས་ཆར་ལྟར་འབབ་ཅིང་། ས་ནས་རྩྭ་ལྟར་རང་སྐྱེས་ཤིག་ག་ལ་ཡིན། དེར་བརྟེན་ཞེ་ཕུགས་ཀྱི་སྤུས་ཀ་ཅན་མང་པོ་འདོད་ཚེ་སྤྱིའི་གྲངས་འབོར་ཡང་མང་དགོས་པ་ཆོས་ཉིད་ཡིན་པས། དགོས་དབང་གིས་བཤད་པ་དག་ཕུད་སྤུས་ཀ་ཟེར་ནས་གྲངས་ཀར་སྟངས་འཛིན་བྱེད་པ་ནི། སངས་རྒྱས་བསྟན་པའི་རྗེས་འཇུག་འཕེལ་རྒྱས་ལ་རང་བཞིན་གྱིས་འགོག་རྐྱེན་བཟོས་པ་ཞིག་ཏུ་ཁོ་བོས་དུས་རྒྱུན་ངོས་འཛིན་བྱེད་པ་ཡིན།
ཡང་སངས་རྒྱས་པ་རྣམས་ཆོས་ལུགས་གཞན་ལས་གྲངས་ཀའི་ཐོག་ནས་རྗེས་སུ་ལུས་ཀྱང་སྤུས་ཀའི་ཐོག་ནས་སྔོན་དུ་ཐོན་ཡོད་མདོག་བཤད་ན། དེ་ཡང་མ་ཡིན་ཏེ། ངེད་ཅག་སངས་རྒྱས་པ་རྣམས་སྤུས་ཚད་ཀྱི་ཐོག་ནས་ཀྱང་རྗེས་ལུས་ཏེ། དེང་དུས་ཀྱི་མི་ལ་དེང་དུས་ཀྱི་ཤོད་སྟངས་ཀྱིས་བཤད་ན། ཧོལ་རྒྱུག་ཆེ་ཞིང་རྨོངས་འཐོམ་མང་བ། ལག་ལེན་ཉུང་ཞིང་རང་ངོ་མི་ཤེས་པ། སྒལ་ཚིགས་སྙི་ཞིང་རང་ཚུགས་མི་བརྟན་པ། ཁྱད་པར་དུ་ཡེ་ཤུ་དང་ཁ་ཆེ་སོགས་ཆོས་ལུགས་པ་གཞན་དག་ལ་མེད་པའི་ཐུན་མོང་མ་ཡིན་པ་ཞིག་སྟེ། གཟུར་གནས་ཡིན་མདོག་སྟོན་ཞིང༌། རང་སྟེ་ནང་ཆོས་དང་གཞི་ལམ་འབྲས་གསུམ་རྦད་དེ་ཐ་དད་ཡིན་པའི་ཚན་རིག་དང་ཨུ་ཚུགས་ཀྱིས་མཐུན་ཐབས་སྨྲ་བ་སོགས་སྒོ་གསུམ་ཀ་ནས་སྤུས་ཀའི་ཚད་གཞི་ཧ་ཅང་སྐྱོ། ལྟ་བ་རྟོགས་པ་ལྐོག་གྱུར་དག་ནི་སྨོས་ཅི་དགོས་ཏེ་མངོན་གྱུར་གྱི་ཡོན་ཏན་དེ་ཙམ་ཡང་མི་ལྡན་པས་སོ།།
དེ་དག་དང་མ་ལྡན་པའི་རྒྱུ་མཚན་ལ་བརྟེན་ནས་དེང་སྐབས་སངས་རྒྱས་པའི་རྗེས་འཇུག་ཆོས་ལུགས་གཞན་ལས་ཉུང་བ་ཙམ་མ་ཟད་ཉུང་དུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་འདི་བྱུང་བ་ཡིན། ཡིན་ནའང་ད་དུང་སངས་རྒྱས་པ་ཚོས་གནད་དོན་འདི་ཉིད་ག་ལ་རྟོགས་ཏེ། མ་རྟོགས་པ་འདིས་ཀྱང་ནང་པ་སངས་རྒྱས་པའི་ཤེས་ཡོན་གྱི་སྤུས་ཚད་ར་སྤྲོད་བྱེད། ཡེ་ཤུ་པ་དག་ལ་ངས་རྒྱང་མཇལ་ཞིག་བྱས་པའི་དབང་དུ་བཏང་ན། ཧོལ་རྒྱུག་ཉུང་ཞིང་ཤེས་ཡོན་ཕྱུག་པ། ལག་ལེན་མང་ཞིང་རང་ངོ་ཤེས་པ། སྒལ་ཚིགས་མཁྲེགས་ཤིང་རང་ཚུགས་བརྟན་པ། བློ་རྩེ་ཉུང་ལ་བྱ་ཐབས་མཁས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པས། འདི་ལྟར་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༣༣ གྱིས་དགའ་མོས་ཐོབ་པ་རེད། དེ་དག་ཀྱང་ཡི་གེ་འབྲི་ཀློག་ལ་བྱང་ཆུབ་ཅིང་གནའ་དེང་ཤེས་ཡོན་གྱིས་ཀླད་རྒྱ་ཡངས་པ་ཅན་ཤ་སྟག་ཏུ་མཐོང༌། ང་ཚོར་བཀའ་འགྱུར་བསྟན་འགྱུར་པོད་བརྒྱ་ཕྲག་སུམ་ལྷག་ཡོད་པ་ཙམ་གྱིས་མི་ཕན་དེས་འཛམ་གླིང་ཞི་བདེ་ལ་བྱས་རྗེས་འཇོག་ཐུབ་པའི་འཛམ་གླིང་པ་མུ་མཐའ་མེད་པ་ཞིག་བསྐྲུན་རྒྱུར་ང་ཚོས་ཐབས་རིགས་རྣམ་པ་སྣ་ཚོགས་ཀྱིས་ཤུགས་སྣོན་རྒྱག་དགོས་པ་ཡིན།
དེ་ཡང་ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས་འགའ་ཤས་ཤིག་ལ་ཤི་འཐམ་རོ་འཐམ་གྱིས་དེ་ལས་གཞན་དུ་འདའ་མ་ཐུབ་པའི་གུ་དོག་པོའི་བསམ་བློ་ལས་བྱུང་བ་སྟེ། ནམ་ཡང་འཁོར་བའི་ཉེས་དམིགས་དང༌། སྐྱེ་བ་སྔ་ཕྱི། སྟོང་ཉིད་དང་སྙིང་རྗེ། བདག་མེད་དང་མི་རྟག་པ་ཁོ་ནར་གཡས་སྐོར་གཡས་སྐོར་གྱིས་དུས་འདས་ཤིང༌། འཇིག་རྟེན་ཆོས་བརྒྱད་ཅེས་དགྲ་མཐོང་མཐོང་གིས་སྨོད་ཅིང་དགག་པས་རེད། དེ་དག་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རྩེ་ཏོག་འགའ་ཞིག་གམ་ཟུར་ཆ་ཁ་ཤས་ཏེ། ཆོས་ཕུང་ལྔ་དྲུག་ཙམ་བཤད་ཅིང་ཉམས་ལེན་བྱས་པ་ཙམ་མོ།།
ད་ནི་ང་ཚོས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཆ་ཚང་བཤད་ཅིང་བེད་སྤྱོད་གཏོང་མ་ཐུབ་ཀྱང་ཆོས་ཕུང་ལྔ་དྲུག་དེ་གཅིག་པུས་འདང་གི་མེད་ལ་ནུས་པའང་འཐོན་དཀའ་བ་ཤེས་ཡོད། དེས་ན་དེ་དག་ལས་གཞན་དཔེར་མཚོན་ན། འཇིག་རྟེན་ཆོས་བརྒྱད་སྒྲུབ་པའང་ཆོས་ཕུང་བརྒྱད་ཁྲིའི་ནང་གི་ཆ་ཤས་སུ་འགྲོ་བའི་སྐབས་ཡོད་པ་སྨོས་མེད་ལ། ཐ་སྙད་དུ་བདག་ཡོད་ཅིང་དེའི་དོན་དུ་ཕུན་ཚོགས་སྒྲུབ་པའི་ཐབས་ཀྱང་ཆོས་ཕུང་གཅིག་ཏུ་ལོས་རྩི། དེ་ལྟར་མིན་ཚེ་གདུལ་བྱའི་ཁམས་དབང་བསམ་པ་མོས་པ་དང་འཚམས་པ་ཞེས་རྒྱུན་ལྡན་སྒྲོག་པའི་སྐད་ཆ་འདིའི་རྒྱབ་ལྗོངས་བརླག་པ་ཡིན་ཞིང༌། ཐེག་པ་གསུམ་དང་སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་པའང་ཚིག་ཙམ་དུ་ཟད། ད་དུང་རིམ་དང་ཅིག་ཅར་གྱི་རྣམ་གཞག་དང༌། དབང་པོ་རྣོ་རྟུལ་གྱི་རྣམ་གཞག རང་ངོ་དང་གཞན་ངོའི་རྣམ་གཞག རང་སྣང་དང་གཞན་སྣང་གི་རྣམ་གཞག དོན་དམ་དང་ཀུན་རྫོབ་ཀྱི་རྣམ་གཞག སྣང་ཚུལ་དང་གནས་ཚུལ་གྱི་རྣམ་གཞག ཀླ་ཀློའི་སྐད་ཀྱིས་ཀླ་ཀློ་རྗེས་སུ་འཛིན་ཚུལ་གྱི་རྣམ་གཞག ཐེག་པ་ཆེ་ཆུང་གི་རྣམ་གཞག དྲང་དོན་དང་ངེས་དོན་གྱི་རྣམ་གཞག བསྡུ་དངོས་བཞིའི་རྣམ་གཞག ཞི་རྒྱས་དབང་དྲག་གི་རྣམ་གཞག གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་རྣམ་གཞག ཐབས་མཁས་ཀྱི་རྣམ་གཞག་སོགས་ཇི་སྙེད་ཅིག་གསུངས་པ་དཔེ་ཆ་ཁ་འབྱེད་སྐབས་ཡོད་ལ་དཔེ་ཆ་ཁ་བརྒྱབ་པ་དང་མཉམ་དུ་ཁ་བརྒྱབ་བཞག་པ་ནི་ང་ཚོའི་ནོར་འཁྲུལ་ཆེ་ཤོས་ཀྱི་ཆེ་ཤོས་གྲས་ཤིག་ཡིན།
ཟབ་རྒྱས་ཀྱི་རྣམ་གཞག་དེ་དག་དཔེ་ཆ་ལས་ཚུར་ཕྱུང་སྟེ་དངོས་ཡོད་འཚོ་བའི་ལག་ལེན་ཐོག་སྦྱོར་ཐུབ་པ་ཞིག་དགོས་པ་ནི་སངས་རྒྱས་ཀྱིས་གསུངས་པའི་དགོས་དོན་ཡིན་ལ། དེ་དག་ལ་གོ་བ་གཏིང་ཚུགས་པ་རེ་ལོན་ན་ང་ཚོ་སངས་རྒྱས་པ་ཚོས་ནམ་ཡང་འཁོར་བའི་ཉེས་དམིགས་དང་སྐྱེ་བ་སྔ་ཕྱི། སྟོང་ཉིད་དང་སྙིང་རྗེ། མི་རྟག་པ་དང་བདག་མེད་ཁོ་ནར་གཡས་སྐོར་གཡོན་སྐྱོར་གྱིས་སྡོད་མི་དགོས་པ་དང༌། འཇིག་རྟེན་ཆོས་བརྒྱད་ཅེས་པ་བླང་བྱའི་སྐབས་ཀྱང་ཡོད་པ་རྟོགས་ངེས་ལ། རང་རང་གི་བསམ་པ་མོས་པ་དང་དཔག་པའི་ནང་ཆོས་བྱེད་སྟངས་ཤིག་ཀྱང་ཡོད་པ་ཤེས་པར་ངེས། འགའ་ཞིག་གིས་ནང་པའི་རྗེས་འཇུག་གི་གྲངས་འབོར་ལ་རྩིས་གྲངས་དང་བརྒྱ་ཆ་ལ་རྩིས་འདེབས། དེ་བཞིན་སྟོན་པའི་འཁྲུངས་སྐར་སྲུང་རྩི་དང༌། ནང་པའི་རྗེས་འཇུག་རྒྱས་ཐབས་བཤད་པ་བཅས་ནི་འཇིག་རྟེན་ཆོས་བརྒྱད་དང་ཆོས་ལུགས་གཞན་ལ་ཕྲག་དོག་འགྲན་སེམས་རེད་ཅེས་བརྗོད་ཅིང་མིག་ལོག་ལྟ་སྲིད། ཁ་ཅིག་གིས་ད་དུང་ཆེས་ཆེ་བའི་སྐད་ཆ་སྟེ། ང་ཚོར་གང་ཡོད་པ་དེས་ཆོག་ཅེས་ཆོག་ཤེས་ཀྱི་ལམ་སྟོན་གནང་ཡང་སྲིད། གང་ལྟར་དེ་དག་ནི་གོང་གི་རྣམ་གཞག་རྣམ་པ་དུ་མ་དེ་དག་གི་གོ་དོན་མ་ལོན་པ་ཙམ་ཡིན་པས་ཁ་ཡ་བྱེད་རིན་ག་ལ་ཡོད། དེས་ན་ངེད་ཅག་གཞོན་སྐྱེས་དག་གིས་ཆོས་ཕུང་རེ་ཟུང་དེས་དེང་དུས་རབས་འདིར་འདང་གི་མེད་པའི་གནས་ཚུལ་རྟོགས་པ་ལྟ་ཅི་སྨོས། ང་ཚོར་གདམ་ཀ་བྱ་རྒྱུར་གདུལ་བྱའི་ཁམས་དབང་བསམ་པ་དང་འཚམས་པ་ཞེས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམ་པ་ཡོད་པ་ཤེས་དགོས།
སྐབས་འགར་རྒྱལ་པོས་སྒྲུབ་མ་ཐུབ་པ་བློན་པོས་བསྒྲུབས་པ་དང༌། བློན་པོས་སྒྲུབ་མ་ཐུབ་པ་མི་སེར་དཀྱུས་མས་སྒྲུབ་པར་བྱེད་པའི་དངོས་དོན་ཡང་གོ་བར་བྱས་ཏེ། སངས་རྒྱས་པ་ཞིག་ཡིན་ན་ངས་གྲོས་འདེབས་ཞུ་བ་ནི། ནམ་ཡང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡང་རྩེ་དང༌། ཏོག་ཏུ་གྱུར་པ། རབ་ཏུ་གྱུར་པ། མཆོག་ཏུ་གྱུར་པ། སྙན་པོར་གྱུར་པ། རྫིག་པོར་གྱུར་པ། མཛེས་པོར་གྱུར་པ་ཁོ་ན་ལ་མགོ་བོ་འཁོར་མི་བཞུགས་པར་སྐབས་རེ་ཆོས་ཕུང་ཕལ་པ་དག་ལའང་དགོས་མཁོ་དང་མཐུན་པར་སྤྱན་མིག་གཡོ་འོས་ཞེས་པ་དེ་ཡིན་ནོ།།
གཞན་ཡང༌། ཇི་སྐད་དུ་རྗེ་ས་པཎ་གྱིས། གནས་མིན་ཧ་ཅང་དྲང་པོ་ ཡང༌། །རང་གཞན་གཉིས་ཀ་བརླག་པ་ཡོད། །མདའ་ཡིས་ཕ་རོལ་གསོད་པའམ། །ཡང་ན་རང་ཉིད་ཆག་པར་འགྱུར། །ཞེས་ལེགས་བཤད་བསྩལ་བར་བསམ་གཞིག་རེ་གྱིས་ལ། ང་ཚོས་གནས་ལུགས་དང་རྒྱུ་མཚན་རིང་དུ་དོར་ནས་རྨོངས་དད་གཏན་ནས་བྱེད་མི་རུང་བ་བཞིན་དུ་ཞེ་དྲག་གི་གཟུར་གནས་དྲང་པོ་དྲང་བཞག་ཡིན་མདོག་ཀྱང་གཏན་ནས་བྱེད་མི་རུང༌། སྙིང་ལ་ཚི་ལུ་དང་སྒལ་པར་ཚིགས་ཡོད་དགོས། ད་ལྟ་འུ་ཅག་སྡོད་སའི་རྒྱ་གར་ཡུལ་མི་དག་ལ་སྤྱན་ཟུར་གཡོ་ཙམ་གནོངས་དང༌། རྒྱ་གར་གྱི་ཡུལ་མི་ནང་པའི་དགོན་པར་ཞུགས་ཏེ་གྲྭ་པ་བྱས་པ་ཞིག་མཐོང་རྒྱུ་འདུག་གམ། དགོན་པའི་ནང་ལོ་ངོ་སུམ་ཅུ་བཞི་བཅུར་ལས་ཀ་བྱས་ཏེ་བསྡད་མྱོང་མཁན་ཡིན་ནའང་ནང་པའི་སྟོན་པར་ཕྱག་རྡོག་གཅིག་འཚལ་བ་མཐོང་མྱོང་ངམ། ཁ་ཤས་ཤིག་ཆུང་ངུའི་དུས་ནས་དགོན་པར་ལས་ཀ་བྱས་ཏེ་རྒན་པོ་མགོ་དཀར་དུ་གྱུར་པའང་ཡོད། གནས་ཚུལ་འདིས་ཁོང་ཚོ་རང་གི་སྟོན་པ་ལ་བརྩེ་བ་དང་རང་གི་ཆོས་ལུགས་ལ་ལར་ཞེན་ཅི་ཙམ་ཡོད་པ་མཚོན་པར་བྱེད།
སྐུ་ཞབས་ཞོགས་དུང་གི་ཚིག་ལྟར་བྱས་ན། ཁོང་ཚོའི་སྒལ་ཚིགས་དེ་གང་འདྲ་ཞིག་ཡོད་པ་གསལ་པོར་མཚོན་གྱི་ཡོད། ང་ཚོ་གངས་ཅན་གྱི་མི་རིགས་འདིས་རང་གི་སྟོན་པ་དང་རང་གི་ཆོས་ལུགས་ཐོག་བཟུང་བའི་ལར་ཞེན་དང་སྒལ་ཚིགས་ལ་ལྟོས་དང༌། ངོ་མ་ཡིད་ལ་སྐྱོ་གདུང་འདྲེན་བྱེད་ཅིག་ཁོ་ན་རེད། ད་ནི་སྔར་བཞིན་འདུག་པའི་དུས་མིན་པར་ང་ཚོ་ཚང་མ་ནང་པ་གཅིག་མཚུངས་ཡིན་པའི་ལར་ཞེན་དང༌། སྟོན་པ་གཅིག་གི་རྗེས་འཇུག་གཅིག་པ་ཡིན་པའི་རླབས་ཆེན་གྱི་འདུ་ཤེས་ཤིག་ཕྱོགས་ཀུན་ནས་ཀུན་ཏུ་སྐྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ་ཞིང༌། ཆོས་བརྒྱུད་ཆེན་པོ་བཞི་ནང་གསེས་དང་བཅས་པ་ཕན་ཚུན་ཕྲག་དོག་འགྲན་སེམས་ཀྱིས་ཀུན་ནས་བསླངས་པའི་བག་ཆགས་རྙིང་པའི་རིགས་གཞི་མེད་རྩ་གཏོར་དུ་གཏོང་བའི་དུས་སུ་བབ་ཟིན་པ་ཡིན་པས། བོད་ཀྱི་ནང་པ་ཐམས་ཅད་ཀྱིས་རྣམ་ཀུན་སྟོན་པ་ཐུབ་པའི་དབང་པོ་གཙོ་བོར་བཀུར་ཞིང༌། སྒོ་གསུམ་གྱི་བགྱི་སྒོ་གང་གི་ཚེ་ནའང་ཐོག་མར་སྟོན་མཆོག་དོན་ཀུན་གྲུབ་པ་ཡིད་ལ་བྱ་རྒྱུུ་དང༌། སྨོན་ལམ་ཞིག་བཏབ་ནའང་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་རྣལ་མ་ཞིག་བྱེད་ཐུབ་པར་ཤོག་སྙམ་པ་ཞིག གྲོགས་པོ་ཕན་ཚུན་ཤག་ཏུ་འགྲོ་སྐབས་ཀྱང་ཁོ་ས་སྐྱ་དང་ང་རྙིང་མ་ཞེས་པའི་འདུ་ཤེས་སྐྱེ་བར་འགྱུར་བ་ཞིག་མིན་པར་ཡོད་ཚད་ཀྱིས་དད་རྟེན་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་དཔར་གཙོ་བོར་བྱེད་པ་ལ་བརྟེན་ནས་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པའི་ཚོར་སྣང་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ་པའི་ཁོར་ཡུག་ཅིག་བྱུང་ན་སྙམ།
རིང་མིན་སྟོན་པའི་འཁྲུངས་སྐར་སྲུང་བརྩིའི་དུས་སྟོན་རྒྱུན་འཛུགས་ཀྱིས་ངེད་ཅག་ཐམས་ཅད་མ་མཐར་ཡང་ལོ་གཅིག་ནང་ཉིན་མ་གཅིག་གི་རིང་ང་ཚོའི་སྟོན་པ་གཅིག་ཡིན་པ་དང༌། དེའི་རྗེས་འཇུག་ནང་པ་སངས་རྒྱས་པ་ཞེས་པ་དེ་གཅིག་མཚུངས་ཡིན་པའི་ཚོར་སྣང་གྲུང་པོ་རེ་སྐྱེད་ཐབས་ལ་འབད་གལ་མི་ཆེའམ། དེ་ལྟར་བྱུང་ཚེ་ངེད་ཅག་གཞོན་སྐྱེས་ཚོ་ཡང་རང་གི་སྟོན་པ་དང་ཇེ་ཉེར་གྱུར་པར་གདོན་མི་ཟ་ཞིང༌། སྟོན་པ་དང་ཇེ་ཉེར་གྱུར་ཚེ་དེའི་གསུང་དང་ཡང་ཇེ་ཉེར་རང་བཞིན་གྱིས་འགྲོ་ལ། དེའི་གསུང་དང་ནམ་ཞིག་ཉེ་བ་དེའི་ཚེ་གཞི་ནས་ནང་པ་མཚན་ཉིད་ལྡན་པ་ཞིག་ཏུ་གྲུབ་པ་བཅས་ཡིན། ཡ་ང་བའི་གོང་གསལ་གནས་དོན་དག་ལ་གཟིགས་ཏེ་ཐམས་ཅད་ཀྱིས་ཐུགས་བསམ་རེ་བཞེས་ན་ཅི་མ་རུང་སྙམ།
རྣམ་ཀུན་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་རྣལ་མ་ཞིག་ཏུ་རེ་སྨོན་འཆང་བའི་ཡིད་ཅན་འབྲོང་ངུར་ཆོས་རྗེ་རུ་འབོད་པས། གནས་མཆོག་རྡོ་རྗེ་གདན་དུ། ཕྱི་ལོ་ ༢༠༡༡ ཟླ་བ་ ༣ ཚེས་ ༡༥ ཉིན་གྱི་དགོང་དྲོ་ཆུ་ཚོད་དྲུག་པའི་ཐོག་མཇུག་རྫོགས་པར་བྲིས་སོ།། །།
ཐབས་མཁས་ལ་ཐུགས་རྗེ་ཆེན་པོའི་བདག་ཉིད་སྟོན་མཆོག་དོན་ཀུན་གྲུབ་པ་རྗེས་སུ་དྲན་པ་དང་། སྟོན་པ་གཅིག་པའི་དྲྭ་གྲོགས་ཡོངས་ལ་དེ་རིང་བདག་ཅག་གི་སྟོན་པའི་སྐུ་ཡི་འཁྲུངས་སྐར་གྱི་ཉིན་མོར་བཀྲ་ཤིས་བདེ་ལེགས་ཀྱི་སྐྱེས་སུ་ཕུལ་བའོ།།
རེད། བདེན་པ་རེད། ངས་ཀྱང་དེ་ལྟར་ཟེར་གྱིན་ཡོད། ནང་བ་སངས་རྒྱས་བའི་དགེ་འདུན་པ་ཞིག་གིས་ཁྲེལ་དགོད་ཅིག་གི་སྣ་མ་ཐེག་པར་འུར་རྒྱག་བཞིན་འདི་གཅིག་པུའི་སྟེང་ནས་ཀྱང་མང་བོ་ཞིག་ཕྱི་ལ་བསྟན་ཡོང་གིན་འདུག བཟོད་པའི་ཕ་རོལ་དུ་ཕྱིན་པ་ཞེས་བའི་མིང་ཚིག་དེ་གནས་སྟངས་འདི་འདྲའི་སྐབས་སུ་གང་ལ་ཕྱིན་པ་རེད། ངག་ནས་གྱེར་བཞིན་པ་དེས་དངོས་ཡོད་ལ་མ་ཕན་ན་མི་ལོ་མང་བོར་གཞུང་ཆེན་པོ་ཏི་ལྔར་བསྟས་བ་དེ་མིག་ན་རོགས་ཡིན་ས་རེད། དེ་ལས་ངའི་ལད་མོ་བྱས་ནས་ཆང་འཐུང་སྟེ་རང་གི་ཉལ་སའི་ནང་ནས་གཞན་ལ་གནོད་མ་བྱས་བར་རང་སེམས་གསོས་ནས་བསྡད་ན་ཡག་ས་རེད། ད་མང་བོ་མི་བཤད།