གཟའ་ཟླ་བའི་ཕྱི་དྲོའི་འགྲན་ཐེངས་གསུམ་གྱི་ཁྲོད་ནས། འཕགས་ཞིང་དང་སྦོག་ར་རུ་ཁག་གཉིས་སོ་སོའི་འགྲན་ཡ་ལས་རྒྱལ་ཡོད་པ་དང་། མོན་གྷོ་ཊི་དང་གྷ་ལ་ཧོ་སི་གཉིས་འདྲ་མཉམ་ཆགས་འདུག
ཕྱི་ཚེས་༢༨ ཉིན་གྱི་འགྲན་ཐེངས་གསུམ་གྱི་ཁྲོད་ནས། སྡེ་ཚན་༼ཅ༽ནང་རུ་བགོས་དྷ་ས་ཆིག་སྒྲིལ་དང་འཕགས་ཞིང་གཉིས་བར་རྩེད་འགྲན་མཇུག་འབྲས་ནི། དྷ་ས་ཆིག་སྒྲིལ་རུ་ཁག་གིས་སྤོ་ལོ་ ༢ བླུགས་ཤིང་། འཕགས་ཞིང་ཀ་ཊི་མན་ཊོ་རུ་ཁག་གིས་སྤོ་ལོ་ ༣ བླུགས་ཏེ་འཕགས་ཞིང་རུ་ཁག་རྒྱལ་ཡོད་པ་དང་། སྡེ་ཚན་༼ཆ༽ནང་རུ་བགོས་མོན་གྷོ་ཊི་འདོད་དགུ་གླིང་དང་ཕུན་ཚོགས་གླིང་གྷ་ལ་ཧོ་སི་གཉིས་བར་གྱི་རྩེད་འགྲན་མཇུག་འབྲས་ནི། མོན་གྷོ་ཊིའདོད་དགུ་གླིང་དང་ཕུན་ཚོགས་གླིང་གྷ་ལ་ཧོ་སི་རུ་ཁག་གཉིས་ཀྱིས་ཕར་ཚུར་ལ་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་འདྲ་མཚུངས་ཆགས་ཡོད། སྡེ་ཚན་༼ཀ༽ནང་རུ་བགོས་བཀྲ་ཤིས་དཔལ་འཁྱིལ་སྦོག་ར་དང་མེའོ་ཆོས་འཕེལ་གླིང་གཉིས་གཉིས་བར་རྩེད་འགྲན་མཇུག་འབྲས་ནི། བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རུ་ཁག་གིས་སྤོ་ལོ་ ༣ བླུགས་ཤིང་། མེའོ་ཆོས་འཕེལ་གླིང་རུ་ཁག་གིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར། བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རུ་ཁག་རྒྱལ་ཡོད་པ་རེད།
ཕྱི་ཚེས་༢༩ ཉིན་གྱི་འགྲན་ཐེངས་གསུམ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྩེད་འགྲན་བྱ་རྒྱུ་དང་། སྡེ་ཚན་༼ག༽ནང་རུ་བགོས་གྷོ་བ་དང་ལྡི་ལི་མཉམ་འབྲེལ་རུ་ཁག་གཉིས་བར། ཉིན་རྒྱབ་ཆུ་ཚོད་༡: ༣༠ སྟེང་རྩེད་འགྲན་དང་། སྡེ་ཚན་༼ཁ༽ནང་རུ་བགོས་ཝར་ཎ་མཐོ་སློབ་དང་བོད་ཁྱིམ་མཉམ་འབྲེལ་རུ་ཁག་གཉིས་བར། ཉིན་རྒྱབ་ཆུ་ཚོད་༣: ༡༥ སྟེང་རྩེད་འགྲན། སྡེ་ཚན་༼ང༽ནང་རུ་བགོས་ཅོན་གྷི་ར་དང་ཅེ་ནེ་རུ་ཁག་གཉིས་བར། ཕྱི་དྲོ་ཆུ་ཚོད་༥ སྟེང་རྩེད་འགྲན་བཅས་བྱ་རྒྱུ་རེད།
གསར་འགོད་པ། ཚེ་རིང་རྒྱལ།