ཨ་མདོ་བླ་བྲང་ཁོ་ཚེ་ཟེར་བའི་ས་གནས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་བཞིན་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་མགོ་འཛུགས་ཀྱིས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ཁོ་ཚེ་བཀྲ་ཤིས་ཐང་ཟེར་བའི་ས་ཆ་དེ་རུ་མཁས་བའི་དབང་བོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་བཞིན་ཡོད་འདུག
དུས་འཁོར་དབང་ཆེན་གསུང་སའི་ས་གནས་ནས་ཁ་པར་བརྒྱུད་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་དུས་འཁོར་དབང་ཆེན་སྟེང་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་བོད་མི་སེར་སྐྱ་འབུམ་གཅིག་དང་ཕྱེད་ཀ་ཙམ་འདུ་འཛོམས་བྱུང་ཡོད་འདུག
ཁ་སང་ཕྱི་ཚེས་ ༢ ཉིན་དཔལ་དུས་ཀྱི་འཁོར་ལོའི་སྔོན་འགྲོའི་གསུང་ཆོས་གནང་ཡོད་པ་དང་། དེ་རིང་ཕྱི་ ༣ ཉིན་ནས་དཔལ་དུས་འཁོར་ལོའི་དབང་དངོས་གཞི་མགོ་འཛུགས་བྱས་ཡོད་འདུག ཕྱི་ཚེས་༧་ཉིན་མི་མང་ལ་ཚེ་དབང་གནང་རྒྱུ་ཡིན་འདུག འོན་ཀྱང་། རྒྱ་གཞུང་གིས་ཆོས་ཞུ་བ་རྣམས་ལ་རྟོགས་ཞིབ་དོ་དམ་ཧ་ཅང་ནན་མོ་བྱེད་ཀྱིན་ཡོད་འདུག
ཨོ་སི་ཊིར་ལེ་ཡ་ནས་བཀྲ་ཤིས་རྒྱ་མཚོས།
གང་ལྟར་པན་ཆེན་རྒྱལ་མཚན་ནོར་བུར་བོད་མི་རིགས་ཀྱི་ལ་རྒྱ་ཅུང་ཟད་ཡོད་པ་བཟོ་མ་ཐུབ་ན་རྣམ་ཐར་རིང་ཡང་ཟོལ་བསྟོད་དང་ཤོག་ངོས་གྲོན་པའི་རྒྱུ་རེད
༧ ཐོག་མར་ཁོང་ཨ་ཁུ་རིན་པོ་ཆེ་ཚང་གི་རྣམ་ཐར་མདོར་བསྡུས།
འཇམ་དབྱངས་དགྱེས་མཛད་བཞད་པའི་རྡོ་རྗེ་ཡི། །
རིང་ལུགས་གཡས་འཁྱིལ་དུང་གི་སྒྲ་སྙན་པོས། །
ཇི་སྙེད་འཇིག་རྟེན་ཤིས་པར་སྒྲུབ་མཁས་པའི། །
རྣམ་མང་གདུལ་བྱ་རྒྱ་མཚོའི་མགོན་དེས་སྐྱོངས། །
༧ དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིག་གྱི་ཡོངས་ཀྱི་དགེ་ བའི་བཤེས་གཉེན་ཆེན་པོ། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་མཁས་པའི་དཔལ་ལྡན་བླ་མ་དམ་པ་ ༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་ རྫོང་ཁོངས་ཀྱི་ཁོ་ཚེ་ལྷ་སྡེ་ཞེས་གྲགས་པའི་རུ་མང་ཚོ་བར། ས་ལ་དགེ་བཅུའི་དཔལ་ཡོན་རྫོགས་པ་ཁུ་འདུས་གསེར་གཞུང་ཞེས་གྲགས་པའི་སའི་ཆར་ རིགས་རུས་ཆོ་འབྲང་ཕུན་གསུམ་ཚོགས་པའི་ཡབ་ཚེ་རིང་དོན་འགྲུབ་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་
༼ ཕྱི་ལོ་༡༩༣༣ ༽ ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དགུ་ཡོད་པ་ལས་ཁོང་ནི་ཆེ་བ་ཡིན།
དགུང་ལོ་ བརྒྱད་པ་སྟེ་ལྕགས་འབྲུག་ ༼ཕྱི་ལོ་ ༡༩༤༠༽ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཁོང་གི་ཁུ་བོ་ཆེ་བ་བརྟན་མཁས་ཀྱི་ ཡོན་ཏན་གཉིས་དང་ལྡན་ཞིང་སྐྱེས་སྦྱངས་ཡོན་ཏན་གྱི་རྟོགས་པ་ཀློག་དུ་བརྡོལ་བའི་ རྗེ་བཙུན་འཇིགས་མེད་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་ཞིང་མཚན་ལ་འཇམ་དབྱངས་རྒྱ་ མཚོ་ཞེས་གསོལ། ལོ་དེའི་དཔྱིད་ཆོས་ཆེན་མོར་ཚོགས་ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་ཆེན་པོ་ རྗེ་འཇམ་དབྱངས་བརྩོན་འགྲུས་མཆོག་དགེ་རྒན་དུ་བསྟེན། སྔ་གཞིག་ཏུ་ཁོང་གི་ཁུ་བོ་རྗེ་བཙུན་འཇིགས་མེད་རྒྱ་མཚོ་དང་། རྗེ་སྐལ་བཟང་རྒྱ་མཚོ་རྣམ་གཉིས་གཙོས་རྗེ་བཙུན་བསྟན་འཛིན་རྒྱ་མཚོ་དང་། རྗེ་སྦྱིན་པ་རྒྱ་མཚོ་ལ་སོགས་པའི་བཤེས་གཉེན་དམ་པ་མང་བོ་བསྟེན་ནས་མདོ་ཕྱོགས་ བཀའ་པོཏ་ཆེན་པོ་ལྔ་དང་། སྔགས་ཕྱོགས་རྒྱུད་སྡེ་བཞི་དང་བཅས་པའི་རྒྱ་བོད་ཀྱི་གཞུང་ཆེན་མང་བོར་དཔེ་ གཟིགས་དོགས་གཅོད་རྒྱ་ཆེར་མཛད་ཅིང་དགོངས་དོན་བྱང་ཆུབ་པར་གནང་བས་གཞན་དྲིང་མི་ འཇོག་པའི་མཁས་པ་ཆེན་པོའི་གོ་འཕང་བརྙེད། ཐུན་མོང་བའི་རིག་གནས་སུམ་རྟགས་དག་གསུམ་དང་། སྒྲ། སྙན་ངག། སྡེབ་སྦྱོར། སྨན། སྐར་རྩིས་དང་ནག་རྩིས། ས་དཔྱད་སོགས་ཀྱང་དཔྱིས་ཕྱིན་པར་སྦྱངས། དེ་ལྟར་མདོ་སྔགས་རིག་གནས་མཐའ་དག་ལ་སློབ་གཉེར་གནང་སྐབས་སྔ་གཞུག་ཏུ་སྐྱབས་ འགྲོ་ཆོས་སྤྱོད་ལ་སོགས་པའི་སྐོར་གང་མང་དང་། བསྟོད་ཆེན་བཞི། བསྡུས་གྲྭའི་རྩ་ཚིག། བསྡུས་གྲྭའི་མཐའ་དཔྱོད། གྲུབ་མཐའ་རྩ་བ། གྲུབ་མཐའ་རིན་ཆེན་ཕྲེང་བ། ས་ལམ་རྣམ་བཞག་ཐེག་གསུམ་མཛེས་རྒྱན། དོན་བདུན་ཅུའི་མཐའ་དཔྱོད་མི་ཕམ་བླ་མའི་ཞལ་ལུང་། རྣམ་འགྲེལ་རྩ་བ། འགྲེལ་བ་དོན་གསལ། རྒྱན་འཇུག་གཉིས། རྒྱུད་བླ་མ། སྤྱོད་འཇུག་ཆེན་མོ། ཀུན་གཞིའི་རྩ་བ། ཕར་ཕྱིན་མཐའ་དཔྱོད་ཀྱི་སྟོད་ཆ་ཡོངས་རྗོགས། སྐབས་བཞི་བའི་མཐའ་དཔྱོད་སྡོམ་དང་བཅས་པ། དྲང་ངེས་ལེགས་བཤད་སྙིང་བོ། གསེར་ཕྲེང་སྐབས་གསུམ་པ། རྟེན་འབྲེལ་ལུང་རིགས་བང་མཛོད། བསམ་གཟུགས་ལེགས་བཤད་བུམ་བཟང་། དབུ་མ་ལུང་རིགས་སྒྲོན་མེའི་སེམས་བསྐྱེད་ལྔ་བ་ཡན། འཇུག་ཊཱིཀ་གསལ་བའི་མེ་ལོང་། མཛོད་རྩ་སྡོམ་གཉིས། འདུལ་སྡོམ། དབྱངས་ཅན་སྒྲ་མདོ། སྨན་གྱི་རྒྱུད་ཆུང་གསུམ་ལས་ཉེར་མཁོའི་སྐོར་ཤོག་ལྡེབས་བཞི་བཅུ་ལྷག་སོགས་ གཞུང་ལུགས་མང་བོ་ཐུགས་འཛིན་བྱང་ཆུབ་པ་གནངས།
དགུང་ལོ་ཉེར་ གསུམ་པ་སྟེ་ཤིང་ལུག་ ༼ ཕྱི་ལོ་ ༡༩༥༥ ༽ ལོར་མཁས་མང་འདུས་པ་འབུམ་སྡེའི་དབུས་སུ་ཕར་ཕྱིན་སྟོན་མོའི་དམ་བཅའ་ཕུལ་བས་ མཁས་གྲགས་ཀྱིས་ས་སྟེང་ཁྱབ།
དགུང་ལོ་ཉེར་དྲུག་པ་སྟེ་ས་ཁྱི་ ༼ ཕྱི་ལོ་ ༡༩༥༨ ༽ ལོར་དུས་ཟིང་གི་དབང་གིས་དགོན་པར་བཞུགས་མ་ཐུབ་པར་ཕྱི་ལོགས་སུ་བཞུགས་དགོས་བྱུང་།
དགུང་ལོ་སུམ་ ཅུ་བ་སྟེ་ཆུ་སྟག་ ༼ ཕྱི་ལོ་ ༡༩༦༢༽ ལོར་ཕྱིར་དགོན་པར་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ བསྟན་འཛིན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
དགུང་ལོ་སོ་ གཅིག་པ་སྟེ་ཆུ་ཡོས་ ༼ ༡༩༦༣ ༽ ལོར་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། དེ་ནས་རིམ་གྱིས་ལོ་བཅུའི་གོད་ཆག་གི་འགོ་བརྩམས་པས་དགོན་པའི་ནང་རྒྱུན་བཞུགས་ གནང་མ་ཐུབ་པར་ལྟ་སྡེ་ཕྱོགས་ཡས་མས་སུ་བཞུགས་དགོས་བྱུང་ནའང་ཉེས་ལྟུང་ཕྲ་མོས་ ཀྱང་མ་གོས་པར་དམ་སྡོམ་སྤྱན་འབྲས་ལྟར་བསྲུང་ངོས་ནས་ཐོས་བསམ་གྱི་རྒྱུན་སྐྱོང་ མུས་སུ་བཞུགས།
དགུང་ལོ་ཞེ་ གཉིས་པ་སྟེ་ཤིང་སྟག་ ༼ཕྱི་ལོ་ ༡༩༦༤༽ ལོར་ཕྱག་ཡུལ་ཁོ་ཚེ་རུ་ཕེབས་ནས་ལྷ་རྗེའི་བརྟུག་ཞུགས་བཞེས་ཏེ་ཕྱོགས་ཀྱི་ནད་པ་ མང་པོ་ན་བའི་སྡུག་བསྔལ་ལས་བསྒྲལ།
དགུང་ལོ་ཞེ་ དྲུག་པ་སྟེ་ས་རྟ་ ༼ཕྱི་ལོ་༡༩༦༨༽ ལོར་སྲིད་ཇུས་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཕྱིར་བླ་བྲང་དུ་ཕེབས་ནས་ལྷ་སྡེ་ གོང་འགབ་སོགས་སུ་སྔར་འཕྲོའི་དཔེ་ཁྲིད་ཀྱི་རྒྱུན་བསྐྱངས། སྔ་གཞུག་ཏུ་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་། པཎ་ཆེན་ཡོངས་འཛིན་རྗེ་བསང་ཁོག་འཇིགས་མེད་ཚང་དང་། རྗེ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ། འཇམ་དབྱངས་བླ་མ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག། རྗེ་ལཱ་མོ་ཡོངས་འཛིན་རིན་པོ་ཆེ། རྗེ་དམེ་ཤུལ་འཇིགས་མེད་རྒྱ་མཚོ། རྗེ་བཙུན་བསམ་གཏན་རྒྱ་མཚོ། རྡོ་རྗེ་འཆང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་སོགས་རྡོ་རྗེ་འཆང་དངོས་དུ་མའི་ཞབས་ དྲུང་དུ། དུས་འཁོར་དབང་ཆེན། མི་ཏྲ་བརྒྱ་རྩ་དང་རྡོ་རྗེ་འཕྲེང་བ། བདེ་མཆོག་རབ་འབྱམས། རྔོག་དཀྱིལ་བདུན། བདེ་གསང་འཇིགས་གསུམ། སྒྲུབ་ཐབས་རིན་འབྱུང་། སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། ཞལ་རྣམ་འགྱུར་བཅུ་བདུན། གསེར་ཆོས་བཅུ་གསུམ། འཇམ་དབྱངས་ཆོས་སྐོར། མགོན་བཀའ་བཅུ་གསུམ། སྟག་ཕུའི་དག་སྣང་། རྣམ་སྲས་བཀའ་བཅོ་ལྔ། གྲུབ་ཆེན་བརྒྱད་ཅུའི་རྗེ་གནང་སོགས་སྤྱི་ཟུར་གྱི་དབང་དང་རྗེས་གནང་སྟོང་ཕྲག་ ལྷག་གསན་པ་དང་། གཞན་ཡང་བསྟན་འགྱུར་ལས་ལུང་གང་ཡོད་དང་། རྗེ་ཡབ་སྲས་གསུམ་དང་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་བཀའ་འབུམ་གྱི་བཀླགས་ལུང་དང་ ཁྲིད་བཤད་ལུང་སོགས་ཆོས་རྒྱུན་དཀོན་པ་མཐའ་དག་ཆེད་གཉེར་གྱིས་གསན་བཞེས་མཛད་པ་ སོགས་དམ་པ་གང་གིས་སྐུ་ཚེ་གང་བོར་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས་གཞུང་ ལུགས་རབ་འབྱམས་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་ཅིང་། དབང་ལུང་མན་ངག་སོགས་ཟབ་རྒྱས་གདམས་པ་བྱེ་བའི་གཏེར་མཛོད་དུ་གྱུར།
དགུང་ལོ་ལྔ་ བཅུ་བ་སྟེ་ཆུ་ཁྱི་ ༼ཕྱི་ལོ་ ༡༩༨༢༽ ལོར་བླ་བྲང་དགོན་པའི་དོ་དམ་ཁང་དུ་ཕེབས་ནས་བླ་མ་དང་གྲྭ་ཚང་ལ་ཞབས་ཞུ་གང་ལེགས་ བསྒྲུབས་ལ། ཁྱད་པར་དུ་འདི་ནས་བཟུང་གཞུང་བཀའ་པོཏ་ལྔའི་དཔེ་ཁྲིད་ཆུ་བོའི་རྒྱུན་བཞིན་གནང་ སྟེ་གོད་ཆག་གི་སྐབས་སུ་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་ཉམས་རྒུད་དུ་གྱུར་པ་མཐའ་ དག་སླར་གསོ་མཛད་པ་སོགས་ཆེས་གཞལ་དུ་མེད་པའི་བཀའ་དྲིན་བསྐྱངས།
དགུང་ལོ་ང་ གསུམ་པ་སྟེ་མེ་སྟག་ ༼ཕྱི་ལོ ༡༩༨༦༽ ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གསར་ཚུགས་སྐབས་ནས་བཟུང་ད་ལྟའི་བར་ དགེ་རྒན་གྱི་འགན་བཞེས་ཏེ་མཛོད་དང་དབུ་ཕར། ལམ་རིམ་སོགས་ཀྱི་དཔེ་ཁྲིད་ཟབ་རྒྱས་གནང་།
དགུང་ལོ་རེ་གཅིག་པ་སྟེ་ཆུ་བྱ་ ༼ཕྱི་ལོ ༡༩༩༣༽ ལོར་སློབ་གླིང་གིས་ཁོང་ལ་སློབ་དཔོན་ཆེན་མོའི་མཚན་གནས་ཕུལ།
དགུང་ལོ་ང་ བདུན་པ་སྟེ་ས་སྦྲུལ་ལོ་ནས་ཁོང་ལོ་ངོ་གསུམ་གྱི་རིང་ལ་གསོ་རིག་གཞན་ཕན་གླིང་ གི་ཁྲི་ཁུར་བསྐྱངས་ཤིང་དཔལ་ལྡན་རྒྱུད་བཞི་དང་ལམ་རིམ་སོགས་ཀྱི་ཁྲིད་གནང་བར་ མ་ཟད་བསྙེན་བཀུར་གཟབ་རྒྱས་ཕུལ། དགུང་ལོ་རེ་གསུམ་པ་སྟེ་ཤིང་ཕག་ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཆོས་ཁྲིར་ བཞུགས་ཤིང་འགྲེལ་བ་བཞི་སྦྲགས་སོགས་ཀྱི་ཟབ་ཁྲིད་རྒྱས་པར་བརྩལ། གྲྭ་ཚང་རིན་པོ་ཆེ་ལ་མཆོད་འབུལ་བསྙེན་བཀུར་ཡང་རྒྱ་ཆེར་ཕུལ།
དགུང་ལོ་ དྲུག་ཅུ་བ་དང་རེ་གཉིས་པ་ལ་སྔ་གཞུག་ཏུ་ཐུའུ་བཀྭན་མཆོག་སྤྲུལ་སྐུ་ཕྲེང་བརྒྱད་ པ་འཇམ་དབྱངས་བློ་བཟང་བསྟན་པའི་ཉི་མ་དང་། ཟམ་ཚ་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་བློ་བཟང་དཀོན་མཆོག་ནམ་མཁའ་རྒྱལ་མཚན་རྣམ་ གཉིས་ཀྱི་ཡོངས་འཛིན་དུ་བཞུགས།
དགུང་ལོ་རེ་ དྲུག་པ་སྟེ་ས་སྟག་ ༼ཕྱི་ལོ ༡༩༩༨༽ ལོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་ ༧ རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་བོ་མཆོག་གི་ཡོངས་འཛིན་དུ་ ཕེབས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་དབང་ལུང་མན་ངག་རྗེས་ཁྲིད་དང་ བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཕུལ།
དགུང་ལོ་དོན་ གཉིས་པ་སྟེ་ཤིང་སྤྲེལ་ ༼ཕྱི་ལོ་༢༠༠༤༽ ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གདན་ཞུས་ལྟར་སྐབས་ དང་བོའི་མཐོ་རིམ་རབ་འབྱམས་པའི་དགེ་རྒན་དུ་ཕེབས།
དགུང་ལོ་དོན་ དྲུག་པ་སྟེ་ས་བྱི་ ༼ཕྱི་ལོ་༢༠༠༨༽ ལོར་ ཁྲི་ཆེན་འཇམ་པའི་དབྱངས་སྐུ་ཕྲེང་བདུན་པ་ ༧ བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་ལ་ཚིགས་སྔ་མ་དགེ་ཚུལ་ གྱི་སྡོམ་པ་ལེགས་པར་ཕུལ།
སྔ་གཞུག་ཏུ་ རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་བ་དང་བཅུ་བའི་ཨུ་ཡོན་དང་། སྲིད་གྲོས་ཀན་སུའུ་ཞིང་ཆེན་སྐབས་བདུན་པ་དང་བརྒྱད་པའི་ཨུ་ཡོན། སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློབ་དཔོན་ཆེན་མོ་བཅས་ཀྱི་འགན་བཞེས།
གསུང་འབུམ་ སྐོར་ལ་ཐོར་བུའི་ཚོགས་མང་ཡང་གཙོ་བོར་གྱུར་པ་ནི། ཕར་ཕྱིན་སྐབས་ཀྱི་དོགས་སློང་དང་བརྗོད་བྱ་རགས་ཙམ་བཀོད་པ་བླ་མའི་གསུང་རྒྱུན་ བདུད་རྩིའི་ཐིགས་པ་ཞེས་བྱ་བ། དང་། དབུ་མའི་ལེགས་བཤད་ཀུན་ལས་བཏུས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་སྐལ་བཟང་ལེགས་ལམ་བགྲོད་ པའི་ཐེམ་སྐས་དཔྱད་ལྡན་སྤྱི་ནོར་ཞེས་བྱ་བ། ལ་སོགས་པའི་གསུང་རྩོམ་མང་།
མདོར་ན་དམ་པ་ གང་གིས་བསྟན་འགྲོའི་དོན་མཛད་རྗེས་རླབས་ཆེན་བསྐྲུན་པའི་ཚུལ་ནི། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་། མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་ལ་སོགས་པའི་དགོན་སྡེ་ ཡུལ་གྲུ་མང་པོར་མི་ཏྲ་རྡོར་འཕྲེང་དང་། སྒྲུབ་ཐབས་རིན་འབྱུང་སོགས་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་། ཁྲིད་དང་བཤད་ལུང་། གཞུང་ཆེན་བཀའ་པོཏ་ལྔ་སྔགས་དང་བཅས་པའི་དཔེ་ཁྲིད་སོགས་དམ་པའི་ཆོས་ཀྱི་བདུན་ རྩིས་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་ཚིམས་པར་མཛད་ཅིང་། ཁྱད་པར་དུ་ཁོང་གིས་མཐུན་རྐྱེན་སྦྱར་ཏེ་ཁོ་ཚེ་དགོན་པའི་རིག་གནས་སློབ་གཉེར་ ཁང་བཙུགས་པ་དང་། ཇུན་དཀར་ཚང་གི་ཇོའི་ཁང་ནང་དུ་སངས་རྒྱས་སྟོང་སྐུ་བཞེངས་པའི་མཐུན་རྐྱེན་སྦྱར་ བ་སོགས་སྤང་བ་བསམ་གཏན་དང་། ཀློག་པ་ཐོས་བསམ། བྱ་བ་ལས་ཀྱི་འཁོར་ལོ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་མཛད་རྗེས་རླབས་ཆེན་ བཞག་དང་འཇོག་མུས་སུ་བཞུགས་པ་ལགས་སོ། །
བསོད་འོད་སོགས་དྲ་གྲོགས་འགས་བཤད་པ་ལྟར་དགེ་བཤེས་འདི་བ་རྒྱལ་མཚན་ནོར་བུའི་དགེ་རྒན་ཡིན་པ་བདེན་ན་ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་འདྲ་རྒྱ་ཆེན་པོ་སྤེལ་བ་ཙམ་དུ་མ་ཟད་བོད་ཡུལ་ཡོངས་སུ་དམ་དྲག་ཧ་ཅང་ཆེ་བའི་སྐབས་འདི་འདྲའི་འདུ་འཛོམས་ལ་བཀག་རྒྱ་མེད་པ་འདི་དོགས་པ་ཟ་དགོས་པ་ཞིག་གཏན་གཏན་རེད། སྤྱིར་ན་དགེ་བཤེས་ཁོང་ཐད་ཀར་རྒྱ་མིའི་ལག་ཆ་གནང་འདོད་མེད་མཁན་ཞིག་ཡིན་པའི་རེ་བ་ཡོད་ལ་རྒྱ་འདྲེས་གཡོ་རྒྱུའི་འོག་ཏུ་མི་ཚུད་པ་གནང་རྒྱུ་ཧ་ཅང་གལ་ཆེ།
བོད་ནང་གནས་ཚུལ་གང་བྱུང་བ་རྒྱ་མའི་ལྐོག་གཡོ་དང་། ཆབ་སྲིད་དགོས་མཁོ་སོགས་སྨོས་ན་བསྡད་ན་འགྲིག་ཀྱི་ཨ་ཡེ་ནམ། པན་ཆེན་ཁོང་ཡང་བོད་མི་ཞིག་ཡིན་ལ་ཐུན་མིན་གྱི་ཅུང་ཁྱད་ཆོས་ཡོད་པ་ཞིག་ཡིན་ངེས། ང་ཚོས་ཁ་ཕྱིར་བལྟ་རྐྱང་བྱས་པ་ལས་བཙན་བྱོལ་བའི་ནང་རྒྱ་མའི་དགོས་མཁོའི་ཆབ་སྲིད་གླེང་མཁན་ག་ཚོད་འདུག་གམ། ཡང་སྲིད་གཉིས་གསུམ་ཡོང་མཁན་དང་། བླ་བྲང་ཁྱིམ་རྒྱུད་འཛིན་མཁན་ག་ཚོད་ཡོད་དམ། དེ་ཚོ་ཡང་རང་དབང་ལུང་པར་བསྡོད་མཁན་བོད་མི་ཡིན་པས་འདྲི་བ་དང་དོགས་ཟོན་མེད་མཁན་ཡ་མཚན་མ་རེད་དམ།
དགེ་རྒན་བཀའ་དྲིན་ཅན་ཚང་གིས་མདོ་སྨད་མི་དམངས་ཡོངས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་སྐུར་ཟབ་མོའི་གསུང་གི་བདུད་རྩི་སྩོལ་བཞིན་པར་སྙིང་ནས་བཀའ་དྲིན་ཆེ་དང་། ཁྱོད་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་གོང་ནས་གོང་དུ་འཕེལ་བར་སྨོན་ཏོ།།
བསམ་ཚུལ་ཞིག་ཞུས་ན། ༼་བླ་བྲང་བཀྲ་ཤིས་འཁྱིལ་ཁོ་ཚེ་བཀྲ་ཤིས་ཐང༽ཟེར་བ་ཕ་ཡུལ་ནས་གོ་མ་མྱོང་། སྤྱིར་༼བླ་བྲང་བཀ།་ཤིས་འཁྱིལ་༽ཟེར་དུས་བཀྲ་ཤིས་དགོན་པ་ཁོ་ན་ཙམ་དེའི་ཐ་ག་ཐག་ཉེའི་རུ་སྡེ་དག་ཀྱང་ནང་དུ་མི་འཛུད་པ་དོན་དངོས་ཡིན་ལ། དགོན་པའི་གོང་དུ་དཔོན་ཚང་སྲང་མགོ་ཐང་ནག་གོང་འོག སྨད་དུ་ཐ་བ་གོང་འོག་དང་རིག་སྒྲ་སོགས་ཀྱང་རང་རང་གི་སྡེ་མིང་འབོད་པ་ལས། བླ་བྲས་བཀྲ་ཤིས་འཁྱིལ་གྱི་གྲས་མིན་ལ། དེ་ལྟར་ཟེར་མཁན་ཡང་ཡོད་པ་མ་རེད།
དེ་བས་ཀྱང་ས་ཁ་ཐག་རིང་ས་ཁོ་ཚེ་ཟེར་བ་ནི་གསང་ཁོག་ནས་ད་དུང་ཕར་མདའ་ཚན་ཕྱོགས་ཀྱི་ཐག་རིང་གི་ས་ན་འདུག་པས་ན། བླ་བྲང་བཀྲ་ཤིས་འཁྱིལ་ཁོ་ཚེ་ཟེར་ན་ཅུང་མི་བདེ་བ་འདྲ་ཞིག་འདུག འདི་བསམ་ཚུལ་ལམ་གསལ་བཤད་ཙམ་ཡིན།
་ཡང་ཨ་མདོ་བླ་བྲང་ས་གནས་ཀྱི་མགྲིན་ཚབ་པ་ཞིག་གིས། དུས་འཁོར་དབང་ཆེན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེའི་རིང་ལ་ཀན་སུ་ཞིང་ཆེན་གཙོ་བོར་འགྱུར་བའི་ཉེ་འཁོར་གྱི་མཚོ་སྔོན་དང་ཟི་ཁྲོན་ཞིང་ཆེན་ཁུལ་ནས་ཆོས་ཞུ་བ་འབུམ་གཅིག་ལྷག་ཡོང་རྒྱུའི་ཚོད་དཔགས་བྱེད་ཀྱི་ཡོད་ཅིང༌། དགུང་གྲངས་༨༣ ལ་ཕེབས་པའི་སྐུ་ཞབས་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས། རེས་གཟའ་སྤེན་པའི་ཉིན་དང་པོའི་དུས་འཁོར་དབང་ཆེན་ཉིན་དགུང་གི་ཚོུད་༡ པོ་ནས་༤ བར་གནང་ཡོད་པ་དང༌། འཇམ་དབྱངས་རྒྱ་མཚོ་ལགས་ནི། ཨ་མདོ་བླ་བྲང་ནས་ཡིན་ཞིང༌། དགུང་ལོ་བརྒྱད་ལ་བླ་བྲང་དགོན་པའི་སྒྲིག་ལ་ཞུགས་པ་དང༌། དགེ་བཤེས་ཀྱི་མཚན་གནས་ཐོབ་ཡོད་པ། ༡༩༩༨ ལོར་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུའི་དགེ་རྒན་དུ་བསྐོ་བཞག་བྱས་པ་དང༌། ༢༠༠༢ ལོར་བཀྲ་ཤིས་ལྷུན་པོར་རྒྱལ་མཚན་ནོར་བུར་དུས་འཁོར་གྱི་དབང་ལུང་སྤྲད་པ་སོགས་ཀྱི་སྐོར་དང༌། ད་དུང་ད་རེས་ཉིན་བཞིའི་རིང་གི་དུས་འཁོར་དབང་ཆེན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་གཟའ་འཁོར་གཅིག་རིང་དྲ་
རྒྱའི་ཐོག་བལྟ་རྒྱུ་ཡོད་པའི་སྐོར་བཀོད་ཡོད་པ་རེད། བླ་བྲང་ས་གནས་ཀྱི་དཔོན་རིགས་ནས། ཕྱོགས་མཐའ་ནས་ཡོང་བའི་ཆོས་ཞུ་མཁན་ཚོར། རྩ་ཐང་ཐོག་ལ་འཕྲལ་དུ་སྡོད་གུར་གྲ་སྒྲིག་བྱས་པ་དང༌། སྨན་བཅོས་ལྟ་སྐྱོང་ཁང་བཙུགས་པ། འཐུང་ཆུ་གཙང་མ་འོར་འདྲེན་བྱེད་མཁན་མོ་ཊ་ཆེ་བ་བདུན་ཆེད་བཙུགས་བྱས་པ། རྩ་ཐང་ཐོག་ལ་འཕྲལ་སེལ་གསང་སྤྱོད་སྟབས་བདེ་རིགས་༣༠ ཙམ་བཙུགས་པ། འགྲིམས་འགྲུལ་ཉེན་རྟོགས་པ་བརྒྱ་ལྷག་འགྲེམས་འཇོགས་བྱས་པའི་སྐོར་བཀོད་ཡོད་པ་མ་ཟད། བླ་བྲང་ས་གནས་ཀྱི་འགོ་ཁྲིད་གཞོན་པ་ཚེ་རིང་བརྒྱ་ཡིས། ལོ་ལྟར་བཞིན་འདིའི་ཁུལ་དུ་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེན་པོ་ཡང་སེ་སྤེལ་གྱི་ཡོད་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོ་གཞི་རྒྱ་ཆེ་བའི་སྐབས། མི་ཚོགས་ཁྲི་གཅིག་ལྷག་འདུ་འཛོམས་བྱེད་ཀྱི་ཡོད་པས་ཚང་མ་ལམ་ལྷོང་ལྡན་པ་ཡོང་གི་ཡོད་པའི་སྐོར་བཤད་ཡོད་ཅིང༌། འོན་ཀྱང་གནས་ཚུལ་དབྱེ་ཞིབ་པས། བོད་ནང་ད་ལྟའི་གནས་སྟངས་ཛ་དྲག་དེའི་སྐབས་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་གཞི་རྒྱ་ཆེན་པོ་དེ་ལྟ་བུ་སྤེལ་བ་ནི། མི་དམངས་འདོད་པ་མེད་བཞིན་དུ་བྱེད་སྒོ་དེར་ཞུགས་དགོས་པའི་ཁར་ཕྱི་ཚུལ་དུ་མགོ་སྐོར་གཏོང་བའི་སྲིད་ཇུས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།། ༼ ཨེ་རླུང་ནས་དྲངས ༽
བཀྲ་ཤིས་བདེ་ལེགས་དང་་་བོད་མི་མང་པོ་འདི་འདྲ་ཕྱོགས་གཅིག་ཏུ་འདུས་སྡོད་བྱུང་བ་འདི་ཧ་ཅང་གི་ཡག་པོ་རེད་་་་དེང་སང་བོད་པ་ཚོས་ནང་ཁུལ་ལ་འཆམ་མཐུན་ཡག་པོ་བྱེད་ཀྱིན་ཡོད་པས་གཅིག་གིས་གཅིག་ལ་བསམ་ཚུལ་བརྗེ་རེས་དང་ས་ཕྱོགས་ཕན་ཚུན་གྱི་གནས་ཚུལ་བརྗེ་ལེན་ཐུབ་པའི་དགའ་འོས་པ་ཞིག་རེད་་་
དགེ་བཤེས་ཁོང་ལ་ཟེར་བ་མིན། ཡིན་ནའང་འདི་རྒྱ་པཎ་གྱི་ཡོངས་འཛིན་རེད། རྒྱ་མིས་འདི་ལྟ་བུ་ཞིག་དབང་བསྐུར་བྱེད་དུ་བཅུགས་སྟེ། རྒྱ་ཡི་པཎ་ཆེན་དེ་བོད་ཡུལ་དུ་ངོས་ལེན་བྱེད་པའི་ཐབས་ཤེས་ཤིག་འཐེན་གི་ཨེ་ཡོད་སྙམ་སོང་། འདིའི་དམིགས་ཡུལ་དང་རྒྱབ་ལྗོངས་ལ་ལྟ་དགོས་ངེས་རེད། གལ་ཏེ་དེ་འདྲའི་ལྐོག་གཡོ་མེད་ན་བཟང་གི