གཟའ་ཉི་མའི་ཡུ་རོབ་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་ཁྲོད་སི་པན་གྱིས་ ༤ བླུགས་ཏེ། ད་ལྟའི་བར་གྱི་འཛམ་གླིང་དང་ཡུ་རོབ་རྐང་སྤོལ་རྩེད་འགྲན་ལོ་རྒྱུས་ནང་ཟིན་ཐོ་གསར་པ་ཞིག་ཆགས་ཡོད།
ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་ ༢༠༡༢ ལོའི་ཡུ་རོབ་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་དེ། སི་པན་(Spain) དང་ཨི་ཊ་ལི་(Italy) གཉིས་པར་རྩེ་འགྲན་བྱས་སྐབས། སི་པན་གྱིས་ ༤ བླུགས་པ་དང་། ཨི་ཊ་ལི་ཡས་གཅིག་ཀྱང་བླུགས་མ་ཐུབ་སྟབས། ༢༠༡༢ ལོའི་ཡུ་རོབ་རྐང་རྩེད་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་དེ་སི་པན་ལ་ཐོབ་ཡོད་པ་ཙམ་མ་ཟད། ད་སྔ་འཛམ་གླིང་རྐང་སྤོལ་རྩེད་འགྲན་བུམ་པ་(World Cup) དང་ཡུ་རོབ་རྐང་སྤོལ་རྩེད་འགྲན་བུམ་པའི་(Euro Cup) རྩེ་འགྲན་ལོ་རྒྱུས་ནང་། རྟིང་རྩོད་འགྲན་བསྡུར་ཁྲོད་སྤོ་ལོ་ ༤ དང་ཀླད་ཀོར་བླུགས་པ་ཐེངས་དང་པོ་ཆགས་ཏེ། སི་པན་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ནང་ཟིན་ཐོ་གསར་པ་ཞིག་བཀོད་ཡོད།
སི་པན་གྱིས་ ༢༠༠༨ ལོའི་ཡུ་རོབ་རྐང་རྩེད་སྤོ་ལོའི་རྩེ་འགྲན་དང་། ༢༠༡༠ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེ་འགྲན། ད་ལོའི་ཡུ་རོབ་རྐང་རྩེད་སྤོ་ལོའི་རྩེ་འགྲན་བཅས་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་བླངས་ཡོད་པ་དེ་ནི། ཡུ་རོབ་གླིང་གི་རྒྱལ་ཁབ་ཅིག་གིས་བསྟུད་མར་རྐང་རྩེད་སྤོ་ལོའི་རྩེ་འགྲན་ཆེན་པོ་གསུམ་གྱི་ཁྲོད་རྒྱལ་ཁ་བླངས་པ་ཐེངས་དང་པོ་ཡིན་པ་དང་། རྟིང་རྩོད་འགྲན་བསྡུར་ནང་རྩེ་འགྲན་གྱི་མགོ་འཛུགས་དུས་ཡུན་ཕྱེད་ཀའི་ནང་སྤོ་ལོ་ ༢ བླུགས་མཁན་རྒྱལ་ཁབ་གསུམ་པ་དེ་ཆགས་ཡོད་པ་རེད། ༡༩༧༢ ལོར་ཆཱེ་ཀོ་སི་ལཱོ་ཝ་ཁཱེ་ཡ་(Czechoslovakia) དང་། ༡༩༦༨ལོར་ཨི་ཊ་ལི་གཉིས་ཀྱིས་སྐབས་སོ་སོའི་ཡུ་རོབ་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་གྱི་མགོ་འཛུགས་ཀྱི་དུས་ཡུན་ཕྱེད་ཀའི་ནང་སྤོ་ལོ་ ༢ རེ་བླུགས་ཡོད་འདུག
ད་ལོའི་རྟིང་རྩོད་འགྲན་བསྡུར་གྱི་རྩེ་འགྲན་རུ་ཁག་གཉིས་ཀའི་རུ་དཔོན་སྒོ་འགོག་(Goalkeeper) ཡིན་པ་དེ་ནི། ཡུ་རོབ་རྐང་རྩེད་སྤོ་ལོའི་བྱུང་རིམ་ཁྲོད་ཐེངས་དང་པོ་ཆགས་ཡོད་པ་དང་། ༡༩༣༤ ལོའི་འཛམ་གླིང་རྐང་རྩེད་པོ་ལོའི་རྟིང་རྩོད་འགྲན་བསྡུར་སྐབས། ཨི་ཊ་ལི་དང་ཆཱེ་ཀོ་སི་ལཱོ་ཝ་ཁཱེ་ཡ་གཉིས་ཀྱི་རྩེ་འགྲན་རུ་ཁག་གི་རུ་དཔོན་གཉིས་ཀ་སྒོ་འགོག་པ་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས།