ཁ་བའི་འོག་གི་མེ་ལྕེ་ཞེས་པའི་བོད་ཀྱི་བཙུན་པ་ཞིག་གི་དངོས་བྱུང་མྱོང་བ་བརྗོད་པའི་དཔེ་དེབ་བཀླགས་པ།
ཡུ་ཅེ་ཡིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།
དཔལ་ལྡན་རྒྱ་མཚོ་མི་ལོ་སུམ་ཅུ་ལྷག་ལ་རྒྱ་ནག་དམར་ཕྱོགས་གཞུང་གི་བཙོན་དུ་ཚུད་པ་དང་། ཁོང་བཙོན་ལས་གྲོལ་བའི་རྗེས་སུ་དཔེ་དེབ་གསར་བ་ཞིག་བྲིས་འདུག དཔེ་དེབ་དེས་བོད་ཀྱི་རིག་གནས་གཏོར་བཅོམ་གྱི་ཆེད་དུ་ལག་བསྟར་བྱས་པའི་རྒྱ་ནག་དམར་ཤོག་གཞུང་གི་དྲག་སྤྱོད་སྲིད་ཇུས་དམར་རྗེན་དུ་བསྟན་པ་དང་། དེ་དང་ཆབས་ཅིག་བོད་མི་མང་གི་མཆོག་ཏུ་གྱུར་བའི་བསམ་བློའི་གཟི་བརྗིད་ཀྱང་བསྟན་འདུག ཁོའི་དེབ་དེ་བཀླགས་པའི་རྗེས་སུ། ང་རང་རྒྱ་མི་ཞིག་ཡིན་པའི་ངོས་ནས་བོད་མི་ལ་གནོང་འགྱོད་དང་བཤགས་སེམས་ཟབ་མོ་ཞིག་སྐྱེས་སོང་།
ཁྲག་དང་མིག་ཆུས་བརྫིས་པའི་དཀའ་སྡུག་གི་བྱུང་རིམ།
རྒྱ་མི་ཕལ་བ་དག་ལ་མཚོན་ན་བོད་ནི་རྒྱང་ཐག་རིང་བའི་*ཤམ་བྷ་ལ*་ཙམ་ཞིག་དང་། ཚོར་ཤུགས་དཔག་མེད་སྟེར་ཞིང་གདོང་ལེན་བྱ་དགོས་པ་གང་མང་མཆིས་པའི་ལྗོངས་རྒྱུའི་གནས་མཆོག་ཅིག་ཡིན་པའི་འདུ་ཤེས་ཆགས་ཡོད། ལོ་ངོ་སྟོང་འགའི་ཡུན་དུ་བརྣག་པའི་*གཅིག་གྱུར་ཆེན་པོ*ཡི་ལྟ་བ་དེ་རྒྱ་ནག་པའི་བསམ་བློའི་གཏིང་རིམ་དུ་སིམས་ཡོད་པ་དང་། དེའི་ཁར་རྒྱ་ནག་དམར་ཤོག་སྲིད་དབང་གིས་དུས་རབས་ཕྱེད་ལྷག་གི་རིང་ལ་ཤུགས་བརྒྱབ་སྟེ་དྲིལ་བསྒྲགས་དང་སློབ་གསོ་བྱས་པར་བརྟེན། *བོད་ནི་ནམ་ཡང་རྒྱ་ནག་གི་ས་ཁོངས་སྙོན་མེད་ཅིག་ཡིན*ཞེས་པའི་ལྟ་ཚུལ་ནི་གླེང་སློང་བྱར་མི་རུང་བའི་*གདོད་མའི་བརྗོད་གཞི*ཞིག་ཏུ་གྱུར། ༼འགྱུར་མཆན། གདོད་མའི་བརྗོད་གཞི་ནི། མིས་གཡོལ་ཐབས་མེད་པར་ངེས་པར་ལན་འདེབས་དགོས་པ་ཞིག་ཡིན་ཡང་། ལན་ཡང་དག་པ་ཞིག་ལྡོན་ཐབས་མེད་པའི་བརྗོད་གཞི་ཞིག་ལ་ཟེར༽
སྤྱིར་བཏང་གི་རྒྱ་མི་ཚོས་བོད་དུ་བྱུང་བའི་དངོས་ཡོད་གནས་ཚུལ་མི་ཤེས་པ་དང་དེར་རྒྱུས་ལོན་བྱེད་པའི་ལམ་ཁ་ཡང་ཕལ་ཆེར་མེད། ཁོ་ཚོས་བོད་ལ་ནི་སྙན་ངག་དང་རི་མོའི་ནང་དུ་བྲིས་པའི་མཚར་སྡུག་གི་ཡུལ་ཁམས་འབའ་ཞིག་ཡོད་པར་སེམས། རྒྱབ་ལྗོངས་འདི་འདྲ་ཞིག་གི་འོག་ཏུ་ངས་ལོ་ངོ་སུམ་ཅུ་ལྷག་གི་ཡུན་དུ་བཙོན་ལ་ཚུད་པའི་བོད་ཀྱི་བཙུན་པ་དཔལ་ལྡན་རྒྱ་མཚོའི་དཔེ་དེབ་ཁ་བའི་འོག་གི་མེ་ལྕེ་ཞེས་པ་བཀླགས་པའི་ཚེ། རང་སེམས་ལ་འདར་གསིག་བྱུང་བ་དེ་ཟུར་བལྟས་ལེབ་མཐོང་ཡིན།
དཔེ་དེབ་འདི་ནི་གང་ཟག་སྒེར་བའི་དཀའ་སྡུག་གི་རང་རྣམ་ཞིག་ཡིན་པའི་མི་ཚད། དུས་རབས་ཕྱེད་ལྷག་རིང་གི་བོད་ཀྱི་ལས་དབང་ཆུང་གཟུགས་སུ་བྲིས་པ་ཞིག་ཀྱང་ཡིན། ༡༩༥༩ ལོར་རྒྱ་ནག་དམར་ཤོག་དམག་དཔུང་གིས་བོད་ལ་དྲག་ལས་བྱས་པས། ཏྭ་ལའི་བླ་མ་མཆོག་འུ་ཐུག་ནས་ཕྱི་རུ་སྐྱབས་བཅོལ་ལ་ཕེབས། བོད་ཀྱི་བཙུན་པ་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས། དཔལ་ལྡན་རྒྱ་མཚོ་སྒེར་ལངས་ལས་འགུལ་ལ་མ་ཞུགས་ཀྱང་རང་གི་དགེ་རྒན་གཡོ་འཚོང་བྱ་རྒྱུ་ཁས་མ་བླངས་པས་བཙོན་དུ་བཟུང་བ་དང་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད། ཁོང་གིས་བཙོན་ཁང་དུ་བཀྲེས་ལྟོགས་མ་བཟོད་པ་དང་འབྲོས་ཐབས་བྱས་པས་ཉེས་ཆད་འཕར་མ་ལོ་བརྒྱད་བསྣན། ལོ་བཅོ་ལྔའི་བཙོན་འཇུག་དུས་ཡུན་རྫོགས་པ་དང་དཔལ་ལྡན་རྒྱ་མཚོ་*བཙོན་ཉར་ལས་བགོས*བྱས་ནས་ལོ་བཅུ་ཕྱིན། ༡༩༨༣ ལོར་ཁོ་རང་ཀློད་གྲོལ་ཐོབ་ནས་ཟླ་བ་གསུམ་ཙམ་ལས་མ་འགོར་བར། བོད་རང་བཙན་དགོས་པའི་ངོ་རྒོལ་ཡི་གེ་སྦྱར་བའི་རྐྱེན་གྱིས་ཁོ་ལ་སླར་ཡང་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད། མཐར་ ༡༩༩༢ ལོར་དཔལ་ལྡན་རྒྱ་མཚོ་བོད་ནས་ཕྱི་རུ་བྲོས་བྱོལ་བྱས་ཏེ་ཐར་བ་དང་། དེ་ནས་ཁོང་གིས་རྒྱུ་འབྲས་བརྩིས་པ་ལས་ཉེས་ཅན་དུ་གྱུར་བའི་བཙོན་པ་ཞིག་གི་མིང་ཐོག་ནས་འཛམ་གླིང་མང་ཚོགས་ལ་བོད་མི་མང་གི་མྱོང་བ་འགྲེལ་བརྗོད་བྱས་པ་དང་། རྒྱ་ནག་དམར་ཤོག་སྲིད་དབང་གིས་བོད་ཀྱི་ཆོས་ལུགས་དང་མི་རིགས་ལ་བཙན་གནོན་བྱས་པའི་ནག་ཉེས་འགྲེལ་བརྗོད་བྱས། རང་རྣམ་འདི་ནི་ང་ཚོའི་མིག་མདུན་དུ་དངོས་སུ་བྱུང་བའི་ཁྲག་དང་མིག་ཆུས་བརྫིས་པའི་*དཀའ་སྡུག་གི་རྒྱུད་རིམ*ཞིག་ཏུ་སྣང་།
རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་རིག་གནས་སྲོལ་རྒྱུན་མི་བཟོད་པ།
ཨེ་ཞི་ཡ་སྐམ་ས་ཆེན་མོ་རུ་བྱུང་བ་ཆེས་སྔ་བའི་མི་རིགས་ཤིག་ཡིན་པའི་ཆ་ནས། བོད་ལ་ལོ་ངོ་སྟོང་ཕྲག་འགའ་ལོན་པའི་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྡན། རྒྱ་ནག་གི་གོང་མ་རིམ་བྱོན་དང་བོད་ཀྱི་བར་ལ་གཡུལ་འགྱེད་སྐྱོ་གར་བྱུང་མྱོང་བ་མ་ཟད། ཞི་མཐུན་མཉམ་གནས་ཀྱི་སྐལ་བཟང་ཡང་བྱུང་མྱོང་། སྤྱིའི་ཆ་ནས་བཤད་ན། རྒྱའི་རིག་གནས་དང་བོད་ཀྱི་རིག་གནས་གཉིས་ཡུན་རིང་པོར་འདྲིས་གཤིབ་བྱུང་བའི་སྐབས་སུ། ཕན་ཚུན་འགྲོགས་འདྲིས་དང་གཅིག་ལ་གཅིག་འདྲེས་བྱུང་ཡོད་ལ། ས་ཁད་ཀྱིས་ཆོད་པའི་རྐྱེན་ལས་ཕན་ཚུན་རིང་དུ་བཀྱེད་དེ་གནས་པའང་བྱུང་། འདས་པའི་དུས་མང་ཆེ་བར་རྒྱ་བོད་མི་རིགས་གཉིས་ནི་གྲོགས་པོ་དང་སྤུན་ཟླའི་ཚུལ་དུ་ཡོད་པ་ལས་འཁོན་ཡ་དང་དགྲ་ཟླར་སོང་མེད། ཉེ་མིན་རིང་མིན་གྱི་འབྲེལ་བ་འདི་མུ་མཐུད་ནས་ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོར་རྒྱ་ནག་དམར་ཤོག་གཞུང་སྲིད་དབང་ཚུགས་རག་བར་དུ་གནས།
དམར་ཤོག་རིང་ལུགས་དབང་ཆ་གཅིག་སྡུད་ཅན་གྱི་ལྟ་གྲུབ་འདུ་ཤེས་ནི་དྲག་སྤྱོད་དང་འཐབ་རྩོད་གཙུག་ཏུ་བཀུར་བའི་མཚན་ཉིད་རིག་པ་ཞིག་ཡིན་པ་དང་། དེའི་བསམ་གཞིག་བྱ་སྟངས་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སུ་ཡོད་པའི་༼གནམ་འོག་གཅིག་གྱུར༽་གྱི་རང་རློམ་ཁེངས་དྲེགས་གཉིས་ཀ་མ་གྲོས་རང་མཐུན་བྱུང་། དེར་བརྟེན། རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ནི་ཁྲག་དྲི་ཤིན་ཏུ་ང་བའི་དུས་སྐབས་ཤིག་ཏུ་སླེབས། མའོ་ཙེ་ཏུང་གིས་གཙོས་པའི་རྒྱ་ནག་དམར་ཤོག་དབང་སྒྱུར་རུ་ཚོགས་ཀྱིས་༼གནམ་འོག༽་དབང་དུ་བསྡུས་པའི་རྗེས་སུ། ༼དར་ཆ་དམར་པོ་འཛམ་གླིང་ཡོངས་ལ་གཟུག་པའི༽་སྨྱོ་ཧམ་ཡང་བཅངས་ཟིན་ཕྱིན། དེས་བོད་མིས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཆོས་ལུགས་སྲོལ་རྒྱུན་མུ་མཐུད་ནས་རྒྱུད་འཛིན་བྱ་རུ་འཇུག་མི་སྲིད་པ་ཆོས་ཉིད་ཡིན། དང་ཐོག་ཞི་འཇམ་གྱི་སྲིད་ཇུས་བཟུང་པ་ནས་མཐར་ངན་པ་ཞེ་གནག་གི་ངོ་གདོང་གསལ་བར་བསྟན་པའི་ཡུན་དེར། བོད་ལ་རྒོལ་ལན་སློག་པའི་སྟོབས་ཤུགས་སྤུ་ཙམ་ཡང་མེད་པར་གཞན་དབང་དུ་གྱུར་ནས་གང་སྤྲད་པ་དེ་དང་དུ་མི་ལེན་རང་ལེན་བྱུང་། རྒྱ་ནག་དམར་ཤོག་གིས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་ཆོས་ལུགས་དད་མོས་གཏོར་བཤིག་ཅི་ཐུབ་བྱས་པ་དང་། བོད་མི་དམངས་ལ་གྲལ་རིམ་འཐབ་རྩོད་ཀྱི་ལྟ་བ་བཙན་ཤེད་ཀྱིས་སྤྲད། དཔལ་ལྡན་རྒྱ་མཚོ་ནི་སྡུག་བསྔལ་མྱངས་པའི་བོད་མི་ཉེས་མེད་གྲངས་མི་ཟིན་པ་དེ་ཚོའི་ནང་གི་གཅིག་ཙམ་ཡིན་པ་དང་། ཁོས་མི་རྣམས་ལ་གོ་རྒྱུ་ཅན་གྱི་བྱུང་རིམ་འདི་འདྲ་ཞིག་བྲིས་འདུག་སྟེ། རྒྱ་ནག་གི་དམག་དཔོན་ཞིག་གིས་དགེ་འདུན་པ་ཚོའི་གྱོན་ཆས་རྣམས་དགོན་པའི་ཁྱམས་རར་སྤུངས་པ་དང་། ཕྱོགས་གཅིག་ན་དགེ་འདུན་པ་ཕྱུག་པོའི་གྱོན་ཆས་འདུག
ཕྱོགས་ཅིག་ཤོས་དེ་རུ་དགེ་འདུན་པ་དབུལ་བོའི་གྱོན་ཆས་འདུག རྒྱ་ནག་དམག་དཔོན་དེས་དགེ་འདུན་པ་ཕྱུག་པོའི་གྱོན་ཆས་ཀྱི་ཁྲོད་ནས་བལ་ལས་གྲུབ་པའི་ཟླ་གམ་མཐུག་པོ་ཞིག་ཚུར་བཏོན་ཏེ་སྐད་ཤུགས་ཆེན་པོས། འདི་གང་ནས་བྱུང་བ་ཡིན་ནམ། ཞེས་དྲིས་པས། དགེ་འདུན་པ་ཚོས། བལ་ལས་བྱུང་། ཞེས་ལན་བཏབ། ཁ་གསལ་བའི་ལན་དེས་ཕ་རོལ་པོ་ཧད་དུ་བཅུག ཁོས་སྐད་སྒྱུར་ལ་ཆད་སྐྱོན་བྱུང་བར་སྙམ་ནས་སྐད་སྒྱུར་བ་པོ་དེ་ལ་མིག་འབུར་ཚུགས་སུ་བལྟས། སྐད་སྒྱུར་བ་པོས། འདི་གང་ནས་བྱུང་ངམ། ཞེས་བསྐྱར་དུ་དྲིས་པ་ན། དགེ་འདུན་པ་ཚོས་དེའི་ལན་དུ། ལུག་ལས་བྱུང་། ཞེས་སྨྲས་པ་དང་དགེ་འདུན་པ་ངུས་བྱུང་། ཞེས་ཟེར། རྒྱ་ནག་དམག་དཔོན་གྱི་བསམ་པར་བོད་མི་ཚོས་གྲལ་རིམ་འཐབ་རྩོད་ཀྱི་རིག་པ་བསླབས་ནས་ལམ་སེང་ཤེས་པར་གྱུར་ཏེ། ༼འདི་ནི་ཕྱུག་པོས་དབུལ་བོར་བཤུ་གཞོག་བྱས་ནས་བྱུང་ངོ་།།༽ཞེས་པའི་ལན་འདི་ལྟ་བུ་ཞིག་གདབ་ཐུབ་པར་འདོད་ཡོད་ཀྱང་། བོད་མི་ཚོས་དྲི་མེད་དྭངས་གསལ་གྱི་མིག་གིས་རང་ཉིད་ཀྱི་འཚོ་བར་ལྟ་བ་དང་མི་གཞན་དགྲ་རུ་འཛིན་འདོད་མེད་པས། ཁོ་ཚོས་བཏབ་པའི་ལན་དེ་རྒྱ་ནག་གི་དམག་དཔོན་གྱི་བསམ་ཐོག་ཏུ་མི་ཁེལ་བ་སྨོས་མ་དགོས།
ཞུམ་པ་མེད་པའི་བོད་མིའི་སེམས་ཁམས།
མི་རིགས་ཤིག་མགོ་སྒུར་དུ་འཇུག་དགོས་ན་ཐོག་མར་དེའི་སེམས་འགུགས་དགོས། རྒྱ་ནག་དམར་ཤོག་སྲིད་དབང་གིས་རྒྱ་རིགས་དང་མི་རིགས་གཞན་གྱི་བསམ་བློ་རིམ་གྱིས་བྲན་དུ་བསྡུས་པ་མ་ཟད། ད་དུང་མི་ཡུལ་གྱི་དག་ཞིང་ལྟ་བུའི་བོད་ལའང་འདྲེ་ལག་བརྐྱངས། གཏུམ་སྤྱོད་ཅན་གྱི་དབང་སྒྱུར་མཁན་དེས་ཆོས་དད་ཀྱང་ནག་ཉེས་སུ་བརྩི་བ་ཡིན། བོད་ཀྱི་གྲ་བཞི་བཙོན་ཁང་དུ་ཆབ་སྲིད་བཙོན་པ་མོ་སུམ་ཅུ་ཡོད་པའི་ནང་ན་བཙུན་མ་ཉེར་བདུན་འདུག དཔལ་ལྡན་རྒྱ་མཚོས་ཤེས་རྟོགས་བྱུང་བ་ལྟར་ན། འདྲི་གཅོད་ཀྱི་སྐབས་སུ། བཙུན་མ་མང་པོར་བཙན་གྱིས་གྱོན་ཆས་ཕུད་དུ་བཅུག་པ་དང་གོས་མེད་གཅེར་བུར་ལངས་བསྡད་པ་ན། བཙོན་སྲུང་བ་རྣམས་ཁོ་མོ་ཚོའི་མདུན་ནས་ཡར་འགྲོ་མར་འགྲོ་དང་། ལག་ཏུ་གློག་དབྱུག་ཐོགས་ནས་མ་རུང་ཐ་ཤལ་དང་སྙད་རྐོ་བའི་བྱ་ངན་སྣ་ཚོགས་བརྩམས། ཞེས་བྲིས་འདུག ཐ་ཆད་ཀྱི་བྱེད་སྟངས་འདི་འདྲས་གནོད་པ་བྱ་ཡུལ་གྱི་མིའི་ཆེ་མཐོང་འཕྲོག་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་གནོད་འཚེ་གཏོང་མཁན་གྱི་གདུག་སྤྱོད་གསལ་བར་བསྟན། དེར་དཔལ་ལྡན་རྒྱ་མཚོས། བཙུན་མ་དེ་ཚོས་མྱངས་པའི་བརྙས་དམོད་དང་འཇིགས་སྐྲག་དང་མནར་གཅོད་རྣམས་ཡིད་ལ་ཤར་ན། ཁོ་མོ་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཚད་མེད་སྐྱེས། ཞེས་གསུངས་འདུག གལ་ཏེ་ནཱ་ཛི་(Nazi)གཞུང་གིས་འཇེའུ་(Jew)མི་ཡི་ལུས་ཕུང་རྩ་མེད་བཟོ་བ་གནད་ཏུ་བཟུང་འདུག་ཟེར་ཚེ། དེས་ན་རྒྱ་ནག་དམར་ཤོག་གཞུང་གིས་བོད་དུ་གང་བྱས་ཐམས་ཅད་ནི་རིག་གནས་དང་ཆོས་ལུགས་རྩ་བརླག་གཏོང་བ་འབའ་ཞིག་གནད་ཏུ་བཟུང་འདུག་ཟེར་ཆོག ཁོ་ཚོས་རྒྱུ་དངོས་པོའི་ཁེ་ཕན་གྱིས་བོད་མི་བསླུས་ཏེ་ཏཱ་ལའེ་བླ་མར་མཚན་དམོད་བྱར་འཇུག་འདོད་ཀྱང་དེ་ལ་འབྲས་བུ་ཏིལ་འབྲུ་ཙམ་ཡང་མ་ལོན། འདི་ནི་རྒྱ་ནག་དམར་ཤོག་གི་དཔོན་ངན་ཚོའི་བློ་ཡུལ་ལས་འདས་པ་ཞིག་ཡིན།
ཆོས་དད་མེད་ལ་ཁེ་ཕན་ཁོ་ན་བསམ་པའི་ངན་པ་འདི་ཚོས་༼དག་ཞིང་གི་འཚོ་བའི་ལམ་སྲོལ་༽ལ་གུས་སེམས་ཅི་ཡང་སྐྱེད་མི་སྲིད། དཔལ་ལྡན་རྒྱ་མཚོའི་ཕྱིར་དྲན་ཟིན་ཐོ་འདི་དང་རྒྱ་རིགས་རྩོམ་པ་པོས་བྲིས་པའི་ངལ་རྩོལ་སྒྱུར་བཀོད་ཀྱི་རྩོམ་རིག་གཞན་དག་བསྡུར་ན། བོད་མིའི་བཙོན་ཁང་དུ་རྒྱ་མིའི་བཙོན་ཁང་ལས་ལྷག་པའི་མཛའ་བརྩེ་དང་བྱམས་སེམས་མངའ་བའི་ཚོར་སྣང་ཞིག་མངོན་གསལ་དུ་སྐྱེས། དཔལ་ལྡན་རྒྱ་མཚོ་བཙོན་ཁང་དུ་ཡོད་སྐབས། ཁོང་གིས་ལུས་ཤུགས་ཀྱི་ངལ་རྩོལ་ཤིན་ཏུ་ལྕི་བ་བྱ་དགོས་རུང་དེ་བྱ་འདོད་པ་ལས། ཆབ་སྲིད་སློབ་སྦྱོང་རྣམ་པ་སྣ་ཚོགས་དང་། འཐབ་རྩོད་ཚོགས་འདུ་དང་། དགག་རྒྱག་ཚོགས་འདུ་སོགས་ལ་ཞུགས་མ་འདོད། ཁོས་རྒྱ་ནག་དམར་ཤོག་གིས་༼བསམ་བློ་གཅིག་གྱུར་བྱ་བའི༽གསང་བ་རྙེད་པ་ནི་འདི་ལྟར། ༼དམར་ཤོག་ཚོགས་པར་མཚོན་ན། ཕྱི་ལུས་པོ་ཁྲིམས་ལ་སྦྱོར་བ་ནི་ཉེས་ཅན་པའི་ནང་གི་བསམ་བློ་དབང་དུ་བསྡུ་རྒྱུའི་དམིགས་འབེན་འགྲུབ་པའི་ཆེད་དུ་ཡིན་པ་དང་། ཚོགས་འདུ་འཚོགས་ཐེངས་རེ་ལ། ཁོ་ཚོས་ཉེས་ཅན་པའི་བསམ་བློ་དང་དད་མོས་སྒྱུར་བཅོས་གཏོང་བ་དགོས་གལ་ཆེ་བའི་སྐོར་བཤད་པ་དང་། བཙོན་པ་ཚོས་བློ་གཅིག་སེམས་གཅིག་གིས་དམར་ཤོག་ཚོགས་པ་ལ་བསྟོད་བསྔགས་བྱ་རྒྱུར་སློབ་སློང་བྱ་དགོས་ཚུལ་བཤད་སོང་།༽ ཞེས་བརྗོད་འདུག འཇིག་རྟེན་ན་ཆེས་ཐ་ཤལ་དུ་གྱུར་བའི་བསམ་བློ་ནི་མི་ལ་སྒྱུར་བཅོས་དང་ཚོད་འཛིན་བྱེད་པ་དེ་ཡིན། དཔལ་ལྡན་རྒྱ་མཚོས་བཀྲེས་ལྟོགས་དང་། བཙུར་འཇུག ལག་སྒྲོག་ལོ་ཕྱེད། རྐང་སྒྲོག་ལོ་གཉིས། གནམ་དཔྱངས་གཅར་རྡུང་། གློག་རྒྱུག་ཁར་འཇུག་ལ་སོགས་མྱངས་པ་དང་། ཁོང་གིས་ཆེས་བཟོད་དཀའ་བ་ནི་༼ མི་གཞན་གཡོ་འཚོང་དང་ཞུ་གཏུགས་བྱེད་པ་དེ་ཡིན། དེའི་དབང་གིས་ལ་ལས་བཙོན་གྲོགས་གཞན་འཐབ་རྩོད་དུ་འཛུད་པའི་ཞུ་གཏུགས་དང་སྒྲོ་བཏགས་ཉེས་འགེལ་བྱེད་པ་བྱུང་། ང་རང་ཆེས་སྐྲག་ས་ནི་དགག་རྒྱག་འཐབ་རྩོད་དང་གཟེངས་བསྟོད་ཁྲིམས་གཅོད་ཀྱི་ཚོགས་འདུ་དེའི་རིགས་ཡིན། རྫུན་བཤད་ན་གཞན་ལ་གནོད་སྐྱེལ་བ་དང་། མ་བཤད་ན་རང་ཉིད་འཕུང་། ཡིན་ནའང་། གཞན་ལ་གནོད་སྐྱེལ་མགོ་བརྩམས་ན། མི་གཅིག་ལ་གནོད་སྐྱེལ་བས་མི་ཚད་པར་མི་བརྒྱ་ལ་གནོད་སྐྱེལ་སྲིད་པ་དང་། རང་གི་བསམ་བློ་ཐ་ཤལ་དུ་འགྱུར་བ་ཡིན། ཉེས་རྡུང་གཟེད་པ་དེ་འཇིགས་སུ་རུང་བ་ཞིག་ཡིན། འོན་ཀྱང་མིའི་ལུས་ཕུང་གིས་གནོད་འཚེ་ཆེན་པོ་བཟོད་ཐུབ་པ་དང་། རྨ་བཟོས་ནའང་༼མ་ཤི་ན༽་ད་རུང་དྲག་བསྐྱེད་འབྱུང་ཐབས་ཡོད། བསམ་བློ་རྒུད་ན་ནམ་ཡང་བརླག་ཚར་བ་ཡིན།༽ ཞེས་བརྗོད་འདུག རྒྱ་མི་ཕལ་མོ་ཆེས་༼བསམ་བློའི་འཚོ་བ༽རྩ་བ་ནས་མེད་པའི་མི་ཚེ་སྐྱེལ་བར་བརྟེན། ཁོ་ཚོས་བོད་མིའི་དཀྱེལ་ཆེ་ཞིང་བསྲན་ཚུགས་པའི་བསམ་བློའི་འཇིག་རྟེན་དེ་རྟོགས་དཀའ་བ་དང་། བོད་མིས་ཆོད་དད་ཀྱི་ཕྱིར་དུ་རང་སྲོག་འབུལ་བའི་སེམས་ཤུགས་དེ་རྟོགས་དཀའ་བ་ཡིན།
རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་ན་སྡུག་བསྔལ་རྒྱུན་མི་ཆད།
དཔལ་ལྡན་རྒྱ་མཚོས་མའོ་ཙེ་ཏུང་གི་དུས་སྐབས་དང་ཏིན་ཞོ་ཕིན་གྱི་དུས་སྐབས་༼མཆན། ཧུའུ་དང་ཀྲའོ་ཡི་དུས་སྐབས་འདིར་འདུ་བ་ཡིན༽དང་ཅང་ཙེ་མིན་གྱི་དུས་སྐབས་བཅས་ལ་སྡུག་བསྔལ་རྒྱུན་ཆགས་སུ་མྱངས་པ་དང་། ལོ་རབས་དགུ་བཅུ་བའི་ལོ་སྟོད་དུ་བོད་ནས་བྲོས་བྱོལ་བྱས་པས་ཁོའི་སྡུག་བསྔལ་གཞི་ནས་མཇུག་བསྒྲིལ། བཙོན་སྲུང་བས་ཁོའི་ཁ་ནང་དུ་གློག་དབྱུག་བརྡབ་ནས་སོ་ཐམས་ཅད་གཏོར་བའི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་ནི་རྣམ་དཔྱོད་ཆེ་བར་གྲགས་པའི་ཧུའུ་ཡོ་པང་གི་དུས་སྐབས་རང་ལ་བྱུང་འདུག ལོ་རབས་བརྒྱད་ཅུ་བར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་གདུག་རྩུབ་ཆེ་བའི་དྲག་གནོན་ཐེངས་འགའ་བྱས་པ་དེས་༼དྲུག་བཞི་༽ཡི་དྲག་གནོན་འབྱུང་བར་སྔོན་བརྡ་བཏང་འདུག་ཟེར་ན་ཆོག གལ་སྲིད་རྒྱ་ནག་གི་མི་མང་དཀྱུས་མ་ཚོས་བོད་དུ་ཅི་ཞིག་བྱུང་བ་ལ་སྔ་ཙམ་ནས་རྒྱུས་ལོན་ཡོད་ན། ཁོ་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་ལག་ན་མཚོན་ཆ་ཅི་ཡང་བཟུང་མེད་པའི་མང་ཚོགས་ལ་མེ་མདའ་གཏན་ནས་མི་རྒྱག་བསམས་ནས། རྒྱ་ནག་དམར་ཤོག་གཞུང་སེམས་བཟང་དུ་མཐོང་བའི་འཁྲུལ་སྣང་དེ་སྐྱེས་མི་སྲིད། འདི་ནི་སེམས་པའི་གཏིང་ནས་ན་ཟུག་སློང་བའི་བསླབ་བྱ་ཞིག་ཡིན། དཔལ་ལྡན་རྒྱ་མཚོའི་མྱོང་བ་དེས་ཅི་ཞིག་ར་སྤྲོད་བྱས་འདུག་ཟེར་ན། ལོ་རབས་བརྒྱད་ཅུའི་སྟོད་དུ་ཧུའུ་ཡོ་པང་གིས་རྒྱ་ནག་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཡི་མིང་ཐོག་ནས་བོད་མི་དམངས་ལ་དགོངས་དག་ཞུས་ཀྱང་། རྒྱ་ནག་དམར་ཤོག་བོད་ལྗོངས་ས་གནས་སྲིད་གཞུང་གིས་བོད་མི་མང་ལ་འཚེ་བ་བྱེད་པ་ལྷོད་ཡངས་སུ་སོང་བའི་རྟགས་མཚན་གང་ཡང་མ་བྱུང་། ཧུའུ་ཡོ་པང་མི་སྒེར་གྱི་ཀུན་སྤྱོད་ལ་ཐེ་ཚོམ་ཟ་མི་དགོས་པ་བདེན་ངེས་ཡིན། རྒྱ་ནག་དམར་ཤོག་གི་༼བཟང་བོ་ཕམ་ཞིང་ངན་པ་རྒྱལ་བའི་༽མི་སྣ་འདམ་གསེས་ཀྱི་སྒྲིག་གཞི་དེའི་ནང་ནས་ཁོ་རང་གསེར་ས་འོག་ཏུ་ཡོད་ཀྱང་འོད་གནམ་ལ་འཕྲོ་བ་ལྟ་བུ་བྱུང་བ་དེ་མ་གཞི་ནས་ངོ་མཚར་བ་ཞིག་ཡིན། དེ་ལྟ་མོད་ཀྱང་། ཧུའུ་ཡོ་པང་མི་གཅིག་གིས་རྒྱ་ནག་དམར་ཕྱོགས་ཀྱི་ལམ་ལུགས་སྤྱི་ལ་གནས་པའི་གཏུམ་དྲག་དང་སྨྱོ་ཧམ་དང་ཀླ་ཀློ་བཅས་ཀྱི་རང་གཤིས་བསྒྱུར་བཅོས་བྱ་ཐབས་མེད། ང་ཚོས་ཧུའུ་ཡོ་པང་སྒེར་ངོས་ན་ཡོད་པའི་གཤིས་བཟང་དེ་རྐྱེན་དུ་བྱས་ནས་ལོ་རབས་བརྒྱད་ཅུ་བ་ལ་བཟང་རབས་ཐལ་དྲགས་པ་བརྗོད་མི་རུང་། ལོ་རབས་བརྒྱད་ཅུ་བའི་ནང་དུ་འཛིན་བཟུང་ཐེངས་གཉིས་པ་ཐེབས་པའི་རྗེས་སུ། དཔལ་ལྡན་རྒྱ་མཚོས་སྡུག་སྦྱོང་མནར་གནོད་བསྟུད་མར་མྱང་བ་དེས་གསལ་བར་བསྟན་པ་ནི། མགོ་ཁྲིད་སེམས་བཟང་ཡིན་ནའང་དབང་ཆ་གཅིག་སྡུད་ལམ་ལུགས་རྒྱ་ཆེ་ཞིང་རྒྱུན་འབྱམས་སུ་འཁོར་སྐྱོད་བྱེད་པ་དེ་བཅོས་བསྒྱུར་བྱ་བའི་ནུས་ཤུགས་ཕལ་ཆེར་མེད།
བྱམས་པ་དང་བཟོད་སེམས་ལྡན་པའི་བོད་ཀྱི་རིག་གནས།
དཔལ་ལྡན་རྒྱ་མཚོས་དཀའ་སྡུག་གི་མྱོང་བ་ཕྱིར་དྲན་བྱེད་པའི་དུས་སུ། འཁོན་འཛིན་དང་གནག་སེམས་ཀྱི་སྣང་བ་སྤུ་ཙམ་ཡང་མེད་པ་དང་། ཁོས་བརྗོད་པའི་གཏམ་ལ་ཞི་དུལ་དང་བཟོད་སེམས་ཀྱིས་ཁེངས་འདུག དཔལ་ལྡན་རྒྱ་མཚོས་སྔོན་ཆད་རང་ཉིད་ལ་སྡུག་སྦྱོང་བཏང་མྱོང་བའི་ཉེན་རྟོག་པ་རྣམས་གླེང་བའི་ཚེ་ན་ཡང་ཁོ་ཚོར་སྙིང་རྗེ་དཔག་མེད་སྐྱེད་པ་དང་། ཅིའི་ཕྱིར་ཞེ་ན། ཁོ་ཚོ་རྨོངས་ནས་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱིན་པ་མི་ཤེས་པས་ཡིན་ཟེར། ཕྱིའི་ཁོར་ཡུག་ནི་ཇི་ཙམ་ཉེན་ཁ་ཆེ་ཞིང་སྐྱི་གཡའ་བ་ཡིན་ནའང་། དཔལ་ལྡན་རྒྱ་མཚོས་རང་གི་ཆོས་དད་དང་སེམས་པའི་རང་དབང་ཤོར་དུ་བཅུག་མི་འདུག ཁོས་སྤོབས་པའི་ངང་ནས་བརྗོད་དོན་དུ། ༼ རྐང་སྒྲོག་ལག་སྒྲོག་གིས་ངའི་བསམ་བློ་བཅིངས་མི་ཐུབ། ཆོས་ལུགས་དད་པའི་སྟོབས་ཀྱིས་ངའི་སེམས་ཞི་ཞིང་དུལ་བར་གནས་སོང་། ཤ་ཁྲག་གི་གཟུགས་ཕུང་ལ་ཐེབས་པའི་མནར་གཅོད་ནི་བཙོན་པའི་ལུས་སྟེང་དུ་ཕབ་པའི་རྟགས་མཚན་ཙམ་ཡིན་པ་དང་། ང་ལ་རང་གི་བསམ་བློ་སྔར་བཞིན་རང་དབང་གིས་འཕུར་སྐྱོད་བྱེད་པའི་ནུས་པ་འདུག་༽ཟེར། དེར་མ་ཟད་དཔེ་དེབ་དེའི་གླེང་བརྗོད་དུ་ཏཱ་ལའེ་བླ་མ་མཆོག་གིས། ༼ བཙོན་ཁང་དུ་ལོ་ངོ་སུམ་ཅུ་སོ་གསུམ་བསྡད་པའི་རིང་ལ། དཔལ་ལྡན་རྒྱ་མཚོས་སྡུག་སྦྱོང་ཁྲིམས་སྦྱོར་དང་བཟོད་དཀའ་བའི་བཀྲེས་ལྟོགས་དང་མཚམས་མི་ཆད་པའི་བསམ་བློ་སྒྱུར་བཀོད་སོགས་མྱངས་མོད་ཀྱང་། ཁོས་ཐོག་མཐའ་བར་གསུམ་དུ་གཉའ་གནོན་མཁན་ལ་མགོ་སྒུར་རྒྱུ་ཁས་མ་བླངས། ཁོ་ལ་འདི་ལྟར་བྱེད་པའི་སྙིང་སྟོབས་ལྡན་པ་དང་ཐ་ན་རང་ལ་གནོད་འཚེ་བྱེད་མཁན་ལའང་བཟོད་པ་སྒོམ་འདུག འདི་ནི་བོད་མི་རྣམས་རང་བཞིན་ལྷན་སྐྱེས་ཀྱིས་བློ་རྒྱ་ཡངས་པའི་དྲིན་ཡིན་པ་མ་ཟད། ངས་བསམ་ན་ནང་ཆོས་ཀྱིས་གཞན་ལ་བྱམས་པ་དང་བརྩེ་བ་དང་བཟོད་པ་བྱ་དགོས་པ་དང་སེམས་ཅན་ཐམས་ཅད་རང་གི་གཉེན་ཉེ་དུར་འདུ་ཤེས་དགོས་པའི་བསླབ་བྱ་གནང་བ་དེ་ལ་འབྲེལ་བ་འདུག འདི་ནི་ང་ཚོའི་སེམས་ལ་ཞི་བདེ་དང་རེ་བས་ཁེངས་པར་བྱེད་པའི་གཞི་རྩ་ཡིན་༽ཞེས་གསུངས་པ་འདི་ལ་ངས་དམིགས་བསལ་གྱིས་མཉམ་བཞག་པ་ཡིན། དོན་གྱི་སྙིང་བོ་འདིའི་སྟེང་ནས་བཤད་ན། དྲག་སྤྱོད་དང་དབང་ཆའི་གཡོ་སྒྱུ་དང་ཁྲག་དྲིས་ཟིན་པའི་རྒྱ་ནག་གི་རིག་གནས་ལས་བྱམས་པ་དང་བཟོད་པ་དང་བརྩེ་བས་ཟིན་པའི་བོད་ཀྱི་རིག་གནས་དེ་ལྡབ་ག་ཚོད་ཅིག་གིས་༼སྔོན་ཐོན་༽ དང་༼ཁྱད་འཕགས་༽ཡིན་པ་ཤེས་ཚོད་མི་འདུག རང་རེ་རྒྱ་མི་ཚོས་བོད་མི་ལ་༼རྗེས་ལུས་༽དང་༼ཀླ་ཀློ་༽ཟེར་ནས་འཕྱ་དམོད་བྱེད་པའི་རྒྱུ་མཚན་དང་འོས་བབ་ཅི་ཞིག་ཡོད་དམ། ༼རྗེས་ལུས་༽ དང་༼ཀླ་ཀློ་༽ངོ་མ་དེ་ང་ཚོ་རང་ཉིད་ཡིན། འོན་ཀྱང་དོན་དངོས་འདི་ངོས་ལེན་ཐུབ་པའི་རྒྱ་མི་མང་པོ་མེད་པ་དེ་ཙམ་དུ་ཟད།
བོད་མི་དམངས་ལ་ངོ་གནོངས་པ།
དཔེ་དེབ་འདི་རྒྱ་ཡིག་ཏུ་སྒྱུར་བ་པོ་ལེའོ་ཐེན་ཆི་ལགས་ཀྱིས་འགྱུར་གྱི་མཇུག་བྱང་དུ་།༼བཙུན་པ་དཔལ་ལྡན་རྒྱ་མཚོའི་རང་རྣམ་བསྒྱུར་ཚར་བའི་རྗེས་སུ་ང་ལ་དྲན་ཚུལ་ཉག་ཅིག་ཡོད་པ་ནི། ལོ་རབས་བདུན་བཅུ་བའི་ནང་དུ་འཇར་མན་རྒྱལ་ཁབ་ཀྱི་སྲིད་བློན་སྦི་རནད་(Willy Brandt)ཀྱིས་ཝར་སའོ་(Warsaw)འཇིའུ་མིའི་དུར་ཐང་ནས་པུས་མོ་ས་ལ་བཙུགས་ཏེ་འགྱོད་བཤགས་བགྱིས་པ་དེ་བཞིན་དུ། ཉིན་ཞིག་རྒྱ་ནག་གི་མགོ་ཁྲིད་ཀྱིས་ཀྱང་ཏཱ་ལའེ་བླ་མ་མཆོག་ཕོ་བྲང་པོ་ཏ་ལ་རུ་གདན་དྲངས་ཏེ། ཁོང་དང་བོད་མི་དམངས་ལ་པུས་མོ་སར་བཙུགས་ནས་འགྱོད་བཤགས་ཞུ་འོས།༽ཞེས་བྲིས་འདུག ངོ་མ་བཤད་ན་ངས་ཀྱང་དཔེ་དེབ་འདི་བཤགས་སེམས་ཟབ་མོའི་ངང་དུ་བཀླགས་པ་ཡིན། ང་རང་ཉིད་ནི་དཔལ་ལྡན་རྒྱ་མཚོ་ལྟ་བུའི་བོད་མི་ལ་གནོད་འཚེ་གཏོང་བའི་ལས་ལ་དངོས་ཤུགས་གང་རུང་ནས་ཞུགས་མེད་ཀྱང་། རྒྱ་རིགས་ཤེས་ཡོན་པ་ཞིག་ཡིན་པའི་ཆ་ནས། ངས་རང་གི་སྤུན་ཟླའི་སྡིག་སྤྱོད་དེ་ལ་ཡུན་རིང་བོར་ཤེས་རྟོགས་མ་བྱུང་བ་དང་ཁུ་སུམ་མེར་བསྡད་པ་ནི་མ་གཞི་ནས་ངོ་ཚ་འོས་པའི་རྣམ་འགྱུར་ཞིག་ཡིན། ངས་རང་གི་མི་རིགས་ཀྱི་ཉེས་སྡིག་ལྕི་མོ་དེའི་བགོ་སྐལ་ངེས་པར་དུ་འཁུར་དགོས་པ་དང་། བོད་ལ་འགྱོད་བཤགས་ངེས་པར་དུ་ཞུ་དགོས། འགྱོད་བཤགས་འདི་ནི་དཔའ་ངར་ལས་བྱུང་བ་མིན་པར་འགན་འཁྲིའི་སེམས་ལས་བྱུང་བ་ཡིན།
རྒྱ་ཡིག་མ་རྕོམ་གྱི་འབྱུང་ཁུངས་ནི་༼ དོང་ཞང་༽དྲ་བ་ཡིན།
འགྱུར་མཆན། རྒྱ་ཡིག་གི་མ་རྩོམ་ན་བོད་ཅེས་པའི་ཐ་སྙད་ལ་རྒྱ་ནག་སྐད་དུ་ཞིས་ཙང་ཞེས་བྲིས་འདུག རྩོམ་ཡིག་གི་ནང་དུ་སྐབས་རེར་བོད་རང་སྐྱོང་ཟེར་བ་དེ་བསྟན་འདུག་པ་དང་། སྐབས་རེར་བོད་སྤྱི་ཡོངས་ལ་ཟེར་བ་འདྲ་ཡང་། དེའི་འགྱུར་དོད་དུ་བོད་ཅེས་བྲིས་ཡོད། མ་རྩོམ་དུ་ཀྲུང་གོ་ཞེས་པའི་འགྱུར་དོད་དུ་རྒྱ་ནག་ཅེས་བྲིས་ཡོད།
ལོ་ཙཱ་ཚེ་རིང་རྡོ་རྗེ་མཆོག་ལ་བཅོས་མིན་ཐུགས་རྗེ་ཆེ་ཞུ།
རིན་ཐང་ལྡན་པའི་རྩོམ་ཡིག་རིགས་རིམ་པར་བོད་སྒྱུར་གནང་སྟེ་རིམ་འགོད་ཀྱིས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བར་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་དང་། གོམ་པ་རིམ་སྤོས་ཀྱིས་རིག་གནས་ནང་འདྲེན་གྱི་ལས་དོན་ལ་འབྲས་བཟང་སྨིན་པའི་རེ་སྨོན་ཞུ།
བཀའ་དྲིན་ཆེ། ཞིབ་ཀྱིས་བཀླག་ངེས་ཡིན། དུས་ཚོད་ཀྱིས་དེད་པས་རྩོམ་ཡིག་འདི་བཤུས་ནས་ཁྱེར་སོང་།