འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༧ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་སེང་གེ་ཤང་བོང་སྟག་དགོན་ཆེན་ཨེ་ཝྃ་ཏ་རེ་གླིང་དགོན་པའི་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གྲོངས་རྗེས། རྒྱ་གཞུང་གིས་བོང་སྟག་དགོན་པའི་དགེ་རྒན་མཁས་གྲུབ་རྒྱ་མཚོ་དང་སངས་རྒྱས། གྲྭ་དཀོན་མཆོག་དར་རྒྱས་དང༌སྐལ་བཟང་བྱང་སེམས། དམ་ཆོས་ཚུལ་ཁྲིམས། འཇམ་དབྱངས་འོད་ཟེར། སྐལ་བཟང་གྲགས་པ། དཀོན་མཆོག་རྒྱ་མཚོ། ཤེས་རབ་བཟང་པོ་བཅས་འཛིན་བཟུང་བྱས་ཡོད་པ་ལྟར། ཉེ་ཆར་གྲྭ་དཀོན་མཆོག་རྒྱ་མཚོ་དང་ཤེས་རབ་བཟང་པོ་གཉིས་ལ་ལོ་ ༡ དང་ཟླ་ ༦ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། གྲྭ་དཀོན་མཆོག་རྒྱ་མཚོ་ན་གོར་མོའི་བཙོན་ཁང་དུ་བཙོན་འཇུག་དང་། ཤེས་རབ་བཟང་པོ་བཙོན་ཁང་གཞན་ཞིག་ཏུ་འཁྲིད་དེ་བཙོན་འཇུག་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༦ པའི་ཚེས་ ༡༩ ཉིན་དགེ་འདུན་པ་དམ་ཆོས་བཟང་པོའི་མེར་བསྲེཊ་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག བོང་སྟག་དགོན་པའི་གྲྭ་མཁས་གྲུབ་རྒྱ་མཚོར་ལོ་ ༩ དང་། གྲྭ་སངས་རྒྱས་རྒྱ་མཚོར་ལོ་ ༡༠ ། གྲྭ་སྐལ་བཟང་བྱང་སེམས་ལགས་ལ་ལོ་ ༡༡ བཅས་ཀྱི་ཁྲིམས་ཐག་བཅད་འདུག
ཉེ་བའི་ཆར་ཁོང་ཚོ་དང་མཉམ་དུ་འཛིན་བཟུང་བྱས་པའི་གྲྭ་དམ་ཆོས་ཚུལ་ཁྲིམས་ལགས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་པ་མ་ཟད། གྲྭ་སྐལ་བཟང་གྲགས་པ་དང་དཀོན་མཆོག་དར་རྒྱས། འཇམ་དབྱངས་འོད་ཟེར་བཅས་གྲྭ་བ་གསུམ་ལ་ཐག་གཅོད་ཅི་ཡང་མ་བྱས་པར་རྒྱ་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག
གསར་འགོད་པ། དོན་གོ